སློབ་དཔོན་འགྱུར་མེད།
ཕོ་རོག་གི་ཨག་སྐད།
“ཨག” “ཨག” “ཨག”
ཨ་ཁུ་བླ་མ་སྔ་དྲོའི་ཉི་འོད་འོག་ནས་ཞོགས་ཇ་འཐུང་ཆེད་ཕྱི་ལ་ཐོན་དུས། ཁང་ཀླད་ཀྱི་དར་ལྕོག་རྩེ་ནས་ཕོ་རོག་གསུམ་གྱིས་རུབ་སྐད་རྒྱག་པ་མཐོང་། ཕོ་རོག་དེ་ཚོས་ཨ་ཁུ་བླ་མ་མཐོང་བ་དང་གཤོག་སྣེ་གཅིག་གིས་གཅིག་ལ་བརྡར་ནས་བྲེལ་འཚུབ་བེར་ཨག་སྐད་རྒྱང་རིང་ལ་འཐེན་ཏེ་འཕུར། འཕུར་བཞིན་པའི་ཕོ་རོག་གཅིག་གིས་ཨ་ཁུ་བླ་མའི་ངོ་གདོང་ལ་གཟས་ནས་གཤོག་ལྕག་བརྒྱབས་པས། ཅུང་མིན་ན་ལག་པའི་ཇ་ཕོར་དེ་ཡང་ས་ལ་ལྷུང་།
“ཨ་ལྟས་ངན། དེ་རིང་ཅི་ཡིན་ནམ།”
ཨ་ཁུ་བླ་མས་རྒྱང་རིང་གི་ལམ་སྣེ་ལ་ཅེར་གྱིན་ཆིག་ལབ་བརྒྱབས། ཨ་ཁུ་བླ་མ་ཡང་ཡང་རྒྱང་རིང་གི་ཕ་བོང་ནག་པོའི་འགྲམ་གྱི་ལམ་སྣེ་ཀྱག་ཀྱོག་དེར་ཅེར་བ་མཐོང་བས། མནའ་མ་བཟང་མོ་ཅུང་བློ་མི་བདེ་བའི་ངང་ནས། “ཨ་ཁུ། དེ་རིང་ཁྱེད་ཡང་ཡང་ལམ་ལ་ཅེར་བས། མདང་དགོང་མཚན་ལམ་ནང་འགྲུལ་པ་བཟང་པོ་འདྲ་ཐོན་པ་གཟིགས་པ་མིན་ནམ།”
“ཅི་འགྲུལ་པ་བཟང་པོ། མདང་དགོང་རྨི་ལམ་མ་ཟད་དེ་རིང་སྔ་དྲོ་ནས་འཚུབ་ཆ་ཆེན་པོ་འདུག འགྲུལ་པ་སུ་སླེབས་ནའང་ཕྲུ་གུ་ཚོ་ཉེ་སར་གཅོར་དུ་མ་འཇུག”
ཨ་ཁུ་བླ་མ་ལུག་ལྤགས་སྟེང་དུ་འབོལ་ལེར་བསྡད་དེ་དཔེ་རྙིང་ཞིག་ཁ་ཕྱེས།
ཉི་མ་སྤྱི་བོའི་གཙུག་ནས་ཤར་དུས་ད་གཟོད་ཕ་བོང་ནག་པོའི་འགྲམ་གྱི་ལམ་ཀྱག་ཀྱོག་དེ་ནས། རབ་རིབ་ཀྱི་སྨིག་རྒྱུ་འཛིངས་པ་ལྟ་བུའི་སྣང་བརྙན་ཡ་མ་ཟུང་ཞིག་ཨ་ཁུ་བླ་མའི་མིག་ལམ་དུ་ཤར། ཧོབ་དེ་ལྟ་དུས་མི་གཉིས་ཀྱིས་ལམ་ལ་མི་འགྲོ་བའི་དུད་འགྲོ་རྒོད་པོ་ཞིག་བཀྱིགས་ཏེ་ཁྲིད་འོང་བ་འདྲ་ལ། ཞིབ་ཀྱིས་ལྟ་དུས་དེ་ནི་དུད་འགྲོ་མིན་པར་མི་ཞིག་ཡིན་པ་ཤེས་འོང་།
ཁང་པའི་སྒོ་རའི་ནང་འཚུབ་མ་ཞིག་གཡོན་སྐོར་ལ་འཁོར་ཏེ་ཐལ་བ་འཚུབ་བེར་སོང་བ་ན།
“ཨ་ཁུ་བླ་མ། ཐུགས་རྗེ་གཟིགས། ནད་པ་འདི་སྐྱོབ་རོགས།”
