པདྨ་རྒྱལ་མཚན། ལོ་རིམ་བདུན་པ།
ཉམ་ཐག་འགྲོ་ལ་བརྩེ་བས་བཟི་ཞིང་གཞན་དོན་བྱ་བར་ཡེངས་དྲགས་ཏེ།།
སྲིད་པའི་རྩ་བ་ཉོན་མོངས་སྲེག་ལ་བརྗེད་ངས་ཤོར་བའི་ལེ་ལོ་ཅན།།
མ་འབད་བཞིན་དུ་སྤངས་རྟོགས་ཡོན་ཏན་ཉ་གང་ཟླ་ལྟར་རབ་རྒྱས་པའི།།
ཐུགས་རྗེ་འོད་ཟེར་ཀུན་ལ་འཕྲོ་མཛད་རྐང་གཉིས་གཙོ་བོ་གཙུག་ཏུ་བསྙེན།།
གདོད་ནས་ལྷན་སྐྱེས་སུ་གྲུབ་པའི་སེམས་ཀྱི་རང་བཞིན་ནི་བྱམས་བརྩེའི་རང་མདངས་མ་འགགས་པ་ཞིག་ཡིན་ཞིང་། དེ་ནི་འགྲོ་བ་བཟང་ངན་དང་ཆེ་ཆུང་མེད་པར་ཐམས་ཅད་ཀྱི་སེམས་གཤིས་སུ་ཡོད་པས་དེ་སུ་ཞིག་ལ་མངོན་དུ་ནམ་གྱུར་པ་ན་མི་ཚེ་ལ་བདེ་སྐྱིད་ཀྱི་འགོ་ཞིག་ཚུགས་པ་ཡིན་ལ། དེ་མངོན་དུ་མ་གྱུར་པ་དེ་སྲིད་ཆགས་སྡང་གི་སེམས་ཀྱིས་ཟིན་པའི་མི་ཚེ་ཡིན་པས་འདོད་པ་ཐོག་ཏུ་མ་བབས་ན་ཞེ་སྡང་དང་། བབས་ཚེ་ང་རྒྱལ་དང་ཕྲག་དོག་ཆགས་པའི་སེམས་ཀྱིས་སྡུག་བསྔལ་མྱོང་དགོས་པ་ནི་རྒྱུ་ཚོགས་པས་འབྲས་བུ་ལྡོག་ཏུ་མེད་པ་ནི་དངོས་པོའི་ཆོས་ཉིད་དོ།།
དེས་ན་སེམས་ཀྱི་རང་བཞིན་དེ་དག་མངོན་དུ་བྱེད་པར་ཐབས་ལ་བརྟེན་དགོས་ཏེ། འགྲོ་བ་རྣམས་སྐྱེ་བ་ཐོག་མ་མེད་པ་ནས་དུག་གསུམ་ལ་གོམས་པ་ཆེ་དྲགས་པའི་དབང་གིས་རང་བཞིན་ལ་སྒྲིབ་པ་ཕྱིན་ཅི་ལོག་གི་སེམས་ཤིན་ཏུ་མཐུག་པས་ཐབས་ལ་མ་བརྟེན་པར་ངང་གིས་རྒྱུད་ལ་སྐྱེ་མི་འོང་བ་ལགས་ན། དེའི་ཐབས་ཚང་ལ་མ་ནོར་བ་སྟོན་པ་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་བསྐལ་བཟང་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་ཡིན་པར་བརྟེན་གང་གིས་བསྟན་པའི་བསྟན་པ་དམ་པའི་ཆོས་ལ་གང་ཟག་སུ་འདྲ་ཞིག་གིས་ཚུལ་བཞིན་ཉམས་སུ་བླངས་པ་ན་བདེ་སྐྱིད་ཀྱི་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་ནས་འཇིག་རྟེན་ལྷ་མི་དང་བཅས་པའི་ཕྱག་བྱ་བར་འགྱུར་ཞིང་བདེ་གཤེགས་རྣམས་ཀྱི་སྲས་སུ་གྱུར་ནས་རང་དོན་དུ་ཉོན་མོངས་མི་སྤོང་བར་གཞན་ཕན་གྱི་བྱ་བ་ལ་དུས་འདའ་བས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་དག་གིས་ལམ་གྱི་རང་བཞིན་ཉོན་མོངས་མི་སྤོང་ཞེས་པའི་སྐོར་ལ་ཅུང་ཟད་དཔྱད་པའི་ཁུལ་གྱིས་སྤྲོའོ།།
ལམ་གྱི་རང་བཞིན་ཉོན་མོངས་མི་སྤོང་བས་གཞི་ཤེས་ལས་ཁྱད་པར་འཕགས་ཚུལ།
