ཚེ་དབང་ནོར་བུ། འཛིན་རིམ་བརྒྱད་པ།
རྗེ་བཙུན་འཇམ་དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ།།
བློ་གྲོས་སྤོབས་པའི་གཏེར་ཆེན་བསྩལ་དུ་གསོལ།
དེ་ལ་འདིར་རྩ་རྒྱུད་གསང་བ་སྙིང་པོ་ཉིད་ནང་རྒྱུད་སྡེ་གསུམ་གང་ལྟར་དུ་འགྲེལ་ཚུལ་གྱི་བཀའ་སྲོལ་རྣམ་པ་གཉིས་ཀྱི་དགོངས་པ་འགྲེལ་སྟངས་ལ་དཔྱད་པ་རགས་ཙམ་ཞིག་བྱ་བ་ལ། ཟབ་པ་མན་ངག་གི་བཀའ་སྲོལ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པའི་གསང་སྙིང་འགྲེལ་པ་ཕྱོགས་བཅུའི་མུན་སེལ་གྱི་དགོངས་འགྲེལ་སྤྱི་དོན་འོད་གསལ་སྙིང་པོར་གཞུང་འདི་ཉིད་ནང་རྒྱུད་སྡེ་གསུམ་གང་ལྟར་དུ་བཀྲལ་བར་བཞེད་ཚུལ་ལ་དཔྱད་པ་དང་། རྒྱ་ཆེ་བའི་ཤིང་རྟའི་བཀའ་སྲོལ་ཆེན་པོ་ཀུན་མཁྱེན་ཟུར་པ་ཡབ་སྲས་ཀྱི་ཞལ་རྒྱུན་དང་འགྲེལ་པ་དག་གི་དགོངས་འགྲེལ་གསང་བདག་ཞལ་ལུང་དུ་གཞུང་འདི་ཉིད་ནང་རྒྱུད་སྡེ་གསུམ་གང་ལྟར་དུ་བཀྲལ་བར་བཞེད་ཚུལ་ལ་དཔྱད་པ། དེ་གཉིས་ཀྱི་མཐར་ཐུག་གི་དོན་ལ་དགོངས་པ་རོ་གཅིག་པའི་ཚུལ་གྱིས་གྲུབ་དོན་བསྡུ་བ་བཅས་རྣམ་པ་གསུམ་གྱིས་ཞུ་བར་བྱ་བ་ལས།
དང་པོ་སྤྱི་དོན་འོད་གསལ་སྙིང་པོར་གཞུང་འདི་ཉིད་ནང་རྒྱུད་སྡེ་གསུམ་གང་ལྟར་དུ་བཀྲལ་བར་བཞེད་ཚུལ་ལ་དཔྱད་པ།
སྤྱི་དོན་འོད་གསལ་སྙིང་པོ་ལས།[1] དེ་ཡང་རྒྱུད་འདི་ནི་མ་ཧཱའི་ཨ་ཏི་ཡིན་པས། རྫོགས་ཆེན་ལ་གསུམ་དུ་ཕྱེ་བའི་ཨ་ཏིའི་མ་ཧཱ་དང་གནད་གཅིག་པས་ན། གསང་བ་རྫོགས་པ་ཆེན་པོ་ལ། བསྐྱེད་རྫོགས་དབྱེར་མེད་སེམས་དང་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་བསྟན་པ་དང་། བསྐྱེད་རྫོགས་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་གསུམ་ལས་སྔ་མ་ལྟར་དུ་འཆད་པའོ། །ཞེས་གསུངས་པའི་དོན་ལ་དཔྱད་པར་བྱ་སྟེ། སྤྱིར་གོ་ཚོད་ཅན་རེ་འགས་ནི། གསང་སྙིང་གི་རྒྱུད་འདི་ཉིད་ཀུན་མཁྱེན་ཀློང་ཆེན་པས་ནང་རྒྱུད་ཡོ་ག་གསུམ་གྱི་མ་ཧཱའི་ཨ་ཏིར་གནས་པར་གསུངས་ཤིང་། དེ་ལ་བརྟེན་ནས་འཇམ་མགོན་མི་ཕམ་མཆོག་གིས་ཀྱང་ཨ་ཏིའི་མ་ཧཱ་དང་གནད་གཅིག་པར་གསུངས་པ་ལ་གོ་བ་ལེན་པར་འགྱུར་བར་ཐེ་ཚོམ་མེད་མོད། འོན་ཀྱང་དོན་ལ་དེ་ལྟར