ཞེས་པའི་སྒྲ་ཞིག་ཕྱི་རོལ་ནས་གྲགས། ཉམ་ཐག་པའི་མི་དེར་རྒྱབ་ནས་ལག་ལྕགས་བརྒྱབས་འདུག་ལ། སྐེད་པ་དང་བྲང་ལ་ཐག་པ་བསྡམས་ཏེ་གཡོ་འགུལ་ཙམ་ཡང་བྱེད་མི་ནུས་པར་བཟོས་འདུག མ་གཞི་མི་དེ་ནི་སྨྱོན་པ་དང་ཉེས་ཅན་པ་གང་ཡང་མིན་པར་གདོན་གྱིས་བརླམས་པའི་མི་ཞིག་རེད། ཨ་ཁུ་བླ་མ་ཁོའི་ཉེ་སར་གཅོར་དུས་མིག་ལས་གྲུང་ཤ་དོད་པའི་འོད་མདངས་ཤིག་འཕྲོས་འོང་། ཁོས་ཨ་ཁུ་བླ་མ་ལ་འཛུམ་ཆུང་ཞིག་བསྟན་ཏེ་ཅེར་རེར་བལྟས་ཤིང་། དེ་ནས་མོ་སྐད་ཕྲ་སིང་སིང་ཞིག་གིས།
“ཨ་ཁུ་བླ་མ། ཁྱོད་ཉིད་རང་ས་ལ་བཞུགས་ན་མི་འགྲིག་གམ། ངས་ད་བར་ཁྱོད་ཀྱི་ཉེ་ས་ལ་སྐྱོན་ཅང་བྱས་མེད།”
ལབ་དུས་ཨ་ཁུ་བླ་མས་བཀའ་བསྒོ་དང་སྲུང་འཁོར་འདོན་འགོ་བརྩམས། བདུག་རྫས་ཀྱི་དུ་བ་དང་ཨ་ཁུ་བླ་མས་བྲབས་པའི་མཆོད་འབྲུ་ཁོའི་ལུས་ལ་ཕོག་པ་ན། ཤུགས་ཡོད་ཚད་བཏོན་ནས་རྐང་པ་གཉིས་ས་ལ་བརྡར་ཏེ་ཁང་པའི་ནང་ནས་མཐོ་གང་ཙམ་གྱི་ས་ཤུར་བྲུས་ཤིང་། ཁོག་སྟོད་བརྒྱངས་ཆེ་བས་བྲང་ལ་བསྡམས་པའི་ཐག་པ་དེ་ཡང་“ཙར་ཙར་”དུ་གྲགས་ཏེ་ཆད་ལ་ཁད་དུ་བྱེད། ཁ་ནས་ཧུར་སྒྲ་དང་ལྷན་དུ་ཕོ་མོ་འདྲེས་མའི་སྐད་ལོག་སྣ་ཚོགས་རྒྱག་ཅིང་། ཨ་ཁུ་བླ་མས་གཙོས་པའི་ཉེ་སའི་མི་ཚོར་ཟ་ལ་ཁད་དུ་མིག་ལོག་གིས་ཅེར། དེ་ལྟར་སྐར་མ་བཅུ་ཙམ་གྱི་རྗེས་སུ་ཧོབ་དེ་ཁ་ལ་ནད་པའི་ལུས་པོ་དར་ལྕོག་འགྱེལ་བ་བཞིན་ས་ལ་བརྡབས་པ་དང་འཇམ་ཤིག་གེར་སོང་། ཨ་ཁུ་བླ་མས་ཤུགས་རིང་ཞིག་འཐེན་ནས།
“འདྲེ་མོ་དེ་གཞི་ནས་བུད་སོང་།”
ལབ་པ་དང་། མནའ་མར་ནད་པ་ལ་ཐུག་པ་ཞིག་བསྐོལ་ན་ཡག་ཚུལ་བཤད། འགུལ་ཙམ་ཡང་བྱེད་མི་ནུས་པའི་ནད་པའི་ལུས་པོ་རྔུལ་ཆུས་བརླན་ཏེ་དབུགས་ལྷེམ་ལྷེམ་ངང་ལུས་འདུག་ཅིང་། ཨ་ཁུ་བླ་མས་ནད་པའི་ལག་ལྕགས་དང་ལུས་པོའི་ཐག་པ་བཀྲོལ་ན་མི་སྐྱོན་ཚུལ་ལབ་པ་མ་ཟད། སྲུང་མདུད་ཅིག་ནད་པའི་སྐེ་ལ་རང་ཉིད་ཀྱིས་བཏགས། ནད་གཡོག་ལོ་ཅུང་བགྲེས་པ་དེས་ཕྱག་རྒྱ་ཧྲུག་ཧྲུག་ངང་ཨ་ཁུ་བླ་མ་ལ་ནད་པའི་སྟོད་གོས་ཤིག་ཕུལ་བ་དང་།