དེ་ལ་སྤྱིར་ལམ་གྱི་རང་བཞིན་ཉོན་མོངས་ངོས་འཛིན་ཚུལ་ལ་མཁས་པ་དག་གི་བཞེད་པ་སྣ་ཚོགས་པ་ཞིག་མཆིས་ཏེ། ཐ་ན་བླ་སློབ་བར་ལའང་སྐབས་འདིའི་ཉོན་མོངས་ངོས་འཛིན་ཚུལ་ལའང་མི་མཐུན་པར་འདུག་པས། དེ་དག་རེ་རེ་ནས་གཞུང་ཚིག་འདྲེན་པར་ཡིག་ཚོགས་ལ་འཇིགས་པ་དང་། ཁྱད་པར་ལུང་དོན་ཙམ་ཡང་རང་གི་ཁོང་དུ་མ་ཆུད་པར་ལུང་ཚིག་གིས་སྤུངས་པའི་ཡིག་དུམ་འབྲི་བ་རིང་དུ་བསྐྱུར་ནས། རང་གི་རྣམ་དཔྱོད་ཀྱི་རྩལ་ལས་གང་གོ་བའི་གཞུང་དོན་ལ་རིགས་དང་རིགས་མིན་གྱི་རྣམ་གཞག་ཕྱེ་ཞིང་རིགས་པའི་རྒྱབ་རྟེན་གྱི་གལ་གནད་ཆེ་བའི་ལུང་དག་ཁུངས་སུ་བྱས་ཏེ་ཅུང་ཟད་སྤྲོས་ན། དེ་ཡང་ལམ་ཤེས་ཀྱི་རང་བཞིན་ནམ་ངང་ཚུལ་ཉོན་མོངས་པ་རྣམ་པ་ཐམས་ཅད་དུ་མི་སྤོང་བ་འདིས་གཞི་ཤེས་ཀྱི་རང་བཞིན་ལས་ཁྱད་པར་དུ་འཕགས་པ་བསྟན་པ་སྟེ།
ཉི་ཁྲི་སྣང་བ་ལས།[1] རང་བཞིན་ནི་ཇི་ལྟར་ཉན་ཐོས་ལ་སོགས་པའི་ལམ་རྣམས་འབྲས་བུ་དང་ལམ་གྱི་རྟོགས་པ་སོ་སོར་ངེས་པ་དེ་ལྟར་བྱང་ཆུབ་སེམས་དཔའི་ལམ་ཤེས་པ་ནི་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་སྤོང་བ་ཡིན་པའི་ཕྱིར་རོ་ཞེས་རང་གི་ངོ་བོ་ཁྱད་པར་དུ་འཕགས་པ་གང་གསུངས་པ་ཡིན་ནོ། །ཞེས་པ་ལྟར་ཉན་ཐོས་པ་དག་གིས་སྲིད་པ་གསུམ་གྱི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་ནས་བློས་དོར་ཏེ། རང་དོན་ཞི་བ་འབའ་ཞིག་དོན་དུ་གཉེར་ཞིང་སྤངས་རྟོགས་ཉི་ཚེ་བ་རྫོགས་པའི་ཕྱིར་ཉོན་མོངས་པ་ཆེད་དུ་གཉེར་ནས་སྤོང་བ་ཡིན་པས་ན་ཞི་བའི་མཐའ་ལ་ལྷུང་བ་དང་། བྱང་ཆུབ་སེམས་དཔའ་རྣམས་རང་དོན་ལས་གཞན་དོན་གཙོ་ཆེར་གཙིགས་སུ་བཟུང་ནས་རང་དོན་དུ་སྤངས་རྟོགས་རྫོགས་པའི་ཆེད་ཉོན་མོངས་སྤོང་བར་འབད་བརྩོན་ཤུགས་ཆེར་མི་གནང་བར་གཞན་ཕན་གྱི་བྱ་བ་ལ་སྙིང་རྗེ་དང་སྨོན་ལམ་དབང་གིས་བསམ་བཞིན་སྲིད་པ་ཇི་སྲིད་པར་ཉིང་མཚམས་སྦྱོར་བར་མཛད་དེ་བྱང་ཆུབ་སྤྱོད་པ་རླབས་པོ་ཆེ་རྫོགས་པར་བྱེད་པ་ནི་སྙིང་རྗེ་ཞི་ལ་མི་གནས་པའི་གནད་ཀྱང་ཡིན་པར་མ་ཟད་གཞི་ཤེས་དང་ལམ་ཤེས་ཀྱི་ངོ་བོའི་ཁྱད་པར་བསྟན་པ་ཡིན་ནོ།།
ལམ་གྱིས་མི་སྤོང་བའི་ཉོན་མོངས་ངོས་བཟུང་བ།