་མི་འཐད་དེ། ཇི་ལྟར་ན། ཀུན་མཁྱེན་མི་ཕམ་མཆོག་གིས་གསང་སྙིང་གི་རྒྱུད་འདི་ཉིད་མ་ཧཱའི་ཨ་ཏིར་གནས་པར་གསུངས་པ་ཡིན་པས། དེ་ནི་ཀུན་མཁྱེན་ཀློང་ཆེན་པས་རྒྱུད་འདི་འགྲེལ་ཚུལ་གྱི་རང་བཞིན་ཨ་ཏིའི་མ་ཧཱ་དང་གནད་གཅིག་པ་ཡིན་པས་ན། ཞེས་པའི་དོན་ཏེ། ཀློང་ཆེན་ཞབས་ཀྱིས་ཕྱོགས་བཅུའི་མུན་སེལ་དུ་རྒྱུད་འདི་ཉིད་ཨ་ཏིའི་མ་ཧཱ་ཡིན་ཞེས་དངོས་སུ་མ་གསུངས་ཀྱང་། འཆད་ཚུལ་གྱི་རྣམ་པ་ལ་དེ་ལྟར་དུ་གནས་ཡོད་པར་འཇམ་མགོན་མི་ཕམ་པས་གང་གི་ཟབ་པ་ཐུན་མིན་ལམ་སྲོལ་གྱི་མན་ངག་ཇི་བཞིན་ལོངས་པར་བཀྲལ་བ་སྟེ།
ཕྱོགས་བཅུའི་མུན་སེལ་ལས།[2] གསང་སྔགས་ནང་པ་བསྐྱེད་པ་མ་ཧཱ་ཡོ་ག ལུང་ཨ་ནུ་ཡོ་ག རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་རྣམས་ཕྱི་ནང་གསང་བ་གསུམ་དུ་སྣང་བའི་གསང་བ་ལ་ཡང་། བསྐྱེད་རྫོགས་གཉིས་སུ་མེད་པ་སེམས་དང་ཡེ་ཤེས་སུ་རང་སྣང་བའི་དཀྱིལ་འཁོར་བསྟན་པ་དང་། བསྐྱེད་པ་དང་རྫོགས་པ་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་དང་། ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་གསུམ་ལས། འདིར་བསྐྱེད་རྫོགས་གཉིས་སུ་མེད་པ་སེམས་དང་ཡེ་ཤེས་སུ་རང་སྣང་བའི་དཀྱིལ་འཁོར་སྒྱུ་འཕྲུལ་དྲྭ་བ་མངོན་པར་བྱང་ཆུབ་པ་ཉིད་སྟོན་པར་བྱེད་དོ། །ཞེས་གསུངས་པ་དེ་དང་མཐུན་པར་གཞུང་འདིར་ཡང་གསང་བ་རྫོགས་པ་ཆེན་པོ་ལ་གསུམ་དུ་ཕྱེ་བ་དག་རིམ་བཞིན།
དང་པོ་ནི་ཨ་ཏིའི་མ་ཧཱ་ཕྱི་སེམས་སྡེ་ལྟར། གཞིའི་ཆ་ནས་སེམས་དང་ཡེ་ཤེས་སུ་རང་སྣང་བའི་དཀྱིལ་འཁོར་དུ་བསྟན་པ་དང་། ལམ་གྱི་ཆ་ནས་བསྐྱེད་རྫོགས་མཉམ་པར་བསྟན་ཀྱང་བསྐྱེད་པ་གཙོ་བོར་བསྟན་པ་དང་། གཉིས་པ་ནི་ཨ་ཏིའི་ཨ་ནུ་ནང་ཀློང་སྡེ་ལྟར། གཞིའི་ཆ་ནས་སེམས་ཉིད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་དུ་བསྟན་པ་དང་། ལམ་གྱི་ཆ་ནས་བསྐྱེད་རྫོགས་མཉམ་པར་བསྟན་ཀྱང་རྫོགས་པ་གཙོ་བོར་བསྟན་པ་དང་། གསུམ་པ་ནི་ཨ་ཏིའི་ཨ་ཏི་གསང་བ་མན་ངག་ལྟར་དུ། གཞིའི་ཆ་ནས་ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་བསྟན་པ་དང་། ལམ་གྱི་ཆ་ནས་བསྐྱེད་རྫོགས་ཀུན་བྲལ་ལྷུན་གྲུབ་རྫོགས་པ་ཆེན་པོར་བསྟན་པ་བཅས། དེ་ལྟར་སེམས་ཀློང་མན་ངག་སྡེ་གསུམ་ལས་སྐབས་འདིར་ནི་སེམས་སྡེའི་ཕྱོགས་དང་མཐུན་པར་བཀྲལ་བ་སྟེ།
