ཕུན་ཚོགས། སེ་ར།
སྣང་སྟོང་གྲོགས་འཆར་རྟེན་འབྱུང་ངར་སྐད་མཐོ།།
དབུ་ཚད་ཟུང་འཇུག་ལུང་རིགས་གཡུ་རལ་གསིག།
མདོ་སྔགས་ཟུང་འབྲེལ་གངས་ཀྱི་གདན་ཐོབ་ཟིན།།
གངས་ཅན་ཤིང་རྟ་ཡབ་རྗེ་བླ་མར་འདུད།།
ཤེར་ཕྱིན་གྱི་མདོ་འདི་མདོ་གཞན་ལས་མཆོག་ཏུ་གྱུར་པའི་རྒྱུ་མཚན།
དེ་ཡང་། འཁོར་བ་ཁྱད་ཆོས་ལྔ་དང་ལྡན་པ་ལས་ལུས་ཅན་རྣམས་བསྒྲལ་ཏེ། ཉིད་ཀྱི་སྐུ་ཉམས་སུ་བསྟར་བའི་འབྲས་བུ་མཆོག་ལ་འགོད་པར་བཞེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། འགྲོ་བ་རྣམས་སྡུག་བསྔལ་ལས་གྲོལ་བའི་ཕྱིར་དུ་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་ལ། དེའང་བསལ་བྱའི་སྡུག་བསྔལ་ལ་གྲངས་མེད་པ་བཞིན། དེ་ལ་ལྟོས་པའི་སེལ་བྱེད་སྡུག་བསྔལ་གྱི་གཉེན་པོར་ཆོས་ཀྱི་ཕུང་པོའང་གྲངས་མེད་པ་ཞིག་གསུངས་པས། ཆོས་ཀྱི་ཕུང་པོ་ཁག་ཅིག་ནི་གང་ཟག་རེ་འགའ་བའི་སྡུག་བསྔལ་བྱེ་བྲག་པའི་གཉེན་པོ་ཙམ་སྟེ། དཔེར་ན། རྒྱལ་པོ་མ་སྐྱེས་དགྲའི་འགྱོད་པ་སེལ་ཕྱིར་དུ་གསུངས་པའི་མ་སྐྱེས་དགྲའི་འགྱོད་སེལ་གྱི་མདོ་ལྟ་བུའོ།།
ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་འདི་ནི་ཆོས་ཀྱི་ཕུང་པོ་དེ་རྣམས་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་ཡིན་པར་གསུངས་ཤིང་། མདོ་གཞན་ལས་མཆོག་ཏུ་གྱུར་པའི་རྒྱུ་མཚན་ཡང་གཞུང་ཆེན་མོ་དག་ལས་གསུང་ཚུལ་དུ་མ་བྱུང་སྟེ། འགྲེལ་བཤད་ཚིག་གསལ་ལས།[1] ཡུམ་གྱི་མཐུའི་ཁྱད་པར་དེ་ཉིད་སྟོན་པའི་གཞུང་དག་ཀྱང་གཞུང་གཞན་པས་མཆོག་ཉིད་དོ། །ཞེས་པ་ནས་རྒྱལ་བའི་ཡུམ་འདིར་རིགས་ཅན་ཐམས་ཅད་ཀྱི་བསྟན་པ་བསྒྲགས་པས་ན་གཞུང་ཆེན་པོ་ཤིན་ཏུ་རྒྱས་པའི་སྡེ་ཡིན་ཏེ། ཞེས་སྡོང་པོ་བཀོད་པའི་མདོ་ལ་སོགས་པ་དེ་དག་ཏུ་ཐེག་པ་ཆེན་པོའི་ལམ་འབྲས་ལས་ཉན་རང་གི་དེ་མ་བསྟན་པས་གཞུང་ཕྱོགས་གཅིག་པ་བ་དང་། ཡུམ་གྱི་ཞེས་སྔོན་གཤེགས་ཟིན་པ་དང་གཤེགས་པར་འགྱུར་བའི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་ཡིན་པའི་ཕྱིར་ཆེས་ཟབ་པའམ་མཆོག་ཏུ་གྱུར་པར་གསུངས། སྙིང་པོའི་དོན་དང་མངོན་རྟོགས་ཀྱི་རིམ་པ་གཉིས་ཀ་བརྗོད་བྱར་བསྡུས་པ་ནི་ཤེར་ཕྱིན་གྱི་མདོ་ཉིད་ཡིན་པས་མདོ་གཞན་ལས་མཆོག་ཏུ་གྱུར་ཚུལ་རྒྱལ་ཚབ་རྗེའི་ཐེག་མཆོག་སྒོ་འབྱེད་ལས་གསུངས་ཤིང་། རྣམ་བཤད་སྙིང་པོའི་རྒྱན་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་འགྱུར་བ་མེད་པའི་ཡོངས་གྲུབ་ཀྱིས་བསྡུས་པའི་སྟོང་ཉིད་རྒྱས་པར་གཏན་ལ་འབེབས་པས་མདོ་སྡེ་རྣམས་ཀྱི་གཙོ་བོ་ཡིན་པར་བཤད།