ཡོངས་སུ་གྲགས་པའི་མཁས་པ་གོ་བོ་དང་རྗེ་ཙོང་ཁ་པ་ལ་སོགས་པས་ལམ་གྱིས་མི་སྤོང་བའི་ཉོན་མོངས་ནི། ཉོན་མོངས་རང་མཚན་པ་མི་འདོད་པར་དགེ་རྩ་དང་མཚུངས་ལྡན་གྱི་ཉོན་མོངས་ཞེས་པ་དང་། སྙིང་རྗེ་དང་སྨོན་ལམ་སེམས་བསྐྱེད་སོགས་ལ་ཉོན་མོངས་པའི་བྱེད་ལས་དང་མཚུངས་པས་ཉོན་མོངས་པའི་མིང་གིས་བསྟན་པར་གསུངས་ནས་སྐབས་འདིའི་ཉོན་མོངས་བཏགས་པ་བར་བཞེད་དོ། །དེ་དག་ལ་བརྟག་པ་འདི་ཡོད་དེ། སྤྱིར་སྙིང་རྗེ་དང་སེམས་བསྐྱེད་ལ་སོགས་པ་ལམ་ཤེས་ཀྱིས་སྤོང་ངམ་མི་སྤོང་། དང་པོ་ལྟར་ན་ཁྱེད་ཀྱི་ལུགས་ལའང་སྙིང་རྗེ་ལ་སོགས་པ་སངས་རྒྱས་ཀྱི་ས་ན་མེད་པར་ཐལ་ཏེ། ལམ་ཤེས་ཀྱིས་སྤོང་བའི་ཕྱིར། གལ་ཏེ་སྤངས་ཀྱང་ཡོད་ན་སྒྲིབ་པའང་སངས་རྒྱས་ས་ལ་ཡོད་ན་སྐྱོན་མེད་པར་འགྱུར་ལ། མ་ཟད་ཁྱེད་ཅག་གི་ལམ་གྱིས་སྤངས་ན་སངས་རྒྱས་ས་ལ་མེད་དགོས་པའི་གནད་ཀྱིས་སྐབས་འདིའི་ཉོན་མོངས་དེ་ཉོན་མོངས་རང་མཚན་པར་བཞག་མ་ཐུབ་པ་ཡིན་པས་སོ།།
གཉིས་པ་ལྟར་ན། དེ་དག་གཞི་ཤེས་ཀྱིས་ཀྱང་མི་སྤོང་བས་ལམ་ཤེས་དང་ཐུན་མོང་གི་ཆོས་སུ་འགྱུར་བས་ལམ་ཤེས་ཀྱི་ཁྱད་པར་འཕགས་ཆོས་ཡིན་པ་མི་འཐད་པར་འགྱུར། དེ་ལྟར་ན་ཉི་སྣང་དང་འགལ་ཏེ། དེ་ཉིད་ལས།[2] རང་གི་ངོ་བོ་ཁྱད་པར་དུ་འཕགས་པ་གང་གསུངས་པ་ཡིན་ནོ། །ཞེས་སོ། །གལ་ཏེ་དམན་པའི་ལམ་གྱིས་སྤངས་ནས་ལམ་ཤེས་ཀྱི་རང་བཞིན་གཞི་ཤེས་ལ་ལྡན་པར་ཐལ་བ་དང་། འདོད་ན་དེའི་དབང་གིས་ཉན་ཐོས་ལ་ཡང་འགྲོ་བ་མ་བསྡུས་པ་རྣམས་སྡུད་པ་དང་། བསྡུས་པ་རྣམས་སྨིན་པ། སྨིན་པ་རྣམས་སྒྲོལ་བར་བྱེད་པའི་གཞན་དོན་ཡང་ཡོད་པར་འགྱུར་རོ། །འོ་ན་ལམ་གྱི་རང་བཞིན་གྱིས་མི་སྤོང་བའི་ཉོན་མོངས་པ་གང་ལ་ངོས་འཛིན་དགོས་ཤེ་ན། གོང་དུ་མཁས་པ་དག་གི་དགོངས་པ་འགྲེལ་ཚུལ་མི་འདྲ་བ་དེ་དག་མཐའ་གཅིག་ཏུ་འདི་བདེན་པ་དང་འདི་རྫུན་དུ་ཐག་གཅོད་པ་ནི། སྐྱེས་སྦྱངས་ཀྱི་ཤེས་རབ་གང་ཅིའི་ཐོག་ནས་ཁབ་མིག་ལས་ཀྱང་དོག་པ་བདག་ལྟ་བུ་ཞིག་གིས་ག་ལ་ནུས། འོན་ཀྱང་རང་གིས་མི་ལོ་འགའ་ཡི་རིང་གཞུང་ལུགས་ལ་ཐོས་བསམ་བྱས་པའི་ཁྲོད་ནས་རྙེད་པའི་ཤེས་རབ་སྲིན་འབུ་མེ་ཁྱེར་ཙམ་གྱིས་ཤེས་པ་ནི། སྐབས་འདིའི་ལམ་གྱིས་མི་སྤོང་བའི་ཉོན་མོངས་ནི་ཉོན་མོངས་རང་མཚན་པ་དང་སྒྲིབ་གཉིས་ལས་ཉོན་སྒྲིབ་ཡིན་ཏེ། ཉན་རང་རྣམས་ཀྱིས་ཆེད་དུ་གཉེར་ནས་སྤང་རྒྱུ་དང་། རྒྱལ་སྲས་དག་གིས་ཆེད་དུ་གཉེར་ནས་མི་སྤོང་བའི་སྤང་བྱ་དེ་ལས་གཞན་དུ་མ་དམིགས་པས་སོ། །དེ་ཡིན་པའི་སྒྲུབ་བྱེད་ཀྱང་ལུང་རིགས་གཉིས་ལས། དང་པོ་རིགས་པ་ནི། ལམ་ཤེས་ཀྱིས་མི་སྤོང་བའི་ཉོན་མོངས་ཆོས་ཅན། ཉོན་མོངས་རང་མཚན་པ་ཡིན་ཏེ། ཁྱོད་ཆེད་དུ་གཉེར་ནས་སྤངས་ན་ཞི་མཐར་ལྷུང་བའི་ཕྱིར། དཔེར་ན། ཉན་རང་དགྲ་བཅོམ་པ་བཞིན་ནོ། །ཁྱབ་པ་མཐུན་དཔེའི་སྟེང་དུ་ཚད་མས་ངེས་སོ།།
