རྒྱན་གྱིས་བརྒྱན་པའི་སེམས་ཁོང་གི་བླ་མ།

ལོ་རིམ་བཞི་པའི་སློབ་གཉེར་བ། བཀྲ་ཤིས་རྡོ་རྗེ།

བཟློག་པ་ཅན་གྱི་དཔེ།


འདུལ་འཛིན་དམ་པའི་ཐམ་ག་བདག་གིར་བཞེས།།
རྒྱལ་བསྟན་ཕྲག་ཏུ་འདེགས་ལ་ཆེས་དཔའ་བ།།
གྲུབ་དབང་བླ་མ་ཞི་འཚོ་དང་མཚུངས་མོད།།
ཤངས་རྩེར་ཨ་ཡིག་མཚན་པས་རྣམ་པར་དབྱེ།།


སྦྱར་བ་ལྡོག་པ།


ཡབ་རྗེ་གྲུབ་དབང་མཆོག་དང་ཡོངས་འདུའི་ཤིང་།།
རིན་བྲལ་དགོས་འདོད་སྦྱིན་ལ་དབུལ་བ་སེལ།།
རྗེ་ཁྱོད་འདི་དང་ཕྱི་མ་གཉིས་དག་ལ།།
དཔག་བསམ་ལྗོན་པ་ཚེ་འདིའི་རེ་སྐོང་ཙམ།།


དཔེ་ཅན་ལྷག་པའི་ལྡོག་པ་ཅན།


རྟ་བདུན་དབང་པོས་མུ་མེད་ཤེས་བྱའི་ཀློང་།།
རྟོགས་པར་མི་ནུས་སྐྱེ་དགུར་སྙིང་རྗེ་བྲལ།།
གྲུབ་དབང་བླ་མས་མཐའ་མེད་ཆོས་ཀུན་མཁྱེན།།
ཡུལ་གྱར་རྣམས་ལ་ལྷག་ཏུ་བརྩེ་བ་ཅན།།


རིགས་མཐུན་འབྱེད་པའི་ལྡོག་པ་ཅན།


རྡུལ་མཚོན་མེ་སྒྱོགས་ཤུགས་ཀྱིས་བསྡུས་མིན་ཞིང་།།
དཔལ་དང་འབྱོར་པའི་རིན་གྱིས་བསླུས་མིན་པས།།
གྲུབ་དབང་བླ་མའི་བྱམས་བརྩེའི་ནུས་སྟོབས་ཀྱིས།།
ཕྱོགས་ཀྱི་སྐྱེ་དགུའི་སེམས་ལ་ཞི་བདེ་བསྐྲུན།།


སྔར་མེད་བསྡུས་བརྗོད།


འདབ་ལྡན་ཀུ་མུད་རྙིད་པར་མི་བྱེད་ཅིང་།།
རབ་དམར་པདྨ་རྒྱས་པར་མི་རྩོམ་པར།།
དྲོད་འཇམ་འོད་མདངས་སྦྱིན་པའི་ཉི་མ་ཞིག།
དུས་མཐའི་ཀུན་གསལ་ཀློང་ན་དལ་གྱིས་རྒྱུ།།


ཁྱད་འཕགས་ཕུལ་བྱུང་།


བསླབ་པའི་འདུལ་ཁྲིམས་རིན་ཆེན་སྲོག་དང་བསྡོངས།།
ཉེས་ལྟུང་དྲི་མ་ས་འཛིན་རྡུལ་ཙམ་དབེན།།
ལྔ་བདོའི་འདུལ་འཛིན་གཙུག་ནོར་གྲུབ་དབང་རྗེ།།
འཕགས་ཡུལ་མཁས་པའི་དབུས་ནའང་མཚོན་ནུས་མིན།།


ཐེ་ཚོམ་ཕུལ་བྱུང་།


ཉིན་མཚན་རྣམ་པ་ཀུན་ཏུ་བསྟན་དོན་ལ།།
བརྩོན་པར་མཛད་པའི་ཡབ་གཅིག་པད་ནོར་རྗེ།།
འབྱུང་འདུས་སྐུ་གཟུགས་གསོ་བའི་བཟའ་བཏུང་ཡང་།།
སྤྱོད་པའི་དུས་སྐབས་ཡོད་མེད་ཡིད་གཉིས་གྱུར།།