སྤྱིར་ན་གསང་སྔགས་གསར་སྙིང་གི་རྒྱུད་སྡེ་ཐམས་ཅད་ཀྱང་རྫོགས་ཆེན་སེམས་སྡེ་ཙམ་དུ་འདྲ་བ་ལ་ཁྱད་པར་མེད་པའང་འཇམ་མགོན་མི་ཕམ་ཞབས་ཀྱིས་ངེས་ཤེས་སྒྲོན་མེ་ལས།[3] རྫོགས་ཆེན་སེམས་སྡེའི་མན་ངག་རེར། །མཁས་གྲུབ་སོ་སོའི་ཉམས་བཞེས་པས། །ཕྱག་ཆེན་ལམ་འབྲས་ཞི་བྱེེད་དང་། །ཟུང་འཇུག་དབུ་མ་ཆེན་པོ་སོགས། །མཚན་གྱི་རྣམ་གྲངས་སོ་སོར་གྲགས། །དོན་ལ་སེམས་ལས་འདས་པ་ཡི། །ཡེ་ཤེས་ཡིན་ཕྱིར་ཀུན་ཀྱང་མཉམ། །ཞེས་གསུངས་ཤིང་། རྫོགས་ཆེན་སེམས་སྡེ་ནི་ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་པ་ཐམས་ཅད་རང་རིག་བྱང་ཆུབ་སེམས་ཀྱི་ངོ་བོར་གཏན་ལ་འབེབས་པའི་གཞུང་ཡིན་ལ། དེ་ཙམ་ནི་གསང་སྔགས་གསར་རྙིང་གི་རྒྱུད་སྡེ་ཐམས་ཅད་དུ་བསྟན་ཡོད་པ་ཡིན་ཞིང་། དེ་ཡི་མན་ངག་གི་གནད་ཐོར་བུ་རེ་ལ་མཁས་གྲུབ་སོ་སོའི་ཉམས་བཞེས་གནང་ཚུལ་གྱི་ཁྱད་པར་ལས་ཕྱག་ཆེན་ལམ་འབྲས་ཞི་བྱེད་སྦྱོར་དྲུག་སོགས་ཀྱི་ལྟ་གྲུབ་སྣ་ཚོགས་སུ་བྱུང་བ་ཡང་འཇམ་མགོན་གང་གི་ལུང་ལས་དཔོག་པ་ཡིན། ཁྱད་པར་རྒྱུད་འདི་ཉིད་རྫོགས་ཆེན་སེམས་སྡེ་དང་མཐུན་ཚུལ་ནི། རྒྱུད་འདི་ཉིད་ཀྱི་ལེའུ་གཉིས་པར་གཞུང་གི་བརྗོད་དོན་ཇི་ལྟར་གླེང་སློང་བའི་ཚུལ་ལས་ལེགས་པར་མཁྱེན་པར་འགྱུར་བས་འདིར་སྤྲོས་པ་མི་བྱ།
དེ་ལ་ཁ་ཅིག་ན་རེ། གསང་སྙིང་གི་རྒྱུད་འདི་ཉིད་མ་ཧཱའི་ཨ་ཏི་ཡིན་པས་ཨ་ཏིའི་མ་ཧཱ་དང་གནད་གཅིག་པར་གསུངས་ན་གཞུང་འདི་ཉིད་ཀྱི་བསྟན་ཚོད་ལ་ཨ་ཏིའི་རྣམ་གཞག་ལྟར་དུ་དང་པོ་ཉིད་ནས་འགྲེལ་དགོས་པ་ལས། སྤྱི་དོན་འོད་གསལ་སྙིང་པོ་འདིར་ནི་དེ་ལྟར་བཀྲལ་མེད་དེ། བཤད་བྱ་རྒྱུད་ཀྱི་ཆེ་བའི་ནང་གསེས་ཟབ་པ་ཐུན་མིན་སྙིང་པོའི་རྒྱུད་འཆད་སྐབས། རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཕྱེ་བའི་རྒྱུད་སྡེ་ལ་ཏནྟྲ་སྡེ་བཅོ་བརྒྱད་དུ་གསུངས་པ་སོགས་མ་ཧཱའི་ཆོས་འཁོར་ཁོ་ན་རྩལ་བཏོན་མཛད་པའི་ཕྱིར། ཞེས་ཟེར་བ་ལ། ཁྱེད་ཀྱི་སྒྲུབ་བྱེད་བཤད་བྱ་རྒྱུད་ཀྱི་ཆེ་བའི་ནང་གསེས་ཟབ་པ་ཐུན་མིན་སྙིང་པོའི་རྒྱུད་འཆད་སྐབས། རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་སུ་ཕྱེ་བའི་རྒྱུད་སྡེ་ལ་ཏནྟྲ་སྡེ་བཅོ་བརྒྱད་དུ་གསུངས་པ་སོགས་མ་ཧཱའི་ཆོས་འཁོར་ཁོ་ན་རྩལ་བཏོན་མཛད་པ་ནི་སྨོས་མེད་ལགས་ཏེ། དེ་ཡང་གཞུང་འདི་ཉིད་སྤྱིར་ནས་སམ་གཙོ་ཆེ་ཤོས་བཤད་བྱའི་གཞི་ཉིད་མ་ཧཱ་ཡོ་གའི་ཆོས་འཁོར་ཡིན་པར་བརྟེན། གཞུང་འདིའི་དགོངས་པ་ཨ་ཏི་ལྟར་དུ་གནས་པ་ཡིན་ཡང་མ་ཧཱའི་ནང་གསེས་ཀྱི་ཨ་ཏི་ལྟར་ཡིན་པས། མ་ཧཱ་ཡོ་གའི་བཤད་བྱ་རྒྱུད་ཀྱི་ཆེ་བ་ཉིད་ཅི་ནས་ཀྱང་རྩལ་བཏོན་མཛད་དགོས་པའི་ཕྱིར་ན། གཞུང་འདི་ཉིད་ཀྱི་བསྟན་ཚོད་ལ་དང་པོ་ཉིད་ནས་ཨ་ཏིའི་རྣམ་གཞག་ལྟར་དུ་མ་བཀྲལ་བའི་རྒྱུ་མཚན་དེ་ལྟར་རོ།།
གལ་ཏེ་དང་པོ་ཉིད་ནས་ཨ་ཏིའི་རྣམ་གཞག་ལྟར་དུ་བཀྲལ་ན། རྒྱུད་འདི་ཉིད་མ་ཧཱ་ཡོ་གའི་ཆོས་འཁོར་མིན་པར་ཨ་ཏི་ཡོ་གའི་ཆོས་འཁོར་ཡིན་པར་ཐལ་བའང་ཅིས་མི་འགྱུར་ཏེ། ནང་རྒྱུད་སྡེ་གསུམ་གྱི་སོ་སོའི་ཆོས་འཁོར་སྤྱི་དང་ཁྱད་པར་མ་ཧཱ་ཡོ་གའི་ཆོས་འཁོར་ལ་བཀའ་སྡེ་རྣམ་པ་གཉིས་ཀྱི་བཞེད་སྲོལ་ཐ་དད་པའི་རྣམ་གྲངས་ཇི་ལྟར་བསྟན་པ་དག་ལས་མཁྱེན་པར་འགྱུར་རོ།།
འོན་ཏེ་རྒྱུད་གཞུང་འདི་ཉིད་མ་ཧཱའི་ཨ་ཏི་ཡིན་ཡང་དེ་ཨ་ཏིའི་མ་ཧཱ་དང་གནད་གཅིག་པའི་ཚུལ་ཇི་ལྟར་ཞེ་ན། ལར་ནས་མ་ཧཱའི་ཨ་ཏི་དང་ཨ་ཏིའི་མ་ཧཱ་ཞེས་པ་འདི་གཉིས་ལས། མ་ཧཱའི་ཨ་ཏི་ནི་གཞི་མ་ཧཱ་ཡོ་གའི་ལྟ་སྒོམ་སྤྱོད་འབྲས་ལ་ཨ་ཏི་ཡོ་གའི་དེ་བཞི་པོ་འགའ་ཡི་ཤན་ཞུགས་པས་ན་དེ་ལྟར་དང་། དེ་བཞིན་ཨ་ཏིའི་མ་ཧཱ་ནི་གཞི་ཨ་ཏི་ཡོ་གའི་ལྟ་སྒོམ་སྤྱོད་འབྲས་དེའི་སྟེང་མ་ཧཱ་ཡོ་གའི་དེ་བཞི་པོ་འགའ་ཡི་ཤན་ཞུགས་པས་ན་དེ་ལྟར་ཏེ། གཞི་གང་ལ་ཤན་གང་ཞིག་ཞུགས་པ་དེས་རྐྱེན་པས་རྩ་བའི་ནང་རྒྱུད་སྡེ་གསུམ་པོར་ནང་གསེས་སུ་གསུམ་གསུམ་དུ་འབྱེད་དགོས་པའི་རྒྱུ་མཚན་དེ་ལྟར་གནས་སོ། །དེའི་ཤུགས་ཀྱིས་མ་ཧཱའི་ཨ་ནུ་དང་ཨ་ནུའི་མ་ཧཱ་སོགས་ཀྱང་དེ་ཡི་ཚུལ་གྱིས་ཤེས་པར་བྱ་བ་ནི་གནད་གཅིག་ཏུ་མཐོང་།
ཁྱད་པར་དུ་ཨ་ཏིའི་མ་ཧཱ་དང་གནད་གཅིག་པ་ཞེས་པ་དེ་ཨ་ཏིའི་མ་ཧཱ་དངོས་མ་ཡིན་པར་དེ་དང་འདྲ་བའི་རྒྱུ་མཚན་གྱིས་གནད་གཅིག་པ་ཞེས་བརྗོད་པ་ཡིན་ལ། དེ་མིན་རྒྱུད་འདི་ཉིད་ཨ་ཏིའི་མ་ཧཱ་དངོས་ཡིན་པའི་ཚུལ་གྱིས་བཀྲལ་ཞེས་ཟེར་ན། རྒྱུད་འདི་མ་ཧཱ་ཡོ་གའི་ཏནྟྲ་སྡེ་བཅོ་བརྒྱད་ཀྱི་མཐའ་མ་སྤྱིའི་ཐུགས་རྒྱུད་ཡིན་ཞེས་པའི་བཀའ་སྲོལ་བཟང་པོ་ལ་དམའ་ཕབ་པ་དང་གཅིག་མཚུངས་ཡིན།
ཁ་ཅིག་གིས་ཀུན་མཁྱེན་ཀློང་ཆེན་ཞབས་ཀྱིས་རྩ་རྒྱུད་གསང་བ་སྙིང་པོ་ཉིད་ཨ་ཏིིའི་མ་ཧཱ་དངོས་ཡིན་པའི་ཚུལ་གྱིས་བཀྲལ་བར་འདོད་པ་དེ་ནི་རྣམ་པ་ཀུན་ཏུ་མ་གྲུབ་སྟེ། འཇམ་མགོན་མི་ཕམ་ཞབས་ཀྱིས་སྒྱུ་འཕྲུལ་ལུགས་ཀྱི་རྨད་བྱུང་གི་བཀའ་སྲོལ་རྣམ་པ་གཉིས་ལས། ཟབ་པ་མན་ངག་གི་ཤིང་རྟའི་ལམ་སྲོལ་འབྱེད་པོ་ཀུན་མཁྱེན་ཀློང་ཆེན་ཞབས་ཀྱི་རྗེས་སུ་འབྲངས་ནས་གང་གིས་མཛད་པའི་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལ་དགོངས་འགྲེལ་སྤྱི་དོན་འོད་གསལ་སྙིང་པོ་མཛད་པར་དགོས་དོན་མེད་པར་ཐལ་ཏེ། འཇམ་མགོན་མི་ཕམ་གང་གི་དགོངས་པ་འགྲེལ་གཞི་ཕྱོགས་བཅུའི་མུན་སེལ་ལས་རྒྱུད་འདི་ཨ་ཏིའི་མ་ཧཱ་ལྟར་དུ་བཀྲལ་ཀྱང་། བཀྲལ་ཆོས་སྤྱི་དོན་འོད་གསལ་སྙིང་པོ་ལས་མ་ཧཱའི་ཨ་ཏི་ལྟར་དུ་བཀྲལ་བས་ན་འགྲེལ་གཞི་དང་བཀྲལ་ཆོས་གཉིས་ཀྱི་དགོངས་པ་མི་མཐུན་པའི་ཕྱིར། གལ་ཏེ་ཁྱོད་ཀྱིས་ཀུན་མཁྱེན་རྣམ་པ་གཉིས་ཀས་ཨ་ཏིའི་མ་ཧཱ་དངོས་ལྟར་དུ་དགོངས་པ་གཅིག་མཐུན་དུ་བཀྲལ་བ་ཡིན་ཞེས་སྨྲ་བར་མི་སྤོབས་ཀྱང་། གལ་ཏེ་སྨྲ་བཏུབ་ན་ཧ་ཅང་ཐལ་བར་འགྱུར་བས་དེ་ལ་ཀླན་ཀ་བྱ་བའི་གནས་ཡེ་ནས་མེད། རྒྱུ་མཚན་དེས་ན་གུས་པས་ཀུན་མཁྱེན་རྣམ་པ་གཉིས་ཀྱི་ལུགས་ལ་རྒྱུད་གཞུང་འདི་ཉིད་ནང་རྒྱུད་སྡེ་གསུམ་ལས་མ་ཧཱའི་ཨ་ཏིའམ་ཨ་ཏིའི་མ་ཧཱ་དང་གནད་གཅིག་པ་ལྟར་དུ་བཀྲལ་བར་འདོད་པ་ཡིན་ལ། ཨ་ཏིའི་མ་ཧཱ་དང་གནད་གཅིག་པ་ཞེས་པ་ནི་ཨ་ཏིའི་མ་ཧཱ་དངོས་མ་ཡིན་པར་མ་ཧཱའི་ཨ་ཏི་དང་ཆ་འདྲ་བ་ཙམ་ཞིག་ཏུ་འདོད། རྒྱུ་མཚན་གཤམ་ནས་གསལ་བར་བྱ།
གཉིས་པ་གསང་བདག་ཞལ་ལུང་དུ་གཞུང་འདི་ཉིད་ནང་རྒྱུད་སྡེ་གསུམ་གང་ལྟར་དུ་བཀྲལ་བར་བཞེད་ཚུལ་ལ་དཔྱད་པ།
གསང་བདག་ཞལ་ལུང་ལས།[4] དགོངས་པ་མི་མཐུན་པ་མང་སྟེ་བསྡུ་ན། མན་ངག་རྫོགས་པ་ཆེན་པོ་ལྟར་བཀྲལ་བ་དང་། བསྐྱེད་པ་མ་ཧཱ་ཡོ་གར་བཀྲལ་བའི་ལུགས་གཉིས་ལས། ཞེས་དང་། [5]གོང་མ་རྣམས་ཀྱིས་ཨ་ཏིར་བཀྲལ་བ་ཕལ་ཆེར་མ་ཧཱའི་ནང་གསེས་ཀྱི་གསུམ་དུ་ཕྱེ་བ་ལ་དགོངས་པའམ། ཡང་ན་ཤེར་ཕྱིན་སྔགས་ལུགས་སུ་བཀྲལ་བ་ལྟར་མ་ཧཱའི་གཞུང་ཨ་ཏིའི་ལུགས་སུ་བཀྲལ་བར་མངོན་ལ། གཞན་དུ་རྒྱུད་ལུང་མན་ངག་གསུམ་སྤྱིའི་དབྱེ་བས་ཕྱེ་བའི་ཨ་ཏིར་བཞེད་པའོ་སྙམ་དུ་རྟོག་ན་མི་རིགས་ཏེ། ཞེས་སོགས་གསུངས་པ་ལ་དཔྱད་ན།
དང་པོ་མན་ངག་རྫོགས་པ་ཆེན་པོ་ལྟར་བཀྲལ་བ་དང་བསྐྱེད་པ་མ་ཧཱ་ཡོ་ག་ལྟར་བཀྲལ་བའི་ལུགས་གཉིས་ལས་ཞེས་པ་དེར་ཚིག་ཐད་ཀར་གོ་བ་བླངས་ན་ཅུང་མི་བདེ་བར་སྣང་མོད། འོན་ཏེ་ལོ་ཆེན་ཉིད་ཀྱི་བཞེད་པ་ལ་ཅིར་བདོག་པ་ཆ་མི་འཚལ་ཏེ། རང་ཉིད་ཀྱིས་བསམས་ན་གོང་ཞུས་ལྟར། མན་ངག་རྫོགས་པ་ཆེན་པོ་ལྟར་བཀྲལ་བ་ནི་མ་ཧཱའི་ཨ་ཏིའམ་ཨ་ཏིའི་མ་ཧཱ་དང་གནད་གཅིག་པ་ཞེས་པ་དེ་ལ་གོ་དགོས་པ་འཇམ་མགོན་མི་ཕམ་པའི་དགོངས་བཞེད་ལྟར་ཡིན་ལ། དེ་ལས་ཨ་ཏི་རང་ལ་གོ་བར་བཀྲལ་ན་མི་རིགས་པར་ལོ་ཆེན་ཉིད་ཀྱི་དགོངས་པར་གནས་པར་གོང་གི་ལུང་ཚིག་ལས་གསལ། བསྐྱེད་པ་མ་ཧཱ་ཡོ་ག་ལྟར་བཀྲལ་བ་ནི་མ་ཧཱ་རང་གཞུང་ངམ་མ་ཧཱ་ཐུན་མོང་ལྟར་དུ་བཀྲལ་བ་ལ་གོ་དགོས་པར་གོར་མ་ཆག མ་ཧཱ་ཐུན་མོང་ཞེས་པའང་མ་ཧཱའི་ཨ་ཏི་ཉིད་ལས་མ་འདས་པར་སྒྱུ་འཕྲུལ་མཁན་པོ་ཕལ་ཆེ་བའི་བཞེད་པར་མཆིས།
ཡང་གོང་མ་རྣམས་ཀྱིས་ཨ་ཏིར་བཀྲལ་བ་ཕལ་ཆེར་མ་ཧཱའི་ནང་གསེས་ཀྱི་གསུམ་དུ་ཕྱེ་བ་ལ་དགོངས་པའམ། ཡང་ན་ཤེར་ཕྱིན་སྔགས་ལུགས་སུ་བཀྲལ་བ་ལྟར་མ་ཧཱའི་གཞུང་ཨ་ཏིའི་ལུགས་སུ་བཀྲལ་བར་མངོན་ལ། ཞེས་གསུངས་པ་དེ་ནི་ཟབ་པ་མན་ངག་གི་སྡེ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་འགྲེལ་ཚུལ་ལ་བརྗོད་པ་སྟེ། ཚིག་ཟིན་དེའི་སྐབས་ཀྱི་མ་ཧཱ་ནི་མ་ཧཱ་སྤྱི་ལྡོག་པ་ལ་གོ་ནའང་མི་འཐད་པ་མེད། ཨ་ཏི་དེ་ནང་རྒྱུད་གསུམ་པོ་སྤྱིར་དབྱེ་བའི་ཨ་ཏིར་འདོད་མི་རིགས་པར་ལོ་ཆེན་ཉིད་ཀྱིས་གསུངས་ན། བྱེ་བྲག་ཏུ་ནང་རྒྱུད་གསུམ་པོ་དགུ་ཕྲུགས་སུ་ཕྱེ་བའི་ཨ་ཏིའི་མ་ཧཱ་སོགས་མ་ཡིན་པར་ཡང་ཤུགས་ཀྱིས་གྲུབ། དེས་ན་ད་ནི་ལུང་ཚིག་དེས་ཟིན་ཀྱི་ཨ་ཏི་དེ་གང་ལ་གོའམ་ཞེ་ན། མ་ཧཱའི་ཨ་ཏི་ལ་གོ་བ་སྟེ། སྤྱིར་མ་ཧཱ་ཡོ་ག་ཉིད་མན་ངག་གི་སྡེ་མ་ཡིན་ཡང་མན་ངག་གིས་འགྲེལ་མི་ཆོག་པ་མ་ཡིན་པ་གང་ཞིག