གཉིས་པ་ནི། སྐབས་འདིའི་ཉོན་མོངས་དེ་ལམ་ལ་ཐབས་ཤེས་གཉིས་ལས་ཐབས་ལམ་ལ་འདོད་པའི་མཁས་པ་དག་གིས་འགྲེལ་དཀའ་བའི་ལུང་ཚིག་སྟེ། ཉི་ཁྲི་སྣང་བ་ལས།[3] བག་ལ་ཉལ་བ་ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ནི་མ་རིག་པ་དང་ལྟ་བའི་ཟག་པས་བསྡུས་པའི་བག་ལ་ཉལ་ཡིན་གྱི། བྱང་ཆུབ་སེམས་དཔའ་ནི་བསམ་བཞིན་དུ་སྲིད་པ་ལེན་པའི་ཕྱིར། འདོད་པ་དང་སྲིད་པའི་ཟག་པས་བསྡུས་པ་ནི་མ་ཡིན་ནོ། །ཞེས་སྐབས་འདིར་མེད་ཅེས་པ་བྱང་སེམས་ལ་གཏན་ནས་མེད་པའི་དོན་མིན་པར་མེད་པར་འགྱུར་བའམ་སྤང་བར་འགྱུར་བ་ལ་དགོངས་ཏེ། རྒྱན་སྣང་ལས།[4] བག་ལ་ཉལ་འཇོམས་པའི་དོན་ནི་བག་ལ་ཉལ་མེད་པར་འགྱུར་ཞེས་གསུངས་པ་ཡིན་ཏེ། དེ་ལ་མ་རིག་པ་དང་ལྟ་བའི་ཟག་པས་བསྡུས་པའི་བག་ལ་ཉལ་མེད་པ་ཉིད་ཡིན་གྱི་འདོད་པ་དང་སྲིད་པའི་ཟག་པས་བསྡུས་པ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་བསམས་བཞིན་དུ་སྲིད་པར་ལེན་པ་ཡིན་པའི་ཕྱིར་རོ། །ཞེས་ཉི་སྣང་དང་གཅིག་མཚུངས་སུ་གསུངས་སོ། །དེ་ལ་ཐམས་ཅད་ནས་ཐམས་ཅད་དུ་མེད་པ་ཞེས་པ་ནི། ཆེད་དུ་གཉེར་ནས་སྤོང་བར་མི་འགྱུར་བའི་དོན་དང་། བག་ལ་ཉལ་མ་རིག་པ་དང་ལྟ་བའི་ཟག་པས་བསྡུས་པ་ནི། མ་རིག་བག་ཆགས་ཀྱི་ས་དང་། འཇིག་ལྟའི་བག་ཆགས་ཡིན་པས་དེ་དག་དགྲ་བཅོམ་ལ་ཡོད་པས་ཤེས་སྒྲིབ་བོ། །དབུ་མ་རྒྱན་འགྲེལ་ལས།[5] བག་ཆགས་ཀྱི་སྒྲིབ་པ་ཤིན་ཏུ་ཕྲ་མོ་རྣམས་ཀྱང་དོན་ཤེས་བྱའི་རང་བཞིན་ཇི་ལྟ་བ་བཞིན་མངོན་དུ་འགྱུར་བ་ལ་གེགས་བྱེད་པ་ཡིན་པས་ཤེས་སྒྲིབ་ལས་མ་འདས་སོ། །ཞེས་པས་ཉོན་སྒྲིབ་ཀྱི་བག་ཆགས་ཤེས་སྒྲིབ་ཏུ་བསྟན་པའོ། །དེ་ལ་བག་ཆགས་ལ་བག་ཉལ་གྱིས་ཁྱབ་ཀྱང་བག་ཉལ་ལ་བག་ཆགས་ཀྱིས་མ་ཁྱབ་པ་ཉོན་སྒྲིབ་ས་བོན་ནོ། །འདོད་པ་དང་སྲིད་པའི་ཟག་པས་བསྡུས་པ་ནི་མ་ཡིན་ནོ་ཞེས་པ་ནི། འདོད་པའི་ཟག་པ་ནི་འདོད་པའི་ཉོན་མོངས་རང་མཚན་པ་དང་སྲིད་པའི་ཟག་པ་ནི་ཁམས་གོང་མ་གཉིས་ཀྱི་ཉོན་མོངས་རང་མཚན་ཡིན་ལ་དེ་ཉིད་བྱང་སེམས་འཕགས་པས་ཆེད་དུ་གཉེར་ནས་སྤོང་བ་མ་ཡིན་ནོ་ཞེས་པའི་དོན་ནོ།།
དེ་བཞིན་འཇམ་མགོན་མི་ཕམ་པའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།[6] ཕར་ཕྱིན་ཐེག་པ་ལྟར་ན་ཡང་། ཉོན་མོངས་དེ་ལ་བརྟེན་ནས་ཚོགས་རྫོགས་པ་ནི་ཡོ་བྱད་བྱིན་པ་ལས་ལུས་བྱིན་པ་ཕན་ཡོན་ཆེ་བ་དེ་དག་ལུས་ལ་ལྷག་པར་ཆགས་པའི་དབང་གིས་ཡིན་པ་ལ་སོགས་པ་བཞིན་ནོ། །དགེ་བ་རྒྱ་ཆེན་པོ་འགྲུབ་པའི་རྒྱུ་བྱེད་པ་ཡང་ཡོད་དེ། དབང་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་གང་དག་འདོད་པའི་ཉོན་མོངས་ཆེད་དུ་མི་སྤོང་བར་འདོད་པར་སྐྱེས་ནས་ཚོགས་རྫོགས་པར་བྱེད་པ་ལ་སོགས་པ་བཞིན་ནོ། །ཞེས་པ་ལྟར་འདོད་པའི་ཉོན་མོངས་ཞེས་ཚིག་དངོས་སུ་གསུངས་ནས་རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་ནའང་ད་དུང་སྔ་འགྱུར་བ་འགའ་ཞིག་གླེན་པ་ཨུ་ཚུགས་ཀྱིས་གཞན་ཟེར་རྗེས་བརྗོད་བྱེད་པ་ནི་སྔ་འགྱུར་རིག་འཛིན་བརྒྱུད་པའི་དགོངས་པ་གསེར་གྱི་ཡང་ཞུན་ལྟ་བུ་ལ་འདམ་རྫབ་གཡའ་ཡིས་བཀུས་པར་བྱས་པའི་རང་བཞིན་ལས་མ་འདས་པའོ།།
དམ་བཅའ་ལ་དོགས་པའི་ལན་བསྟན་པ།
དེ་ལྟར་ན་དམན་ལམ་སྔོན་སོང་གི་བྱང་འཕགས་དང་དག་ས་པ་ལ་ལམ་ཤེས་ཀྱི་རང་བཞིན་ཉོན་མོངས་མི་སྤོང་བའི་ཡན་ལག་མ་ཚང་བར་འགྱུར་ཏེ། དེའི་རྒྱུད་ལ་ཉོན་མོངས་རང་མཚན་པ་མེད་པའི་ཕྱིར། མི་སྤོང་རྒྱུ་དེ་ཉིད་མེད་ན་མི་སྤོང་བའི་ཁྱད་ཆོས་མེད་པར་འགྱུར་ཞེ་ན། དེ་ལ་མགོ་སྒྲེ་བའི་ལན་དུ་བྱང་སེམས་རྒྱུན་མཐའ་བར་ལམ་ཤེས་ཀྱི་ཡན་ལག་མ་ཚང་བར་ཐལ། དེའི་རྒྱུད་ལ་སྙིང་རྗེ་དང་སེམས་བསྐྱེད་སོགས་མེད་པའི་ཕྱིར་ཏེ། སློབ་པའི་དེ་དག་རྣམ་རྟོག་ལས་མ་འདས་ལ་དེ་ཡིན་ཚད་གཉིས་སྣང་འཁྲུལ་བའི་ཤེས་པར་ངེས་པས་དེའི་དངོས་གཉེན་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་ནོ། །ཡིད་བཞིན་མཛོད་ལས།[7] རྒྱུན་མཐར་སེམས་འགག་དེས་བསྐྱེད་ཆོ་ག་ལས། །ཉེ་བར་ཐོབ་པའི་སེམས་བསྐྱེད་ལྡོག་ན་ཡང་། །ཞེས་དང་། གྲུབ་མཐའ་མཛོད་ལས།[8] དེའི་ཚེ་སེམས་དང་སེམས་ལས་བྱུང་བའི་འཇུག་པ་ཐམས་ཅད་རྒྱུན་ཆད་དེ་སྨྲ་བསམ་བརྗོད་དུ་མེད་པའི་ཡེ་ཤེས་ལ་ཆོས་ཉིད་རྟོགས་པ་ཡང་དག་པའི་བློ་མ་འཁྲུལ་ཞེས་བྱ་བར་བཏགས་པར་འདོད་དེ། ཞེས་དང་། ཤེར་འགྲེལ་ཀེ་ཏ་ཀ་ལས།[9] ས་བཅུ་པའི་ཐ་མར་གཉིས་སྣང་འཁྲུལ་བའི་བག་ཆགས་ཤིན་ཏུ་ཕྲ་བའང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་པའི་དེ་མ་ཐག་ཏུ་ཆོས་ཀྱི་དབྱིངས་དེ་བཞིན་ཉིད་དུ་མངོན་པར་གཤེགས་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པ་ཡིན་ཏེ། ཞེས་གསུངས། དེས་ན་ལམ་ཤེས་ཀྱི་ཡན་ལག་ཡིན