ཡུམ་གྱི་མདོ་ཡི་སྐོར།
སྟོང་ཉིད་དངོས་བསྟན་བསྟན་བྱ་གཙོ་བོར་བྱས་ནས་བསྟན་པའི་ཐེག་ཆེན་གྱི་མདོ་དེ། ཤེར་ཕྱིན་གྱི་མདོ་ཡི་དོན་ཡིན་ཞིང་། ཤེར་ཕྱིན་གྱི་མདོ་ལ་དབྱེ་ན་ཡུམ་གྱི་མདོ་དང་སྲས་ཀྱི་མདོ་གཉིས་སུ་ཕྱེ་སྟེ། ཡུམ་ལ་དྲུག་དང་སྲས་ལ་བཅུ་གཅིག་ཏུ་འདོད་པ་གཅིག་དང་། ཡུམ་རྒྱས་འབྲིང་བསྡུས་པ་དགུ་ཞེས་ཡུམ་དགུའི་རྣམ་གཞག་ཕྱེ་བ་དང་གཉིས་ཡོད་ཅིང་། དེའང་ཤེར་ཕྱིན་གྱི་མདོ་ལ་ཡུམ་སྲས་བཅུ་བདུན་དུ་གྲངས་འདྲེན་གསལ་ཁ་བྱུང་བའི་བསྟན་བཅོས་སྔ་གྲས་ནི། དཀར་ཆག་འཕང་ཐང་མ་ཡིན་པ་འདྲ་སྟེ། དཀར་ཆག་དེ་ལས།[2] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོ་སྡེའི་ཚར་ལ་ཞེས་པ་ནས་སྲས་ཡུམ་བཅུ་བདུན་ནོ། །ཞེས་གསུངས་ཤིང་བསམ་ཡས་དཀར་ཆག་ཏུའང་ཡུམ་དྲུག་ཏུ་དབྱེ་བ་ཡོད་པར་ཤེར་ཕྱིན་བཞེད་ཚུལ་རྦ་རླབས་དང་རྗེ་བཙུན་ངལ་གསོ་ལས་བཤད་དེ། རྗེ་བཙུན་ངལ་གསོ་ལས།[3] དེང་སང་གངས་ཅན་གྱི་ཁྲོད་འདིར་མངོན་དུ་གྱུར་པ་ལ་ནི་གཙོ་ཆེར་བསམ་ཡས་ཀྱི་དཀར་ཆག་ཏུ་འབྱུང་བའི་ཡུམ་དྲུག་གི་མིང་ཅན་སོགས་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་གསལ་བར་སྟོན་པའི་ཤེར་ཕྱིན་གྱི་མདོ་སྡེ་རྣམས་དང་། ཞེས་གསུངས། ཡུམ་སྲས་བཅུ་བདུན་དུ་འདོད་པ་ཁ་ཅིག་ནི་ཞྭ་དམར་པ་དཀོན་མཆོག་ཡན་ལག་གི་ཤེར་ཕྱིན་ཉུང་ངུ་རྣམ་གསལ་[4]སོགས་སུ་སྔ་རབས་པ་རྣམས་ཀྱིས་འདོད་པར་བཤད་ཀྱང་། དཀར་ཆག་དེ་ལས་གཞན་སྔ་རབས་པའི་མཁས་པ་སུ་ཞིག་གིས་འདོད་པ་དང་། བསྟན་བཅོས་གང་ཞིག་ཏུ་ཡོད་མེད་གསལ་པོར་མ་རྙེད་པས་བཙལ་བར་བྱའོ།།
དེ་དག་གིས་ཡུམ་སྲས་བཅུ་བདུན་དུ་འདོད་པའི་ཁུངས་ལ། ཀོའུ་ཤི་ཀའི་བཤགས་པའི་མདོ་ལས། ཡུམ་སྲས་བཅུ་བདུན་པོ་ཡོངས་སུ་རྫོགས་པའི་སྐབས་སུ་ཞེས་གསུངས་པ་ཤེས་བྱེད་དུ་དྲངས། དེ་ལ་བཅོམ་ལྡན་རིག་རལ་གྱིས་ཐ་སྙད་དང་གྲངས་ནོར་བའི་སྐྱོན་གཉིས་བཏང་སྟེ། ཤཱཀྱ་མཆོག་ལྡན་གྱི་ཤེར་ཕྱིན་བཞེད་ཚུལ་རྦ་རླབས་ལས།[5] བཅོམ་ལྡན་རལ་གྲི་ན་རེ། ཡུམ་སྲས་སུ་ཕྱེ་བའི་ཐ་སྙད་དང་གྲངས་ངེས་གཉིས་ཀ་ནོར་བ་ཡིན་ཏེ། ཤེར་ཕྱིན་བརྒྱ་རྩ་བརྒྱད་པ་དང་། ཤེར་ཕྱིན་ཉི་མའི་སྙིང་པོ་དང་། ཟླ་བའི་སྙིང་པོ་དང་། སྙིང་པོའི་གཟུངས་དང་། ལག་ན་རྡོ་རྗེ་དང་། ཤེར་ཕྱིན་རྡོ་རྗེ་རྒྱལ་མཚན་ཏེ། དྲུག་པོ་དེ་དག་ཀྱང་ཤེར་ཕྱིན་གྱི་མདོ་ཡིན་པའི་ཕྱིར་དང་། སྲས་ཀྱི་ཐ་སྙད་གང་ལས་ཀྱང་བཤད་པ་མེད་པའི་ཕྱིར། ཞེས་གསུངས་ཏེ་ལེགས་པའོ། །ཞེས་གསུངས་ཤིང་། རྗེའི་གསེར་ཕྲེང་དུའང་གྲངས་མ་ངེས་པའི་མདོ་ལ་འདྲེན་ཚུལ་ཅུང་ཟད་མི་འདྲ་བ་ཙམ་ལས་འདི་ཉིད་འཐད་ཕྱོགས་སུ་བཞེད།
དེས་ན་རྗེའི་རང་ལུགས་ལ་ཡུམ་གྱི་མདོ་དང་ཤེར་ཕྱིན་གྱི་མདོ་དོན་གཅིག་ཡིན་ཏེ། ཡུམ་གྱི་མདོ་ཞེས་པ་ནི་ཚིག་སྣ་བསྡུས་པ་ཡིན་ཞིང་མཚན་རྒྱས་པ་ལ་རྒྱལ་བའི་ཡུམ་གྱི་མདོ་ཞེས་བྱ་སྟེ། འགྲེལ་པ་དོན་གསལ་ལས།[6] རྒྱལ་བའི་ཡུམ་རྣམ་པ་གསུམ་ཆར་ལས་ཞེས་སོགས་གསུངས་ལ། འགྲེལ་བཤད་གཉིས་ལ་སོགས་པ་དུ་མ་ལས་ཀྱང་དེ་བཞིན་འབྱུང་ངོ་། །དེའི་ཕྱིར། རང་བཞིན་ཤེར་ཕྱིན་དངོས་བསྟན་བསྟན་བྱའི་གཙོ་བོར་བྱེད་པའི་ཆ་ནས། ཤེར་ཕྱིན་གྱི་མདོ་ཞེས་བརྗོད་བྱའི་ཆ་ནས་བཏགས་པ་བཞིན། སྟོང་ཉིད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་དེ་རྒྱལ་བའི་ཡུམ་ཡིན་ཞིང་། དེ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ལ་ཡུམ་གྱི་མདོ་ཞེས་བརྗོད་བྱའི་ཆ་ནས་བཏགས་པས། ཡུམ་གྱི་མདོའི་ཟླས་དྲངས་པའི་སྲས་ཀྱི་མདོ་ཞེས་པ་ཞིག་ཡོད་མི་དགོས་ཏེ། སྣང་བ་གཉིས་དང་འགྲེལ་བཤད་གཉིས་སོགས་རྒྱ་འགྲེལ་ཚད་ཐུབ་གང་ལས་ཀྱང་སྲས་ཀྱི་མདོ་ཞེས་པའི་ཐ་སྙད་མ་བྱུང་བའི་ཕྱིར་དང་། གོང་དུ་དྲངས་པའི་མདོ་ཡི་ལུང་དེའང་། མདོ་དངོས་ཀྱི་ཚིག་མིན་པར་གླེང་གཞིའི་ཚིག་ཡིན་ཞིང་། ཐོག་མར་མདོ་དེ་སྡུད་པ་པོ་སུ་ཡིན་དང་བོད་དུ་སུས་བསྒྱུར་སོགས་ལེགས་པར་དཔྱད་ནས་ཁུངས་སུ་བཅོལ་ན་དོན་ཆེའོ། །དེ་ལྟར་མིན་ན། དངོས་པོ་བརྒྱད་ཆ་ཚང་བར་བསྟན་པ་དང་ཕྱོགས་རེ་ཙམ་བསྟན་པའི་མདོ་གཉིས་ལ། ཡུམ་སྲས་སུ་འདོགས་པའི་རྒྱུ་མཚན་མེད་པའི་ཕྱིར་ཏེ། ཡུམ་སྲས་ནི་དཔེ་ཡི་མིང་དོན་ལ་བཏགས་པ་ཡིན་ཞིང་། དེའང་དག་ལྡན་ལས་འབྱུང་བ་ལྟར། དཔེ་ལ་མ་དང་མ་མ་དང་འཇིག་རྟེན་ན་རང་ལ་ཕན་ཆེན་པོ་འདོགས་པ་དེ་ལ་མ་ཞེས་བརྗོད་པའི་གྲགས་པའི་མ་དང་གསུམ་ཡོད་པས་ན། དོན་གྱི་ཡུམ་སྲས་ནི་ཕན་གདགས་བྱ་འདོགས་བྱེད་དམ་གསོ་བྱ་གསོ་བྱེད་དང་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཆ་ནས་བཏགས་པ་ཡིན་པའི་ཕྱིར། དེ་གསུམ་གང་གི་དབང་དུ་བྱས་ཀྱང་དཔེ་དོན་སྦྱོར་ཚུལ་ཞིག་མེད་པའི་ཕྱིར།
ཡང་ཡུམ་སྲས་བཅུ་བདུན་དུ་བགྲང་བ་ལས། ཚུལ་བརྒྱ་ལྔ་བཅུ་པ། ལྔ་བཅུ་པ། སྒོ་ཉེར་ལྔ་པ། རབ་རྩལ་རྣམ་གནོན་གྱིས་ཞུས་པ་རྣམས་སྔགས་ཀྱི་གཞུང་ཡིན་པས་ཀྱང་། ཤེར་མདོའི་གྲངས་འདྲེན་དེ་མི་འཐད་པར་བཤད། དེ་རྣམས་ཀྱི་ནང་ནས་ཤེར་ཕྱིན་ཡི་གེ་གཅིག་མ་ལ་གཞུང་དངོས་སུ་ཡི་གེ་ཨ་ཞེས་པ་ལས་མེད་པས་དེས་སྟོང་ཉིད་སྟོན་ཚུལ་གང་ཡིན་ཞེ་ན། ཡུམ་གསུམ་གནོད་འཇོམས་ལས།[7] ཆོས་ཐམས་ཅད་ནི་མ་སྐྱེས་པའོ་ཞེས་བྱ་བ་ལ་ཡི་གེའི་དང་པོ་ཨ་ཞེས་བྱ་བ་ལ་སྐྱེ་བ་མེད་པའི་དོན་སྒྲོ་བཏགས་ནས་ཨ་ཞེས་བྱ་བ་ནི་སྐྱེ་བ་མེད་པའི་དོན་ཡིན་པར་ཡོངས་སུ་བཏགས་ཏེ། གང་གི་ཚེ་ཞི་གནས་དང་ལྷག་མཐོང་གི་སྦྱོར་བས་ཡང་དག་པར་བསྒོམས་པར་གྱུར་པ་དེའི་ཚེ། གོམས་པའི་སྟོབས་ཀྱིས་ཨ་ཞེས་བྱ་བ་གཅིག་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྣམ་པར་སྣང་སྟེ། ཞེས་ཨ་ཞེས་པ་སྐྱེ་མེད་ཀྱི་དོན་དུ་ཞི་ལྷག་གི་སྦྱོར་བས་གོམས་པའི་སྟོབས་ཀྱིས། དེ་ལ་ཨ་ཞེས་བརྗོད་པ་ཙམ་གྱིས་ཀྱང་ཆོས་ཐམས་ཅད་དོན་དམ་པར་སྐྱེ་བ་མེད་པར་སྣང་བར་བྱེད་པའམ་གོ་བར་བྱེད་པའི་ཕྱིར། དེའི་ཤེས་བྱེད་དུ་མདོ་ལས་ཨ་ཞེས་པ་ཡི་གེ་མཉམ་པ་ཉིད་དང་ཡི་གེའི་སྒོ་དང་སྐད་མཉམ་པ་ཉིད་གསུངས་པ་སོགས་དྲངས་པས། ཨ་ལ་དེ་ལྟར་སྟོན་པའི་ནུས་པ་དང་ལྡན་པའང་། ཨ་ཡི་གདངས་ཀྱིས་ཡི་གེ་ཐམས་ཅད་ཀྱི་གདངས་ལ་ཁྱབ་པའི་ཕྱིར། ཆོས་ཐམས་ཅད་ཀྱི་མིང་ཚིག་ཐམས་ཅད་ཀྱི་གདངས་ཡི་གེ་ཨ་ཞེས་བྱ་བའི་ནང་དུ་བསྡུས་ཏེ། ཨ་ཞེས་པས་ཆོས་ཐམས་ཅད་སྐྱེ་མེད་དུ་བསྟན་པར་བསྒོམས་ནས་གོམས་པ་ན། གང་ཟག་དེ་ལ་ཆོས་ཐམས་ཅད་སྐྱེ་མེད་དུ་སྣང་བར་བྱེད་པའམ་གོ་བར་བྱེད་པ་འདྲའོ།།
ཡུམ་རྒྱས་འབྲིང་བསྡུས་གསུམ་དགུའི་དབྱེ་བ་འདོད་ཚུལ།
ཡུམ་རྒྱས་འབྲིང་བསྡུས་པ་དགུའི་རྣམ་གཞག་འདོད་མཁན་ནི། རྗེ་བཙུན་ངལ་གསོ་དང་ཤེར་ཕྱིན་བཞེད་ཚུལ་རྦ་རླབས་སོགས་ལས། ཨར་ཆེན་པོས་ཡུམ་དགུའི་རྣམ་གཞག་འདོད་པར་གསུངས་ཀྱང་། ཨར་གྱི་ཤེས་རབ་སྙིང་པོའི་རྒྱ་ཆེར་འགྲེལ་པ་དང་སྡུད་པ་ཚིགས་སུ་བཅད་པའི་བཤད་སྦྱར་དང་མངོན་རྟོགས་རྒྱན་གྱི་འགྲེལ་པ་རྣམ་འབྱེད་གསུམ་ཀ་ལས། སྡེ་ཚན་དྲུག་དང་རྒྱས་འབྲིང་བསྡུས་གསུམ་གྱི་རྣམ་གཞག་ལས་དགུའི་དབྱེ་ཚུལ་ཞིག་མ་བྱུང་། དེ་ཡང་མངོན་རྟོགས་རྒྱན་གྱི་འགྲེལ་པ་རྣམ་འབྱེད་ལས་གཉིས་པ་ནི་སྡེ་ཚན་དྲུག་རྒྱས་འབྲིང་བསྡུས་གསུམ་ཡིན་ནོ། །དེ་ལ་སྡེ་ཚན་དྲུག་ནི། འབུམ་དང་། ཉི་ཁྲི་ལྔ་སྟོང་པ་དང་། ཤེས་རབ་ཁྲི་པ་དང་། ཁྲི་བརྒྱད་སྟོང་པ་དང་། འཕགས་པ་བརྒྱད་སྟོང་པ། སྡུད་པ་ཚིགས་སུ་བཅད་པ་རྣམས་ཡིན་ལ། དེ་ལ་འབུམ་པ་ནི་རྒྱས་པ་ཡིན་ལ། ཉི་ཁྲི་ནི་བར་མའི་རྒྱས་པ་ཡིན་ལ། ཁྲི་བརྒྱད་སྟོང་པ་ནི་བར་མའི་བར་མ་ཡིན་ལ། ཤེས་རབ་ཁྲི་པ་ནི་བར་མའི་བསྡུས་པ་ཡིན་ནོ། །ཞེས་རྒྱས་པ་ལ་གཅིག་དང་འབྲིང་ལ་གསུམ་བསྡུས་པ་ལ་གཉིས་སུ་ཕྱེ་ཞིང་གཞན་གཉིས་ལས་ཀྱང་དེ་བཞིན་དུ་འབྱུང་ངོ་།།