ངོ་མཚར་ཕུལ་བྱུང་།


ཚེ་རབས་གཏན་གྱི་སྐྱབས་གཅིག་གྲུབ་དབང་རྗེ།།
བྱམས་བརྩེ་མུ་མེད་རྒྱུ་སྐར་ལམ་གྱིས་ཀྱང་།།
འཇལ་ནུས་མེད་འདི་ཆེན་པོ་ས་ཡི་སྟེང་།།
ཤོང་བར་ནུས་འདི་ཨེ་མ་ངོ་མཚར་ཆེ།།


རིང་འབྲས་ཀྱི་རྒྱུ།


རྗེ་ཁྱོད་གཞུང་ལུགས་རྒྱ་མཚོའི་ཉིང་ཁུའི་རོ།།
གཅིག་ཏུ་བསྡུས་པར་སྤྱོད་པས་ལས་ཅན་འགའ།།
རྗེས་སུ་འཛིན་པའི་མཛད་ཕྲིན་བཟང་པོ་དེས།།
བདག་གི་ཡིད་ཀྱང་དབང་མེད་ཕྱོགས་དེར་དྲངས།།


རིགས་མིན་གྱི་རྒྱུ།


རྗེ་ཁྱོད་སྤང་བླང་གདམས་པ་ནམ་མཁའི་ནོར།།
ཡང་དག་འོད་སྟོང་སྣང་བ་རྟག་འཕྲོ་ཡང་།།
འགའ་ཞིག་རང་བློར་མ་འཚམས་ལོག་བཤད་ཀྱི།།
རྨོངས་འདུན་ཅི་ཡང་འཆར་འདི་འོས་སམ་ཅི།།


རིགས་པའི་རྒྱུ།


ལས་ཀྱི་རྨུ་ཐག་རྒྱང་ནས་འབྲེལ་བ་ཡིས།།
ཚེ་འདིར་བླ་མ་བསྟེན་པའི་བྱིན་རླབས་མཐུས།།
བསྐྱེད་པས་ལས་འབྲས་བླང་དོར་ཤེས་པའི་ནོར།།
རྒྱན་དུ་ཐོབ་འདི་རིགས་ཤིང་འཐད་པ་ཉིད།།


སྨད་པའི་ཟོལ་གྱིས་བསྟོད་པ།


བརྩེ་བ་མེད་པའི་རྒྱུད་གཅིག་གཉེན་ལ་སྡང་།།
ཞེན་པས་ཕྱུག་པའི་ཡུལ་གྱར་མི་ལ་བྱམས།།
འབྱོར་པས་དབུལ་ཏེ་དངུལ་ལོར་ལྔ་བརྒྱ་ཡིས།།
ལོ་རྒྱུས་རྨུ་ཐག་སྐྲུན་མཁན་ཁྱེད་ཉིད་ཙམ།།


རིམ་པ་ཅན་གྱི་རྒྱན།


སྙིགས་དུས་བསྟན་པ་གསལ་བའི་སྒྲོན་མེ་མཆོག།
བསྟན་པའི་སྙིང་པོ་སྔ་འགྱུར་མཛེས་པའི་རྒྱན།།
མགོན་ཁྱོད་མཁས་དང་བཙུན་པ་བཟང་པོའི་ཚུལ།།
སློབ་དཔོན་ཞི་འཚོ་ཁྲི་སྲོང་རྗེ་དང་མཚུངས།།


གཟུགས་བརྙན་གྱི་དགའ་བ།


ཚེ་རབས་ལས་ཀྱིས་བསྐོས་པའི་དྲིན་ཆེན་རྗེ།།
དེ་རིང་མཇལ་བའི་སྐལ་བ་མེད་ན་ཡང་།།
འཕྲུལ་གྱིས་བསྐྲུན་པའི་བརྙན་མིག་ཁང་བཟང་དུ།།
མཐོང་བའི་དགའ་བ་མིག་ཆུའི་གསེང་དུ་སྦས།།


གཟི་བརྗིད་ཀྱི་རྒྱན།


དྲི་མེད་འདུལ་ཁྲིམས་དག་པའི་རང་མདངས་ཀྱིས།།
དུས་མཐའི་དགེ་སྦྱོང་སྤོབས་པ་ཕྲོགས་སོ་ཞེས།།
ཞུམ་པའི་ཟུར་མིག་སྐྱ་བོ་ཅེར་མི་དགོས།།
གཙུག་ཏུ་བཀུར་བའི་དུས་བཟང་ཤར་འདུག་ཨ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།