་ན་ལམ་ཤེས་རྒྱུད་ལྡན་གྱི་བྱང་སེམས་ལ་ཡོད་མི་དགོས་པའི་རྐྱེན་གྱིས་སྐབས་འདིར་དག་ས་པ་དང་དམན་ལམ་སྔོན་སོང་གི་བྱང་འཕགས་ལ་ལམ་གྱི་རང་བཞིན་ཉོན་མོངས་མི་སྤོང་བའི་ཁྱད་ཆོས་ནི་ཆེས་རིགས་ཤིང་འཐད་པ་སྟེ། དེ་དག་གི་རྒྱུད་ལ་ཉོན་མོངས་གཏན་ནས་མེད་པས་ན་སྤྱིར་ཉོན་མོངས་མི་སྤོང་བ་མ་ཟད་ཆེད་དུ་གཉེར་ནས་ཀྱང་མི་སྤོང་བའོ། །དཔེར་ན་གཞན་དོན་བྱེད་པ་བྱང་སེམས་འཕགས་པའི་ཁྱད་ཆོས་ཡིན་ཡང་མཉམ་བཞག་སྐབས་སུ་གཞན་དོན་མི་བྱེད་ཀྱང་ཁྱད་ཆོས་དེ་ཡོད་པར་འཇོག་ནུས་པ་བཞིན་ནོ།།
ཡང་འགའ་ཞིག་གིས་ཉོན་མོངས་མི་སྤོང་ཞེས་པ་སྒྲ་ཐད་ཀར་བཟུང་ནས་འདི་ལྟར་སྨྲ་སྟེ། ཉོན་མོངས་རང་མཚན་པ་སྤང་བྱ་མ་ཡིན་པར་འགྱུར་ཏེ། དེ་སྤོང་བའི་གཉེན་པོ་ཡིན་ན་ལམ་ཤེས་ཡིན་དགོས་པ་ལས་འདིས་མི་སྤོང་བའི་ཕྱིར་དང་། གལ་ཏེ་མི་སྤོང་བར་འདོད་ན་ཉོན་མོངས་སངས་རྒྱས་ས་ལ་ཡོད་པར་འགྱུར་ཞེ་ན། དེ་ནི་མ་གྲུབ་པའི་རྟགས་ཏེ། བདག་གིས་ཀྱང་ལམ་ཤེས་ཀྱིས་ཉོན་མོངས་གཏན་མི་སྤོང་བ་མི་འདོད་པར་མ་ཟད་ས་དང་པོ་ནས་རིམ་བཞིན་ཉོན་མོངས་སྤངས་ཏེ་ས་བརྒྱད་པར་ཉོན་མོངས་ཀྱི་སྤངས་པ་རྫོགས་པ་ཡིན་པར་འདོད་དོ། །འོ་ན་སྐབས་འདིར་ཉོན་མོངས་མི་སྤོང་ཞེས་པའི་དོན་ཅི་ཞེ་ན། གོང་དུ་བཤད་པ་བཞིན་ལམ་ཤེས་ཀྱིས་ཉོན་མོངས་རང་མཚན་པ་ཆེད་དུ་གཉེར་ནས་མི་སྤོང་བའི་དོན་ཏེ། རྒྱན་སྣང་ལས།[10] བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་ལམ་ཤེས་ཀྱིས་ཉོན་མོངས་པ་རྣམ་པ་ཐམས་ཅད་སྤང་བར་མི་བྱེད་པ་ཞེས་བྱ་བ་ནི་རང་བཞིན་ཡིན་པས། ཞེས་དང་། སྤྱི་དོན་འོད་གསལ་སྙིང་པོ་ལས།[11] དབང་མ་ཐོབ་པའི་བྱང་ཆུབ་སེམས་དཔའ་གང་དག་འདོད་པའི་ཉོན་མོངས་ཆེད་དུ་མི་སྤོང་བར་འདོད་པར་སྐྱེས་ནས་ཚོགས་རྫོགས་པར་བྱེད་པ་ལ་སོགས་པ་བཞིན་ནོ། །ཞེས་པ་ལྟར་རྣམ་པ་ཐམས་ཅད་དུ་མི་སྤོང་བ་དང་། ཆེད་དུ་མི་སྤོང་བ་དང་། ཆེད་དུ་གཉེར་ནས་མི་སྤོང་བ་རྣམས་ཀྱི་གོ་དོན་གཅིག་ཅིང་དེ་དག་གི་ལྡོག་ཕྱོགས་ཀྱང་དོན་གཅིག་གོ །གལ་ཏེ་རྗེའི་གསེར་ཕྲེང་ལྟར་ལམ་གྱི་རང་བཞིན་ཉོན་མོངས་མི་སྤོང་བ་དེ་སྤང་བྱ་གཏན་མིན་པར་བཟུང་སྟེ། སེམས་བསྐྱེད་ལ་སོགས་པ་ཡང་སྤང་བྱ་མ་ཡིན་པར་འདོད་ན། མངོན་རྟོགས་རྒྱན་གྱི་དགོངས་པ་འགྲེལ་བ་ལ་འགྲན་ཟླ་དང་བྲལ་བའི་མཁྱེན་རབ་ཕུལ་དུ་བྱུང་བ་འཕགས་སེང་གཉིས་ཀྱི་དགོངས་པ་དང་འགལ་བར་སེམས་ཏེ། འགྲེལ་པ་གཉིས་ཀ་ལས་སེམས་བསྐྱེད་ཆགས་པའམ་སྲེད་པ་ཡིན་པ་གསལ་པོར་གསུངས་པའི་ཕྱིར། ཉི་ཁྲི་སྣང་བ་ལས།[12] འོ་ན་ནི་སེམས་བསྐྱེད་པར་མི་འགྱུར་ཏེ། སེམས་ནི་ཡུལ་སོ་སོར་རིག་པའི་མཚན་ཉིད་ཅན་ཡིན་ལ། དོན་དུ་གཉེར་བ་ཞེས་བྱ་བ་ནི་སྲེད་པ་ཡིན་པས་སོ་ཞེ་ན་དེ་ནི་དེ་ལྟར་བདེན་མོད་ཀྱི། ཞེས་དང་། དེ་ཉིད་ལས།[13] གཞན་ཡང་། རྒྱལ་ལ་སོགས་པ་ཆགས་པ་ཕྲ། །ཞེས་བྱ་བ་ནི། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཚན་མར་ཡིད་ལ་བྱེད་ན་ཞེས་བྱ་བ་ནས་བརྩམས་པས་དེ་བཞིན་གཤེགས་པ་དང་། དེའི་དགེ་བའི་རྩ་བ་དང་ཡོངས་སུ་བསྔོ་བ་རྣམས་ནི་ཆགས་པ་ཕྲ་མོ་ཉིད་དུ་གང་གསུངས་པ་ཡིན་ནོ། །འདི་དག་ཆགས་པ་ཉིད་ཡིན་པ་ནི་གང་གི་ཕྱིར། ཞེས་ཆགས་པ་ཡིན་པ་གསལ་བར་བསྟན་པ་དང་། དེ་བཞིན་དུ་རྒྱན་སྣང་ལས།[14] དེ་བཞིན་གཤེགས་པ་ལ་སོགས་པ་ཡིད་ལ་བྱེད་པ་སོགས་ནི་བསོད་ནམས་ཚོགས་ཀྱི་རྒྱུ་ཡིན་པར་ཉིད་ཀྱིས་གཉེན་པོ་ཡིན་ན་ཡང་ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་གཉེན་པོའི་ཕྱོགས་ནི་མ་ཡིན་ནོ་ཞེས་པའོ། །དེ་ཉིད་ལས།[15] ཇི་ལྟར་ན་སེམས་བསྐྱེད་པ་ཆགས་པ་ཡིན་ཞེས་སྨྲས་པ་ནི། འཕགས་པ་རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ་བ་ལ་སོགས་པའོ། །ཕྱིན་ཅི་ལོག་ཏུ་འཇུག་པས་ན་ཀཽ་ཤི་ཀ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞེས་དེ་བཞིན་གཤེགས་པ་ཡིད་ལ་བྱེད་པ་དང་རྫོགས་བྱང་ཡིད་ལ་བྱེད་པ་ལ་རྣམ་དབྱེ་མེད་པས་དེ་ཉིད་ལ་ཆགས་པ་དང་མཚན་མར་འཛིན་པ་ཡིན་པར་གསུངས་པས་དེ་དག་ལ་སྤང་བྱ་ཡིན་པར་ངེས་པ་མ་ཡིན་ནམ། དེ་ལྟར་མིན་ན་སངས་རྒྱས་ལ་ཡང་དེ་དག་ཡོད་པར་འགྱུར་རོ།།
གཞན་ཡང་གྲུབ་མཐའ་མཛོད་ལས།[16] འཁོར་གསུམ་ལ་བདེན་ཞེན་དང་མ་བྲལ་བ་གང་དགེ་བ་ཟག་བཅས་སམ་མ་བསྒྲིབས་ལུང་མ་བསྟན་གྱི་ངོ་བོ་གཟུང་འཛིན་གྱི་རྟོག་པ་ཡུལ་ཡུལ་ཅན་ནི་ཤེས་སྒྲིབ་ཡིན་ནོ། །ཞེས་གསུངས་པའི་དགེ་བ་ཟག་བཅས་དེ་གང་ཡིན་ཞེ་ན། གོང་དུ་ཉི་སྣང་གི་དགེ་བའི་རྩ་བ་དང་ཞེས་པ་དང་། འགྲེལ་ཆེན་གྱི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཞེས་པ་འདི་ཡིན་པར་སེམས་ལ། དེ་ནི་སེམས་བསྐྱེད་པ་ཡིན་ཏེ་དེ་བཞིན་གཤེགས་པ་ལ་དམིགས་ནས་བླང་བྱར་ཞེན་པའི་རྣམ་བྱང་གཟུང་རྟོག་ལས་མ་འདས་པས་སྤང་བྱའི་ངོ་བོར་འདོད་ན་འཕགས་སེང་ལ་སོགས་པའི་རྒྱལ་བ་རྣམས་ཀྱི་དགོངས་པ་དང་མཐུན་པར་སེམས་སོ། །གལ་ཏེ་སེམས་བསྐྱེད་ལ་སོགས་པ་སྤང་བྱ་ཡིན་ན་སངས་རྒྱས་ཀྱི་ས་ལ་མེད་པར་འགྱུར་རོ་ཞེ་ན། སངས་རྒྱས་ཀྱི་ས་ན། སེམས་འགགས་པ་སྟེ་སྐུ་ཡི་མངོན་སུམ་མཛད། །ཅེས་པ་ལྟར་སེམས་སེམས་བྱུང་གི་རྒྱུ་བ་རྒྱུན་ཆད་པས་ན་སེམས་བསྐྱེད་ཀྱི་མཚན་གཞི་མེད་ན་སེམས་བསྐྱེད་ཇི་ལྟར་ཡོད་པ་སོགས་དཔྱད་པའི་གནས་དུ་མ་ཞིག་འདུག་པས་ད་ནི་སྐབས་ཀྱི་བཤད་བྱ་བརྗོད་ཟིན་པས་རེ་ཞིག་འདིར་མཐའ་བསྡུའོ།།
རྣམ་དཔྱོད་རྩལ་ཆེན་ཉིན་གྱི་སྐར་མ་ལ་འགྲན་དུས།།
གཞན་ཕན་དཀའ་གནད་འགྲོལ་བའི་ལེགས་བཤད་ཀྱིས་སྟོངས་ཀྱང་།།
དམ་པའི་མཛད་བཟང་དག་ལ་ལད་ཟློས་འདི་བྱས་པའི།།
རྣམ་དཀར་དགེ་བས་འགྲོ་ཀུན་བྱང་ཆུབ་ཏུ་གྱུར་ཅིག།
[1] འབྲས་སྤུངས་སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༡༨༩ པར་གསལ།
[2] འབྲས་སྤུངས་སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༡༩༠ པར་གསལ།
[3] འབྲས་སྤུངས་སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༣༡༨ པར་གསལ།
[4] འབྲས་སྤུངས་སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༥༥༧ པར་གསལ།
[5] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༣༠༣ པར་གསལ།
[6] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༢༣ པར་གསལ།
[7] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། རྩ་དེབ། ཤོག་གྲངས། ༣༥༤ པར་གསལ།
[8] ཡེ་ཤེས་སྡེ་པར་མ། ཤོག་གྲངས། ༣༢༤ པར་གསལ།
[9] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༣༩ པར་གསལ།
[10] ཡེ་ཤེས་སྡེ་པར་མ། ཤོག་གྲངས། ༡༦༩ པར་གསལ།
[11] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༢༣ པར་གསལ།
[12] འབྲས་སྤུངས་སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༧ པར་གསལ།
[13] འབྲས་སྤུངས་སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༢༣༨ པར་གསལ།
[14] འབྲས་སྤུངས་སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༣༦༩ པར་གསལ།
[15] འབྲས་སྤུངས་སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༣༦༧ པར་གསལ།
[16] ཡེ་ཤེས་སྡེ་པར་མ། ཤོག་གྲངས། ༤༩༧ པར་གསལ།