ལོ་རིམ་བཞི་པའི་སློབ་གཉེར་བ། ཉི་མ་ཚེ་རིང་ཤར་པ།
ཁྱད་འཕགས་བརྗོད་པའི་ཕུལ་བྱུང་།
སྤྱན་ཟུང་བྱམས་བརྩེའི་འོད་མདངས་རབ་བཀྲ་ཞིང་།།
ཚུལ་ཁྲིམས་གཙང་མའི་དྲི་བཟང་ཐུལ་ལེར་བྲོ།།
འཛུམ་བག་ལྡན་པའི་ཡང་སྲིད་གཞོན་ནུའི་ཞལ།།
མཚོ་དབུས་པདྨ་དཀར་པོས་མཚོན་མ་ཡིན།།
ཐེ་ཚོམ་ཕུལ་བྱུང་།
སླར་ཡང་འཕགས་པའི་ཡུལ་དུ་མདོ་སྔགས་ཀྱི།།
ལེགས་བཤད་བཟང་པོའི་ཆོས་རྔ་རབ་བསྒྲགས་ཏེ།།
དགེ་འདུན་སྡེ་ཆེན་བསྐྲུན་པས་གཽ་ཏམ་དངོས།།
བྱོན་པ་ཡིན་ནམ་ཅི་ཞེས་སོམ་ཉི་ཟ།།
ངེས་པའི་ཕུལ་བྱུང་།
ཐུགས་རྒྱུད་ཟབ་ཅིང་མཁའ་ལྟར་རྒྱ་ཆེ་ལ།།
ཉིན་མཚན་དབྱེར་མེད་བསྟན་འགྲོའི་དོན་མཛད་པ།།
རྒྱལ་ཀུན་འདུས་པ་བི་མའི་རྣམ་སྤྲུལ་གང་།།
འདིར་བཞུགས་ཤེས་པས་ཐེ་ཚོམ་རང་སར་ཞི།།
གྲགས་པ་ཕུལ་བྱུང་།
བཀའ་དྲིན་གསུམ་ལྡན་མཚུངས་མེད་བླ་མ་ཡི།།
ཐུགས་བརྩེའི་ཁུར་པོ་རི་རྒྱལ་བས་ལྗིད་ཀྱང་།།
དཀའ་ཚེགས་མེད་པར་སྙིང་ན་བཟོད་ནུས་པས།།
ཨེ་མ་སྐལ་བཟང་ལྡན་རྣམས་ངོ་མཚར་ཆེ།།