གཞི་མ་ཧཱ་ཡོ་གའི་གཞུང་ལ་ཨ་ཏི་ཡོ་གའི་མན་ངག་རང་བཞིན་གྱིས་གབ་པར་གནས་པ་དེ་མངོན་དུ་ཕྱུང་བའི་ཚུལ་གྱིས་བཀྲལ་བའི་ཕྱིར་ན། གཞུང་འདི་ཉིད་རྒྱུད་ཀྱི་མན་ངག་སྟོན་པའི་གཞུང་ངམ་མ་ཧཱའི་ཨ་ཏིའི་གཞུང་ཡིན་ཞེས་ཡོངས་སུ་གྲགས་དོན་དེ་ལྟར་གནས་སོ།།
བཞེད་ཚུལ་འདིའི་སྐབས་རང་ངོས་ནས་བསམས་ན་ད་དུང་དཔྱད་པ་བྱ་རྒྱུ་ཆེ་བར་འདུག་མོད། གནས་སྐབས་དེའི་ཐད་ལ་དཔེ་ཀློག་གི་སྐལ་བ་འདོད་བློ་ཚིམས་པ་ཞིག་མ་རྙེད་པའི་དབང་ལས་དེ་ཙམ་དུ་ཟད།
གསུམ་པ་བཞེད་ཚུལ་དེ་གཉིས་ཀྱི་མཐར་ཐུག་གི་དོན་ལ་དགོངས་པ་རོ་གཅིག་པའི་ཚུལ་གྱིས་གྲུབ་དོན་བསྡུ་བ།
མདོར་ན་རྒྱུད་འདི་ཉིད་ཤིང་རྟའི་ལམ་སྲོལ་འབྱེད་པོ་རྣམ་པ་གཉིས་ཀས། མ་ཧཱ་ལྟར་དུ་བཀྲལ་ཞེས་ཀྱང་འདྲ། ཨ་ཏི་ལྟར་དུ་བཀྲལ་ཞེས་ཀྱང་འདྲ། ཇི་ལྟར་བཀྲལ་ཞེས་བརྗོད་ནའང་། དོན་ལ་གཉིས་ཀས་མ་ཧཱའི་ཨ་ཏི་ལྟར་དུ་བཀྲལ་བ་ཡིན་པར་བསྙོན་དུ་མེད་ལ། དེ་ལྟར་བཀྲལ་བར་མཛད་པ་ཡང་ནང་རྒྱུད་སྡེ་གསུམ་སྤྱིར་དབྱེ་བའི་མ་ཧཱ་དང་ཨ་ཏི་ཕྱོགས་རེ་བར་ངེས་པའི་དབང་དུ་བྱས་ནས་གསུངས་པ་ཡང་མ་ཡིན་ལ། བསྐྱེད་པ་མ་ཧཱ་ཡོ་ག་སྤྱི་དང་ཁྱད་པར་མ་ཧཱའི་ཨ་ཏི་ལྟ་བུ་རྫོགས་ཆེན་མ་ཡིན་པ་ཞིག་ཡིན་པར་བཀྲལ་བ་མདོ་སྡེ་སྔགས་སུ་འགྲེལ་བ་ལྟ་བུ་ཡང་མ་ཡིན་པའི་ཚུལ་ཐེག་པ་ཀུན་ཀྱི་འཕྲོ་གཞིར་གྱུར་པའང་ཇི་ལྟར་ན། རྩ་རྒྱུད་གསང་སྙིང་ལས།[6] འདུལ་བ་མདོ་སྡེ་ཆོས་མངོན་དང་། །དམ་ཚིག་སྒྲུབ་དང་གྲུབ་པ་དང་། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་ཀུན་ཏུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི། །འབྱུང་གནས་གཏན་ལ་ངེས་པར་འབེབས། །ཞེས་གསུངས་པ་ལྟར། མདོ་རྒྱུད་གང་ཡང་འདི་ཉིད་ཀྱིས་ཕར་བཀྲལ་ནས་གཏན་ལ་ཕབ་ཀྱང་རུང་ལ། འདི་ཉིད་དེ་དག་གིས་བཀྲལ་ཀྱང་རུང་བས་སོ། །ཞེས་མཁན་ཆེན་ཡོན་ཏན་རྒྱ་མཚོ་ཞབས་ཀྱིས་གསང་སྙིང་འཆད་ཐབས་ལས་གསུངས་པ་འཐད་ལྡན་དུ་བསྒྲུབས། དེས་ན་བཀའ་སྲོལ་རྣམ་པ་གཉིས་ཀའི་འགྲེལ་གཞིའི་རྩ་བ་གསང་བ་སྙིང་པོ་ཉིད་ཀྱང་མ་ཧཱའི་ཆོས་འཁོར་ལ་གསུམ་དུ་ཕྱེ་བའི་མ་ཧཱའི་ཨ་ཏིའི་ཆོས་འཁོར་ཡིན་པར་ཡོངས་སུ་གྲགས་ལ། དེ་ཉིད་འགྲེལ་བའི་ཚེ་ནའང་བཀའ་སྲོལ་རྣམ་པ་གཉིས་ཀས་མ་ཧཱའི་ཨ་ཏི་ལྟར་དུ་བཀྲལ་མོད། འོན་ཏང་གདམས་ཟབ་ཁྱད་པར་ཅན་དང་ལྡན་མི་ལྡན་གྱི་དབང་ལས། གཅིག་ནི་གཙོ་བོ་རྒྱ་ཆེ་བའི་ཆ་མཁས་པ་པཎྜིཏའི་འཆད་ཚུལ་སློབ་བཤད་ལུང་རིགས་ཀྱི་སྡེ་ཡིན་ལ། ཅིག་ཤོས་ནི་གཙོ་བོ་ཟབ་པའི་ཆ་གྲུབ་པ་ཀུ་ཤ་ལཱིའི་འཆད་ཚུལ་ཚོགས་བཤད་མན་ངག་གི་སྡེ་ཡིན་པས་ན། རྒྱུད་གཞུང་གཅིག་ལ་གནས་སྐབས་ཟབ་རྒྱས་ཀྱི་འགྲེལ་ཚུལ་ཁྱད་པར་ཙམ་ལས་ས་དང་གནམ་ལྟ་བུའི་ཁྱད་པར་ཆེན་པོ་དེ་ཙམ་མེད་པར་འདོད་དོ།།
མཆོག་གཟིགས་གོང་མའི་གནད་གསང་ཟབ་མོར་དད་པ་ཉིད་ཀྱིས་འཇུག་བྱ་ལས།།
འགྱུ་འཕྲོ་རྟོག་པའི་ཐེ་ཚོམ་བློ་ཡིས་འཇུག་པ་གཏན་ནས་མི་འོས་ཀྱང་།།
བླ་མ་དམ་པའི་དྲིན་གྱིས་འཚོ་བས་ལམ་སྟེགས་བཟང་པོར་བགྲོད་པའི་སླད།།
འདི་བྲིས་འགལ་ཟློས་མ་འབྲེལ་ནོངས་རྒུ་རྩ་གསུམ་སྲུང་ཚོགས་སྤྱན་སྔར་བཤགས།།
ནོངས་མེད་དགེ་འབྲས་མཆིས་རྒུ་རིགས་ཅན་འགྲོ་བ་ཀུན་ཀྱི་དོན་དུ་བསྔོ།།
[1] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༦ པར་གསལ།
[2] བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་པར་མ། ཐཱའི་ཝན་བདེ་རྩ་ལྷན་ཚོགས་ཀྱི་བསྐྱར་དཔར་ཅན། ཀུན་མཁྱེན་ཀློང་ཆེན་གསུང་འབུམ། དེབ་གཟུགས། པོད། ༢༣ ཤོག་གྲངས། ༥༥ པར་གསལ།
[3] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༦༩ པར་གསལ།
[4] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་པར་མ། སྔ་འགྱུར་སྨིན་གླིང་དཔེ་ཚོགས། པོད་བཅུ་དྲུག་པ། ཤོག་གྲངས། ༥༦ པར་གསལ།
[5] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གི་པར་མ། སྔ་འགྱུར་སྨིན་གླིང་དཔེ་ཚོགས། པོད་བཅུ་དྲུག་པ། ཤོག་གྲངས། ༥༧ པར་གསལ།
[6] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་ལྷན་ཁང་པར་མ། རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༡༡ པར་གསལ།