དཀོན་མཆོག་བསམ་གཏན། ལོ་རིམ་བདུན་པ།
ལས་དབང་གཅིག་གིས་བསྡུས་པའི་གྲོགས་ཀྱི་ཚོམ་བུ།།
སྐྱིད་སྡུག་ཡ་མ་ཟུང་གི་འགྱུར་ལྡོག་ཁྲོད་ནས།།
ང་རྒྱལ་ཁོ་ཕམ་ཟེར་བའི་རྩོད་གཞི་མེད་ཀྱང་།།
གཞུང་ལུགས་བརྡར་ཤ་གཅོད་སའི་གར་སྟེགས་གཅིག་ཡིན།།
དཀྱིལ་འཁོར་གཅིག་ལ་བརྟེན་པའི་རྡོ་རྗེའི་སྤུན་གྲོགས།།
དམ་ཚིག་གཡའ་ཡི་དྲི་མས་གོས་པ་མེད་ན།།
འཆི་བདག་བཙན་པོ་འདི་ཡིས་སོ་སོར་བཀྲལ་ཀྱང་།།
ཕྱི་མའི་ལམ་བུ་དེ་ནས་སླར་ཡང་མཇལ་ཡོང་།།
སྟོན་པ་གཅིག་ལ་བརྟེན་པའི་རྗེས་འབྲང་ང་ཚོ།།
རིགས་དྲུག་འཁོར་མཚོ་འདི་ནས་འབྲོས་དགོས་དྲན་ན།།
བདེན་འཛིན་མ་རིག་བློ་ལ་བྱི་དོར་བཏང་སྟེ།།
གཞན་དོན་ཁུར་ཆེན་འདེགས་པའི་སྙིང་སྟོབས་ཡོད་དགོས།།
སྒྲིག་གཞི་གཅིག་གི་འོག་ནས་མི་ཚེ་བསྐྱལ་ཏེ།།
ཁང་མིག་གཅིག་གི་འོག་ཏུ་མཉམ་འཛོམས་བྱུང་བའི།།
ཕ་སྤུན་ཐུག་པ་ནང་བཞིན་ཞི་འཇམ་ངང་ནས།།
བདེ་སྐྱིད་དགོད་སྒྲའི་ཁྲོད་དུ་འཚོ་བར་རོལ་ཤོག།
དགེ་རྒན་གཅིག་གི་མདུན་ནས་གཞུང་ཆེན་བསྔོགས་ཏེ།།
རིགས་པའི་ངར་སྐད་ཆེན་པོས་ས་གཞི་སྒུལ་བཞིན།།
རྒྱལ་ཁའི་དཔའ་དར་འཕྱར་བའི་གཞོན་པ་ང་ཚོ།།
འཛིན་གྲྭའི་ཐེམ་སྐས་འཛེག་ལ་ངལ་བ་གཅིག་ཡིན།།