“ཁྱེད་ཀྱིས་མཚན་ལམ་ཞིག་ཀྱང་ཐུགས་རྗེས་གཟིགས་རོགས། ད་དུང་རྗེས་ནས་རྒྱབ་གདོན་གྲོལ་བའི་རིམ་གྲོ་ཅི་བགྱི་དགོས་ནའང་ཁྱེད་རང་རང་མཁྱེན།” ཅེས་ཞུས།
སྨིན་མ་མེད་པའི་ངོ་གདོང་།
དེ་ནི་ས་སྲོད་ཀྱི་དུས་ཤིག་སྟེ། རྡོ་རྗེ་ཉིན་གང་ལ་རོང་ལམ་དོག་མོ་ནས་ཙིར་སྒྲ་གྲག་པའི་ཁུར་པོ་ཁུར་ཏེ་ཡོང་བས། ད་ནི་ལུས་པོ་ངལ་བས་མ་ཟད། སྲོད་དུས་ཀྱི་མུན་པས་ཀྱང་མདུན་གྱི་ལམ་ཁ་གསལ་ལ་མི་གསལ་བར་བཟོས། ཡིན་ནའང་སྟབས་འགྲིག་སོང་བ་ལ་ཁོ་རང་ནམ་རྒྱུན་ཞག་སྡོད་བྱེད་སའི་གནས་ཚང་ཁང་པ་དེར་ཏག་ཏག་སླེབས་ཐུབ་པ་བྱུང་། ཁོས་སྒོ་རྩའི་ངལ་སྟེགས་སྟེང་དུ་ཁུར་པོ་ལྗིད་ཏིག་གེར་ཕོག་པ་དང་།
“ཝེ། བདག་མོ། ནང་ལ་མི་ཡོད་དམ།”
ཞེས་རོང་སྐད་ཀྱིས་བོས། ཕྱི་རོལ་ནས་རླུང་བུ་ཤུར་ཤུར་དུ་གཡུག་པའི་སྒྲ་ཞིག་མུན་པ་དང་ལྷན་དུ་ཁོའི་རྣ་བ་ལ་འཚངས་འོང་བ་ལས། ནང་ནས་མི་སྐད་ཕར་ཞོག་ཁྱི་སྐད་ཙམ་ཡང་མ་གྲགས།
“ཅི་ཡིན་ནམ། ཕྱི་ལོགས་ནས་སྒོ་ནི་བརྒྱབས་མི་འདུག”
སྙམ་སྟེ་རྡོ་རྗེས་ཕྱི་སྒོ་ཕྱེས་ནས་ནང་ལ་འཛུལ། ཡོད་ཚད་ནག་ཐིང་ངེ་ཡིན་ནའང་ཐབ་ཚང་ནང་དུ་གློག་གསལ་ལ་མི་གསལ་བ་ཞིག་སྤར་འདུག རྡོ་རྗེ་ཐབ་ཚང་ནང་འཛུལ་དུས་ཁོའི་ལུས་པོ་སྦྲིད་ཆིལ་ལེར་གྱུར་པ་དང་། རླུང་གྲང་མོ་ཞིག་གིས་ཁོའི་ལྟག་རྒྱབ་ལ་རེག་སྟེ་ཤབ་ཤུབ་ཏུ་ཅི་ཞིག་ཤོད་ཀྱི་ཡོད་པའི་སྣང་བ་ཤར། ཏག་ཏག་ལ་ཁང་སྦུག་གི་ཐབ་ཁ་ན་བྲེལ་བའི་བུད་མེད་དེ་ཁ་ཚུར་འཁོར་བ་དང་། རྡོ་རྗེ་རེ་ཞིག་ལ་ཧད་པར་གྱུར། བུད་མེད་དེ་ནི་གནས་ཚང་ཁྱིམ་བདག་མ་དེ་མིན་པར། ཁོས་དུས་ཡུན་རིང་པོའི་སྔོན་དུ་མཐོང་མྱོང་བ་འདྲ་བའི་བུད་མེད་གཞོན་ནུ་མ་ཞིག་རེད། ཁོང་མོའི་སྐྲ་ལོ་དང་རྒྱབ་གཟུགས་མུན་པ་དང་འདྲེས་ཤིང་། “ལ་ལ་ལ། ལ་ལ་ལ།” སྐད་ཆུང་ངུས་ལེན་པའི་སྣ་གླུ་ཐན་ཐུན་དེ་ནི་དུས་ཡུན་རིང་པོ་ཞིག་ནས་སུ་ཞིག་ལ་ངང་སྒུག་བྱེད་ཀྱིན་པའི་རོལ་དབྱངས་དང་འདྲ།