བུ་སྟོན་ཆོས་འབྱུང་ལས། ཆོས་བཤེས་ཀྱི་ཤེར་མདོའི་དབྱེ་ཚུལ་གཉིས་དྲངས་ནས་མངོན་པར་རྟོགས་པའི་དོན་སྟོན་པའི་ཤེར་མདོའི་མཚན་གཞིར། ཡུམ་རྒྱས་འབྲིང་བསྡུས་པ་དགུར་ཕྱེ་ནས་བཞག་པས། བུ་སྟོན་རིན་པོ་ཆེས་ཡུམ་དགུའི་རྣམ་གཞག་འདོད་པར་གསལ་ཞིང་། ཡུམ་སྲས་བཅུ་བདུན་དུ་མི་འདོད་པར་མངོན་ཏེ། བུ་སྟོན་ཆོས་འབྱུང་ལས།[8] ཡུམ་སྲས་བཅུ་བདུན་ཞེས་གྲགས་སོ་ཞེས་བཅུ་བདུན་དུ་འདོད་པ་ལ་མ་རངས་པའི་ཚིག་སྦྱར་བའི་ཕྱིར། ཡང་རྒྱས་པ་ལ་གསུམ་དུ་དབྱེ་ཚུལ་གཞན་ཡང་ཡོད་དེ། རྒྱལ་བའི་ཡུམ་རྒྱས་པ་བྱེ་བ་ཕྲག་བརྒྱ་པ། དྲི་ཟའི་རྒྱལ་པོ་རྣམ་པར་རྒྱལ་བའི་གནས་ན་ཡོད། འབྲིང་འབུམ་ཕྲག་བརྒྱ་པ་ལྷའི་དབང་པོའི་གནས་ན་ཡོད། བསྡུས་པ་འབུམ་ཀླུའི་ཡུལ་ན་ཚང་བར་བཞུགས་ཞེས་བུ་སྟོན་ཆོས་འབྱུང་ལས་གསུངས་ཤིང་། ཤེར་ཕྱིན་བཞེད་ཚུལ་རྦ་རླབས་ལས།[9] དགེ་བའི་བཤེས་གཉེན་ཤར་བ་པའི་དཀར་ཆག་ཏུ་ཞེས་ཤར་བ་པས་དེ་ལྟར་འདོད་པར་བཤད། དེ་ལྟར་ཡུམ་དགུའི་རྣམ་གཞག་འདོད་པ་ལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་སྤྱི་དོན་རོལ་མཚོ་ལས། ཞེས་བྱ་བའང་རིགས་པ་སྔ་མས་ཁེགས་སོ་ཞེས་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་པས་ལོགས་སུ་བགྲང་མི་རིགས་པར་གསུངས་ཏེ་བཀག
མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་མིན་ལ་དཔྱད་པ།
སྤྱིར་མདོ་སྡུད་པའི་འགྱུར་ལ་ཁྲི་བརྒྱད་སྟོང་པའི་ནང་ཚན་དུ་བྱས་པའི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་གཅིག་དང་། ཁྲི་བརྒྱད་སྟོང་པ་ལས་ལོགས་སུ་བསྒྱུར་པའི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་འགྱུར་གཉིས་ཡོད་པར་རང་རང་གི་འགྱུར་བྱང་དུ་གསལ་ལ། བོད་ལ་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་མིན་གྱི་རྩོད་པ་དེའང་འདི་ལས་བྱུང་བར་གསལ། མདོ་སྡུད་པ་ཁྲི་བརྒྱད་སྟོང་པ་ལས་ལོགས་སུ་འདོད་མཁན་ནི། ཡུམ་སྲས་བཅུ་བདུན་དང་དགུ་འདོད་མཁན་གཉིས་ཀས་ཀྱང་བཞེད་པ་འདྲ་སྟེ། མདོ་སྡུད་པ་དང་ཁྲི་བརྒྱད་སྟོང་པ་ལོགས་སུ་བགྲངས་ནས་གྲངས་འདྲེན་གནང་བའི་ཕྱིར། ཨར་ཆེན་པོས་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་མ་ཡིན་པར་བཞེད་དེ། ཨར་གྱི་སྡུད་པའི་བཤད་སྦྱར་ལས། འབུམ་ནས་བརྒྱད་སྟོང་པ་ཡན་ཆད་ནི་དུས་གཅིག་ཏུ་གསུངས་ལ། དེ་རྣམས་ཀྱི་དོན་ཐམས་ཅད་བསྡུ་བའི་ཕྱིར་དང་། དབྱངས་ཀྱིས་བསྙད་པས་ཕན་གདགས་པའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དུས་ཕྱིས་སྡུད་པ་ཚིགས་སུ་བཅད་པ་གསུངས་སོ། །ཞེས་ཡུམ་གསུམ་དང་ཤེས་རབ་ཁྲི་པ་ཁྲི་བརྒྱད་སྟོང་པ་རྣམས་དུས་གཅིག་ཏུ་གསུངས་ནས། དེ་རྣམས་ཀྱི་དོན་བསྡུས་སུ་རྗེས་ལ་སྡུད་པ་གསུངས་པར་བཤད།
མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་དུ་བཞེད་པ་ནི་རྗེ་བླ་མ་ཉིད་ཀྱི་རྨད་བྱུང་གི་ལེགས་བཤད་ཅིག་ཡིན་པར་སྣང་སྟེ། རྗེའི་གསེར་ཕྲེང་ལས།[10] ཁྱད་པར་དུ་སྡུད་པ་ཁྲི་བརྒྱད་སྟོང་པ་དང་སོ་སོར་བགྲང་བ་ནི་གླེགས་བམ་ཙམ་ཡང་མ་མཐོང་བར་སྟོན་པ་ཡིན་ཏེ། ཁྲི་བརྒྱད་སྟོང་པའི་ལེའུ་གྱ་བདུན་ཡོད་པའི་གྱ་བཞི་པ་ནི་སྡུད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཤིང་རྗེའི་སྔོན་གྱི་མཁས་པ་གང་གི་གསུང་དུའང་མ་ཐོན་པར་སྣང་ངོ་། །དེའང་ཁ་ཅིག་གིས་རྗེ་བཙུན་ཕར་ཕྱིན་རོལ་མཚོ་ལས་ཁ་ཅིག་གི་འདོད་པ་འདི་བཀོད་ཅིང་། འདོད་མཁན་སུ་ཡིན་གསལ་པོར་མ་རྙེད། ལོ་ཙཱ་བས་བོད་དུ་བསྒྱུར་པའི་ཚེ་གླེགས་བམ་གཅིག་ཏུ་བྱས་པ་ཡིན་གྱི། མདོ་སྡུད་པ་འདི་ཁྲི་བརྒྱད་སྟོང་པའི་ནང་ཚན་མ་ཡིན་ཏེ། སྡུད་འགྲེལ་ལས་རྒྱས་པར་བསྟན་ཟིན་པའི་དེ་མ་ཐག་ནས་ཞེས་མདོ་སྡུད་པ་ཁྲི་བརྒྱད་སྟོང་པ་ལ་སོགས་པ་གསུངས་ཟིན་པའི་རྗེས་སུ་གསུངས་པར་བཤད་པའི་ཕྱིར་ཞེས་འདོད་ལ།
སྤྱི་དོན་རོལ་མཚོ་ལས།[11] དེ་ལྟར་ན་ཁྲི་བརྒྱད་སྟོང་པ་ལ་ཤོ་ལོ་ཀ་ཁྲི་ཚོ་གཅིག་དང་སྟོང་ཕྲག་བརྒྱད་མ་ཚང་བས་ལོ་ཙཱ་བ་རྣམས་ཤོ་ལོ་ཀའི་གྲངས་ཙམ་ལ་ཡང་འཁྲུལ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཞན་ཡང་བསྡུས་པ་ལ་གསུམ་དུ་འབྱེད་ཚུལ་དེ་མི་འཐད་དེ། མདོ་བརྒྱད་སྟོང་པ་ལ་བམ་པོ་ཉེར་བཞི་ཡོད་པར་མདོ་དེ་ཉིད་ལས་འབྱུང་བས་སྐབས་འདིར་བམ་ཚད་ལ་མི་མཐུན་པ་མེད་པའི་ཕྱིར། ཞེས་རིགས་པ་གཉིས་ཀྱི་སྒོ་ནས་བཀག འོན་ཀྱང་དེ་ནས་ཞེས་པའི་སྡུད་པའི་ཚིག་འདིའི་འགྲེལ་པ་ལ་རྒྱས་པར་བསྟན་ཟིན་པའི་རྗེས་དེ་མ་ཐག་ནས་ཞེས་དང་རྒྱས་པར་བསྟན་པའི་མཇུག་ཐོགས་སུ་ཞེས་སྡུད་འགྲེལ་གཉིས་ཀར་འབྱུང་ཞིང་། རྒྱས་པར་བསྟན་ཅེས་པའི་མིང་གཅིག་ཀྱང་དོན་མི་འདྲ་སྟེ། སློབ་དཔོན་སེང་གེ་བཟང་པོའི་སྡུད་འགྲེལ་ལས།[12] སྤྲོས་པས་གསུངས་པ་གོ་བའི་སེམས་ཅན་རྒྱས་པ་ལ་དགའ་བས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བ་སྤྲོས་ནས་མངོན་པར་རྟོགས་པ་བརྒྱད་གསལ་བར་བྱེད་པའི་ཡུམ་སྟོང་ཕྲག་བརྒྱ་པའི་དོན་ཐམས་ཅད་ཉེ་བར་བསྡུས་པའི་དགོས་པ་ནི་ཉན་པ་པོས་གསལ་བར་རྟོགས་པར་བྱ་བའི་ཕྱིར་དང་། ཞེས་དང་། [13]འདས་མ་ཐག་ཏུ་བསྟན་པའི་བརྗོད་པར་བྱ་བ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་མདོའི་དོན་སྔར་བཤད་པའི་སེམས་ཅན་གྱིས་མདོར་བསྡུས་པས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། ཞེས་དང་། [14]དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་རྒྱས་པར་བསྟན་པའི་དེ་མ་ཐག་ཏུའམ། ཞེས་སོགས་གུང་བསྒྲིགས་ན་དེ་ནས་ཞེས་པའི་དེ་སྒྲའི་སྙེག་ཡུལ་ལ་དེ་མ་ཐག་ཏུ་གསུངས་ཟིན་པའི་ཡུམ་འབུམ་པ་ལ་བྱེད་པར་སྣང་ལ། སྡུད་པ་འདིའང་ཁྲི་བརྒྱད་སྟོང་པའི་ལེའུ་སྔ་མ་རྣམས་ཀྱི་དོན་བསྡུས་མིན་པར་འབུམ་གྱི་དོན་བསྡུས་སུ་བཞེད་པར་གསལ་ལ། ཨར་གྱི་སྡུད་པའི་བཤད་སྦྱར་ལས་ཀྱང་འདི་ཡུམ་གསུམ་དང་ཁྲི་བརྒྱད་སྟོང་པ་དང་ཤེས་རབ་ཁྲི་པ་སྟེ་ཡུམ་ལྔ་ཀའི་དོན་བསྡུས་སུ་བཤད།
སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ་ལས།[15] ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྐབས་ཀྱིས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བཤད་པ་ཡང་ཚིགས་སུ་བཅད་པ་དག་གིས་རྒྱས་པར་རབ་ཏུ་སྟོན་པ་ལ་ཟློས་པ་ལ་སོགས་པའི་ཉེས་པ་བསལ་བར་འདོད་ནས། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནས་ཡང་ཞེས་བྱ་བ་ནི་རྒྱས་པར་བསྟན་པའི་མཇུག་ཐོགས་སུའམ། ཞེས་གསུངས་པས་དེ་ནས་ཞེས་པའི་དེ་སྒྲའི་སྙེག་ཡུལ་ལ་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་གསུམ་པོ་ལ་བཞེད་པར་མངོན་ཏེ། བཤད་བྱ་ཤེར་ཕྱིན་དེ་འཆད་བྱེད་མཁྱེན་པ་གསུམ་གྱི་སྐབས་ཀྱིས་རྒྱས་པར་བཤད་དེ། དེ་ནས་སྡུད་པ་འདི་གསུངས་པར་བཤད་པའི་ཕྱིར། འདི་ལས་དེ་སྒྲའི་སྙེག་ཡུལ་ལ་སྒྲ་དོན་གཉིས་ཀ་ལ་བྱེད་དེ། དོན་ལ་བྱས་ན་རྒྱས་པར་བསྟན་པའི་གདུལ་བྱ་དེ་དག་ལ་མདོར་བསྡུས་ནས་བསྟན་པའི་སྐབས་སུ་བབས་པར་གཟིགས་པ་དེ་མ་ཐག་ནས་སྡུད་པ་འདི་གསུངས་ཞེས་ཀྱང་འགྲེལ་རིགས་པར་བཤད་པའི་ཕྱིར། དེའང་ཁྲི་བརྒྱད་སྟོང་པ་ལ་མངོན་རྟོགས་བརྒྱད་ཀྱི་སྐབས་བརྒྱད་དུ་ཕྱེ་ནས་འགྲེལ་ཚུལ་གཅིག་དང་། མཁྱེན་གསུམ་གྱི་སྐབས་གསུམ་དུ་ཕྱེ་ནས་འགྲེལ་ཚུལ་གཉིས་ཡོད་པར་གསལ་ཏེ། ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པས་བརྒྱད་དུ་ཕྱེ་ནས་བཤད་ཅིང་། ཡུམ་གསུམ་གནོད་འཇོམས་ཀྱིས་མཁྱེན་གསུམ་གྱི་སྐབས་གསུམ་དུ་ཕྱེས་ནས་བཤད་པའི་ཕྱིར། དེ་ལྟར་དེ་ནས་ཞེས་པའི་དེ་སྒྲའི་སྙེག་ཡུལ་སྡུད་འགྲེལ་གཉིས་མི་མཐུན་པར་འབྱུང་ཞིང་། གཉིས་ཀས་ཀྱང་ཁྲི་བརྒྱད་སྟོང་པ་ལ་མི་བཞེད་པར་གསལ་ཏེ། གལ་ཏེ་དེ་ནས་ཞེས་པའི་དེ་སྒྲའི་སྙེག་ཡུལ་ཁྲི་བརྒྱད་སྟོང་པ་ཡིན་ན། དེའི་འགྲེལ་པར་སྡུད་འགྲེལ་གཉིས་ཀར་ཁྲི་བརྒྱད་སྟོང་པ་ལ་བྱེད་པའི་ཚིག་ཟུར་ཙམ་ཡང་མ་བྱུང་བའི་རྒྱུ་མཚན་མེད་པའི་ཕྱིར།