བུད་མེད་དེས་ཁང་སྦུག་ནས་ཁ་གྲགས།
“ལམ་ནས་དཀའ་ལས་མ་ཁག་གམ། ཁྱོད་ལ་འགྲོ་རོགས་སུ་ཡང་མེད་དམ།”
རྡོ་རྗེས་ལམ་སང་དྲན་པ་རྙེད་པ་ལྟར།
“ང་གཅིག་པུ་ཡིན། ཁྱིམ་བདག་མ་གང་དུ་སོང་ངམ། ངས་ཁྱོད་སྔོན་ཆད་འདི་ནས་མཐོང་མ་མྱོང་བས།”
ལབ་དུས་བུད་མེད་དེས་སྐྲ་ལོས་ཕྱེད་འགེབས་བྱས་པའི་ངོ་གདོང་མག་མོག་དེ་ལས་འཛུམ་ཆུང་ཞིག་བསྟན་ཏེ་ཁོའི་མདུན་ལ་ཆང་ཕོར་ཞིག་བཞག་སྟེ་སོང་།
“མི་སུ་ཡིན་ནའང་རྩད་གཅོད་བྱེད་པར་དགའ། ཁྱོད་ཀྱིས་བསམས་ན་ང་ཚོ་སུ་ལའང་ཁ་བྱང་བརྟན་པོ་ཞིག་ཡོད་དམ། ང་ཚོ་ནི་མ་ངེས་པའི་འགྲུལ་པ་རེ་རེ་ཡིན་ནོ། །དེ་འདྲ་མིན་ནམ་འགྲུལ་པ་ལགས།”
ཅུང་ཙམ་ནས། ཡང་མོས་ཁོ་ལ་ཧད་དེར་བལྟས་ཏེ།
“ལྟོས་དང་། དེ་རིང་ཁྱོད་ངའི་འགྲུལ་པ་རེད། ཉིན་ཞིག་ང་ཡང་ཁྱོད་ཀྱི་འགྲུལ་པ་ཡིན་ཆོག ཡིན་ནའང་། ང་ཚོས་ཕན་ཚུན་བཤམས་པའི་གསོལ་སྟོན་ནི། ད་གཟོད་དྲན་པ་བརྗེད་མི་ཐུབ་པར་འགྱུར་རྒྱུ་རེད། དེ་འདྲ་མིན་ནམ་འགྲུལ་པ་ལགས།”
རྡོ་རྗེ་སྐྲག་མ་སྔངས་སུ་ཡོད་པས་ལན་ཞིག་རྒྱག་རྒྱུ་མ་རྙེད་ཅིང་། ཅི་བསམ་འདི་བསམ་མེད་པར་ཆང་ཕོར་ལག་པས་བསྙབས་ཏེ་ཧུབ་རེ་རེ་ནས་འཐུང་འགོ་བརྩམས། དེ་དུས་བུད་མེད་དེ་ཐབ་ཁ་ན་བྲེལ་འདུག་པ་དང་བསྟུན་མོ་ལ་ཞིབ་ལྟ་བྱེད་པའི་གོ་སྐབས་རྙེད། སྐྲ་ལོ་འཇོལ་ལེར་ཕྲག་པའི་སྒང་ནས་མར་དཔྱངས་འདུག་ལ། ཤམ་ལུག་ཏུ་གྱོན་པའི་སྨད་གོས་དམར་པོ་དེ་ནི་གསར་པ་གསར་རྐྱང་ཡིན་པ་ལྟར་འོད་འཚེར་འཚེར་བྱེད། སྟོད་གོས་དང་ཤ་མདངས། འགྲེལ་བཤད་ཕོག་དཀའ་བའི་ཚུགས་ཀ སྐད་ཆ་བཅས་གང་ལ་བལྟས་ནའང་། ཁང་ཁྱིམ་འདིའི་བདག་མོ་དེ་ལས་ཀྱང་གཟི་མདངས་ཆེ། ཁོས་དེ་ལྟར་ཚོར་བ་དང་བུད་མེད་དེས་ཁོ་ལ་འཛུམ་ཆུང་ཞིག་བསྟན་ཏེ་སྐྲ་ལོའི་གསེང་ནས་མིག་གིས་ཧྲིག་གེར་བལྟས་འདུག ཐབ་ཀྱི་མེ་འོད་ཤུགས་ཆེར་མཆེད་པའི་མེ་རླབས་ཁྲོད་ནས་རྡོ་རྗེས་སྐྲ་ལོས་ཕྱེད་འགེབས་བྱས་པའི་སྨིན་མ་མེད་པའི་ངོ་གདོང་དེ་འོད་ལམ་ལམ་དུ་གསལ་པོར་མཐོང་སོང་། དེ་མ་ཐག་ཏུ་ཁོའི་སྲིན་ཚང་གྲང་སིང་ངེར་གྱུར་ཅིང་། རྣ་ལམ་དུ་འུང་སྒྲ་གྲགས། ཁོ་རང་གྲུང་སིང་ངེར་གྱུར་པ་འདྲ་ལ། ཡང་ཅི་ཞིག་གིས་མནན་ཏེ་སྦྲིད་འཐོམ་མེར་བཟོས་པ་དང་ཡང་འདྲ། ཁོའི་དྲན་པའི་ཡུར་བ་ནང་འདས་ཟིན་དོན་དག་མང་པོ་ཞིག་ཆུ་ལོག་རྒྱུག་པ་བཞིན་འཕག་མཆོང་བྱས་ནས་འཚངས་ཏེ་འོངས་ལ། དེའི་གསེང་དུ་སྨིན་མ་མེད་པའི་བུད་མེད་ཅིག་གི་ངུ་འབོད་ཀྱིས་ཁོའི་རྣ་བ་གས་ལ་ཁད་དུ་བྱེད། ཁང་སྦུག་གི་བུད་མེད་དེས་འཛུམ་ཆུང་ཞིག་སྟོན་གྱིན་རྡིག་སྒྲ་དང་ལྷན་དུ་ག་ལེ་ག་ལེར་ཁོའི་ཉེ་སར་བཅར་བ་དང་། ཁོ་རང་དྲན་མེད་དུ་བརྒྱལ།
“ཨག” “ཨག” “ཨག”
ཕོ་རོག་གི་ཨག་སྐད་ཀྱིས་རྡོ་རྗེ་བརྒྱལ་བ་ལས་སངས་བཅུག་པ་ན། ཞོགས་པའི་ཉི་འོད་ཐད་ཀར་ཁོའི་ཐོད་པའི་སྟེང་དུ་འཕྲོས་ཡོད། གནས་ཚང་གི་ཁང་པ་དང་། བུད་མེད། ཡོད་ཚད་མཐོང་ས་ན་མེད་ལ། ཐ་ན་ཁོ་རང་ནམ་རྒྱུན་ཞག་སྡོད་བྱེད་སའི་གྲོང་ཁྱིམ་ཐར་ཐོར་དེ་རུའང་འབྱོར་མེད། ཁོ་རང་གཙང་ཆུ་གསུམ་འདུས་ཀྱི་མི་མེད་ལུང་མདོ་ཞིག་ཏུ་ལྷག་ཡོད་ཅིང་། ཕོ་རོག་གསུམ་གྱིས་ལམ་ཟུར་དུ་འགྲིལ་བའི་ཁོའི་ཁུར་པོའི་སྟེང་ནས་རུབ་སྐད་ཨག་སྟོང་རྒྱག་པ་མཐོང་། ཁོས་སྐར་ཆ་འགའི་རིང་རང་ཉིད་ཀྱི་མགོ་ནས་རྐང་པའི་བར་ཚང་རྩིས་ཤིག་བརྒྱབས་པ་དང་། དེ་མ་ཉིད་དུ་ཁོ་རང་རླུང་འཚུབ་ཅིག་གིས་བདས་སོང་བ་བཞིན་རང་ཡུལ་ཕྱོགས་ལ་ཁ་གཏད་དེ་བླ་འཁྱར་བ་ལྟར་བྲོས།
ཉི་མའི་དམར་ཙག་གངས་རིའི་དབུ་རྩེ་ལ་འཛེགས་ཤིང་། གྲོང་ཁྱིམ་གྱི་དུ་སྣེ་དགོང་དྲོའི་ཁུག་སྣ་མག་མོག་ལ་འདྲེས་དུས་ཨ་ཡེ་བཀྲ་ཤིས་བ་ར་ནས་འོ་མ་བཞོས་ཏེ་རང་ཁྱིམ་ལ་ལོག ལམ་མདོ་ནས་ཨ་ཡེ་བཀྲ་ཤིས་གློ་བུར་དུ་རྡོ་རྗེ་དང་ཕྲད་པ་དེས། མོ་རང་ཅུང་ཟད་ཧད་དུ་བཅུག ཁོའི་ངོ་གདོང་ཁྲག་མེད་པ་ལྟར་དཀར་སང་ངེ་ཡིན་པ་མ་ཟད། ལུས་ལ་གྱོན་པའི་སྟོད་གོས་དང་རྐང་སྣམ་ཡང་རལ་ནས་ཧྲལ་ཧྲུལ་དུ་གྱུར་འདུག ཁོ་རོང་ནས་ལོག་པ་འདི་འདྲ་མགྱོགས་པ་དང་། ད་ལྟའི་ཚུགས་ཀ་ལ་སོམ་ཉི་ཟ་ཞོར་དུ།
“རྡོ་རྗེ་ཁྱོད་ནམ་འབྱོར་སོང་ངམ། ཁྱོད་ལོག་པ་འདི་འདྲའི་མགྱོགས་པ་ལ།”
ལབ་དུས་ཁོས་ཨ་ལན་ཅི་ཡང་མི་འདེབས། ཨ་ཡེ་བཀྲ་ཤིས་རྡོ་རྗེའི་ཉེ་ས་ལ་བཅར་ཏེ་ལྟ་དུས་དམར་ནག་ཁྲག་ཏུ་གྱུར་པའི་མིག་གིས་མོ་ལ་འབུར་ཚུགས་སུ་བལྟས་འདུག་པས། ཨ་ཡེ་བཀྲ་ཤིས་ཀྱི་ལག་པའི་འོ་ཟོ་ཡང་ས་ལ་ལྷུང་སྟེ་ཨག་འབོད་རྒྱག་ཐེངས་གཅིག་གིས་ཁོའི་རྩ་ནས་བྲོས།
མུན་ཁྲོད་ཀྱི་ངུ་འབོད།
ཨ་ཁུ་བླ་མ་ལུང་མདོ་ཞིག་བརྒྱུད་ནས་འགྲོ་བཞིན་ཡོད། གཙང་པོ་གསུམ་འདུས་ཀྱི་ཟམ་པའི་སྟེང་ནས་འགྲོ་དུས་རྒྱབ་ནས་སུ་ཞིག་གིས།
“ཨ་ཁུ་བླ་མ། ཨ་ཁུ་བླ་མ།”
ཞེས་ཤབ་ཤུབ་ཏུ་འབོད་ཀྱི་ཡོད་པ་ཚོར། ཨ་ཁུ་བླ་མ་མུ་མཐུད་དེ་མདུན་ལ་སྐྱོད་དུས་ཁ་སང་ཁང་རྩེའི་དར་ལྕོག་སྟེང་ནས་རུབ་སྐད་རྒྱག་པའི་ཕོ་རོག་གསུམ་པོས་སྡོང་སྐམ་ཞིག་གི་ཡལ་གའི་སྟེང་ནས་ཨག་འབོད་རྒྱག་པ་མཐོང་། ཕོ་རོག་དེ་ཚོས་ཨ་ཁུ་བླ་མ་མཐོང་བ་དང་ཨག་འབོད་རྒྱང་རིང་ལ་འཐེན་ཏེ་ལུང་མདོ་ནས་རོང་ལམ་གྱ་མ་གྱུ་ལ་ཁ་གཏད་དེ་འཕུར། ཨ་ཁུ་བླ་མས་ཕོ་རོག་དེ་ཚོའི་རྗེས་དེད་དེ་སོང་བ་ན། རི་ཀླུང་ན་བུན་དང་མུན་པ་འདྲེས་པའི་གསེང་ན་ཁུ་སིམ་མེར་གཉིད་འདུག་ལ། གྲོག་རོང་དང་རི་གཟར། གཙང་ཆུ་བཅས་ཀྱིས་འགྲུལ་པའི་འགྲོ་ལམ་རིང་ནས་རིང་དུ་བསྲིངས་འདུག་པ་མཐོང་། སོང་སོང་བའི་མཐར་གྲོང་ཚོ་ཐར་ཐོར་ཞིག་ཏུ་སླེབས་ཤིང་། ཨག་འབོད་ཀྱིས་མདུན་བསུ་བའི་ཕོ་རོག་གསུམ་པོ་ཡང་དེ་མ་ཉིད་ལ་གར་སོང་ཆ་མེད་དུ་གྱུར།
ཨ་ཁུ་བླ་མ་མུན་པའི་གསེང་ནས་སྲང་ལམ་དོག་མོ་ཞིག་ཉུལ་ཏེ་འགྲོ་དུས། ངོ་གདོང་གདུང་ལྟར་དཀར་བའི་གཞོན་ནུ་མ་ཞིག་གིས་ཨ་ཁུ་བླ་མར་ལྟ་ཙམ་འབོད་ཙམ་བྱེད་ཅིང་། ཡང་དགོད་སྒྲ་དང་ལྷན་དུ་མདུན་ལ་བརྒྱུགས་ནས་འགྲོ། མཐར་གྱང་རྩེ་མཁའ་ལ་ཟུག་པའི་གྲོང་ཚོའི་གྲོག་རོང་གི་སྣེ་རུ་ཆགས་པའི་ཁང་རྙིང་ཞིག་རལ་ཡོད་ས་དེར་འབྱོར་བ་ན། བུད་མེད་དེ་ཁང་མིག་ནག་ཐིང་ངེ་བ་ཞིག་ནང་འཛུལ། མུན་པའི་ནང་ནས་ཨ་ཁུ་བླ་མས་ཅི་ཡང་མ་མཐོང་།
“ང་སྐྱོབ་རོགས། ང་སྐྱོབ་རོགས།”
“སྐུ་མཁྱེན། ང་གཏོང་རོགས། ང་གཏོང་རོགས།”
གཞོན་ནུ་མ་ཞིག་གི་ངུ་འབོད་མུན་པའི་ནང་ནས་དེ་ལྟར་གྲགས་འོང་། ཨ་ཁུ་བླ་མས་གོམ་སྣེ་རེ་རེ་ནས་སེམས་ཆུང་གིས་མདུན་ལ་སྤོས་ཏེ་ཕྱིན་པ་ན། ཁང་མིག་དོག་པོ་ཞིག་ནང་ལག་ལྕགས་བརྒྱབས་པའི་བུད་མེད་ཅིག་ངུ་འབོད་ཞུམ་ཞུམ་དུ་གྲགས་པ་དང་། རྐང་པ་གཉིས་གཡས་གཡོན་དུ་བརྒྱངས་པའི་དབར་ནས་སྐྱེས་པ་ཞིག་གིས་ལྡེམ་ལྡེམ་དུ་སྒྲོད་ཀྱིན་པ་མཐོང་། ཨ་ཁུ་བླ་མས་བུད་མེད་དེ་སྐྱོབ་ཆེད་ས་ཕག་ཐོ་བ་ཙམ་ཞིག་བཀྱགས་ཏེ་ཐེ་ཚོམ་མེད་པར་སྐྱེས་པ་དེ་ལ་གཞུ་རུ་ཕྱིན་ནའང་། ལག་པ་ཇི་ཙམ་ཕར་ལ་བསྲིངས་ནའང་སྐྱེས་པ་དེར་སྙོབས་པ་ཕར་ཞོག ཐ་ན་སེན་ཏོག་ཙམ་ཡང་གཞུ་མ་ནུས། མུན་པའི་ནང་ནས་ངུ་སྒྲ་དང་འཁུན་སྒྲ་གཉིས་འཐབས་འཐབས་པའི་མཐར། སྐྱེས་པ་དེས་གློ་གྲི་ཕྱུང་སྟེ་བུད་མེད་དེའི་སྐེ་ལ་རེག་ཙམ་བྱས་པ་ན། བུད་མེད་དེ་མུན་པའི་ནང་ནས་གཏན་དུ་གཉིད་པ་བཞིན་ཁུ་སིམ་མེར་གྱུར། ཨ་ཁུ་བླ་མ་བུད་མེད་དེའི་རྩ་ལ་འབྱོར་ཚེ། སྐར་ཁུང་ནས་འཕྲོས་པའི་ཟླ་འོད་ཕྲ་མོ་ཞིག་མོའི་ངོ་གདོང་ལ་ཐད་ཀར་ཕོག་འདུག་ལ། ནུ་མ་ཁྲག་གིས་འབགས་ཏེ་ནག་ཞལ་ཞལ་དུ་སོང་བའི་སྒང་ནས་དུང་ལྟར་དཀར་སིང་ངེ་ཡིན་པའི་ངོ་གདོང་དེ། ཨ་ཁུ་བླ་མའི་མདུན་དུ་མེ་ལོང་ཞིག་གི་ཚུལ་དུ་འགྲེང་མ་བསྙེས་ལ་འདུག