གཞན་ཡང་མདོ་སྡུད་པ་འདི་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་པའི་ཁུངས་བཙན་ཤོས་ཤིག་ནི། ཁྲི་བརྒྱད་སྟོང་པའི་ལེའུ་གྱ་ལྔ་པ་རྟག་ཏུ་ངུའི་ལེའུ་ལས།[16] དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་ནས་ཞེས་མདོ་སྡུད་པ་རྫོགས་མ་ཐག་ཏུ་འབྱུང་ཞིང་། ཚིགས་སུ་བཅད་པ་འདི་དག་གསུངས་ནས་ཞེས་པའི་ཚིགས་སུ་བཅད་པ་དེ་མདོ་སྡུད་པ་ལ་བྱེད་དེ། གལ་ཏེ་མདོ་སྡུད་པ་གསར་བཅུག་ཏུ་འདོད་ན། ཚིགས་སུ་བཅད་པ་འདི་དག་ཅེས་པའི་འདིའི་སྙེག་ཡུལ་གྱི་ཚིགས་བཅད་དེ་དག ལེའུ་གོང་མ་ལེའུ་གྱ་གསུམ་པ་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་དེ་ཡིན་དགོས་པ་ལས། ལེའུ་དེ་ཚིག་ལྷུག་ཡིན་པ་དང་དེར་ཚིགས་བཅད་སྣ་གཅིག་ཀྱང་མེད་པས་སོ། །ཡང་སྡུད་འགྲེལ་རྟོགས་སླ་ལས།[17] ཐམས་ཅད་ཀྱི་ཐ་མར་གྱུར་པའི་ལེའུ་ཞེས་མདོ་སྡུད་པ་འདི་གཞུང་རང་མཚན་པ་ཞིག་གི་ལེའུ་བྱེ་བྲག་པ་ཞིག་ཏུ་བཤད་པའི་ཕྱིར། སྤྱིར་བོད་དུ་བསྒྱུར་པའི་ཁྲི་བརྒྱད་སྟོང་པའི་འགྲེལ་པ་ལ་གཉིས་ཡོད་པའི་ཡུམ་གསུམ་གནོད་འཇོམས་དང་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་གཉིས་ཀར་ཁྲི་བརྒྱད་སྟོང་པའི་དགོངས་པ་འགྲེལ་པའི་སྐབས་མདོ་སྡུད་པའི་བཤད་པ་མི་སྣང་བས། མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་ན་མདོ་སྡུད་པར་བཤད་པ་མི་སྣང་བ་གང་ཡིན་ཞེས་འདྲི་བར་འདོད་དོ།།
[1] བསྟན་འགྱུར་དཔེ་བསྡུར་མ། པོད། ༥༢ ཤོག་གྲངས། ༧༧༣ པར་གསལ།
[2] མི་རིགས་དཔེ་སྐྲུན་ཁང་། ཤོག་གྲངས། ༣ པར་གསལ།
[3] ཤེས་རབ་གླིང་པར་མ། ཤོག་གྲངས། ༢ པར་གསལ།
[4] ཝཱཎ་པར་མ། ཤོག་གྲངས། ༣ པར་གསལ།
[5] ལྔ་རིག་དཔེ་ཚོགས། གསུང་འབུམ་པོད་ད་པ། ཤོག་གྲངས། ༡༡༤ པར་གསལ།
[6] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༧ པར་གསལ།
[7] བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས། ༢༦ ཤོག་གྲངས། ༦༦༦ ལ་གསལ།
[8] བློ་གླིང་པར་མ། ཤོག་གྲངས། ༡༡༣ པར་གསལ།
[9] ལྔ་རིག་དཔེ་ཚོགས། གསུང་འབུམ་པོད་ད་པ། ཤོག་གྲངས། ༡༡༣ པར་གསལ།
[10] བྱང་རྩེ་པར་མ། པོད་དང་པོ། ཤོག་གྲངས། ༡༡ པར་གསལ།
[11] སེ་ར་པར་མ། གསུང་འབུམ་ཁ་པ། ཤོག་གྲངས། ༥ པར་གསལ།
[12] དཔེ་ཪིང་། ཤོག་གྲངས། ༤ པར་གསལ།
[13] དཔེ་རིང་། ཤོག་གྲངས། ༦ པར་གསལ།
[14] དཔེ་རིང་། ཤོག་གྲངས། ༡༥ པར་གསལ།
[15] དཔེ་རིང་། ཤོག་གྲངས། ༤ པར་གསལ།
[16] བཀའ་འགྱུར་དཔེ་བསྡུར་མ། ཤོག་གྲངས། ༤༤༠ པར་གསལ།
[17] དཔེ་རིང་། ཤོག་གྲངས། ༥ པར་གསལ།