ངོ་གདོང་དེར་ཞིབ་ཀྱིས་ལྟ་དུས་སྨིན་མ་མེད་པའི་མིག་ཟུང་དེས་ཨ་ཁུ་བླ་མར་འབུར་ཚུགས་སུ་བལྟས་འདུག་ལ། སྔངས་སྐྲག་ཅིག་གིས་མོའི་རྩ་ནས་ནུར་ཙམ་བྱས་ཏེ་ཕྱིར་ལྟ་བྱས་པས། དུང་ལྟར་དཀར་བའི་ངོ་གདོང་དེས་འགྲེལ་བཤད་ཕོག་དཀའ་བའི་འཛུམ་ཆུང་ཞིག་བསྟན་འདུག
“ཨ་ཁུ་བླ་མ།” “ཨ་ཁུ་བླ་མ།” “ཨ་ཁུ་བླ་མ།”
ཨ་ཁུ་བླ་མར་རྒྱང་རིང་ནས་སུ་ཞིག་གིས་འབོད་བཞིན་པ་འདྲ་ལ། ཡང་། སྒྲ་དེ་ཨ་ཁུ་བླ་མ་རང་གི་རྣ་བའི་གཏིང་ནས་མཆེད་འོངས་པ་དང་ཡང་འདྲ།
ཨ་ཁུ་བླ་མ་ཧོབ་དེ་ཁ་ལ་མལ་ས་ནས་ཡར་ཙོག་དུས། མདུན་དུ་མནའ་མ་བཟང་མོས་ཆུ་ཁོལ་ཤེལ་ཕོར་ཞིག་བཟུང་སྟེ་ཧད་འདུག
“མཚན་ལམ་འཚུབ་པོ་བྱུང་ངམ། ང་ཚོ་ཡང་མདང་མཚན་ལ་གཉིད་ཡག་པོ་ཞིག་མ་ཁུགས།”
“ནད་པ་དེ་དྲག་དཀའ་ས་རེད། ཁོས་ལས་ངན་ཞིག་བསགས་ཡོད་པ་འདྲ།
ཁྱོད་ཀྱིས་བསང་སྐྱོགས་ནང་ལ་མེ་ཞིག་ལོང་དང་། དེ་རིང་བསང་གསོལ་རྒྱས་ཙམ་འདོན་དགོས།”
ཞོགས་པའི་ཉི་འོད་ཨ་ཁུ་བླ་མའི་ཁང་ཀླད་ཀྱི་དར་ལྕོག་ལ་ཕོག་དུས། མཆོད་ཁང་སྟེང་གི་བསང་ཁང་ལས་འཕྱུར་བའི་དུ་བ་གྱ་གྱུ་དེས། ནམ་མཁའ་སྔོན་པོའི་ངོས་སུ་འགྲེལ་བཤད་མི་ཕོག་པའི་རི་མོ་ཀྱག་ཀྱོག་འགའ་འབྲི་བཞིན་འདུག མཆོད་ཁང་ལས་མཆེད་འོང་བའི་ཆོས་རྔའི་སྒྲ་དེ་རྒྱང་རིང་གི་ལུང་པའི་ཕུ་ནས་ཀྱང་“དིང་”སྒྲ་སྒྲོག་བཞིན་པ་ཐོས་ཐུབ། རི་གྲོང་ཉི་འོད་འོག་ན་འཇམ་ཐིང་ངེར་གཉིད་པ་འདྲ་ལ། གཙང་ཆུས་སུ་ལའང་ཁ་ཡ་མི་བྱེད་པར་རང་ས་ནས་ཁུ་སིམ་སིམ་ལ་བཞུར།
རྒྱང་རིང་གི་ཕ་བོང་ནག་པོའི་འགྲམ་གྱི་ལམ་ཀྱག་ཀྱོག་དེ་ནས་སྨིག་རྒྱུ་འཛིངས་པ་ལྟ་བུའི་སྣང་བརྙན་ཡ་མ་ཟུང་ཞིག་ཆུང་ས་ནས་ཆེ་རུ་ཆེ་རུ་གྱུར་ཏེ་ཨ་ཁུ་བླ་མའི་སྡོད་ཁང་ཕྱོགས་ལ་ཁ་གཏད་དེ་འོངས།……………………………..