ལོ་ཟླ་གཙང་པོ་བཞིན་བཞུད་སོང་།

དབྱས་རྫི། (མགོ་ལོག)

ཆབ་རོམ། ཁ་ཆར།
དྲག་ཏུ་ལྡིང་བའི་རླུང་བུ་དང་།
སྙིང་ལ་བཏབ་པའི་རྩྭ་ཐང་།
ཡིག་འབྲུ་བཞིན་གསོན་ཙམ་པའི་མི་བུ་དཀྱུས་མ་ཞིག་གི་ངོ་གདོང་།
ཡོད་ཚད་ནས་ཡོད་ཚད་ཅི་ཡིན་ཆ་མ་འཚལ་བར་བཞུད་སོང་།

གངས་ཐང་། མཁའ་དབུགས།
ཕྲ་རགས་ལས་གྲུབ་པའི་ཚེ་སྲོག་ཕྲན་བུ་དག
ཡུག་མོ་བཞིན་ཁེར་ཧྲེང་ལ་འཁྱམ་འཁྱམ་བྱས་བྱས་མཐར།
སླར་ཡང་ཚེ་སྲོག་འཕོས་པའི་གནས་ཡུལ་ལ་བསམས་ཏེ།
སྐྱོ་གདུང་རུམ་གང་ཁུར་ནས་ཡུལ་ལ་ལོག

ཕ་ཡུལ་གྱི་རྫ་ཆུ་བཞིན་དྭངས་ཤ་དོད་པའི་བྱིས་བློ་ལ།
དུས་སྙིགས་ཀྱི་འབག་བསླད་དེ་སྙིང་ཤ་འཕར་གྱིན་འདུག
ཡོད་ཚད་ལ་ཅི་ཡང་མ་ཐོབ་པར་ལོ་ཟླ་གཙང་པོ་བཞིན་བཞུད་སོང་སྐད།

ངས་ནི་ལོ་ཟླ་གཙང་པོ་བཞིན་བཞུད་པའི་སེམས་པ་ཚོར་ཏེ།
རང་ཉིད་ཀྱང་ཕ་ཡུལ་ལ་ལོག་འགོ་བརྩམས།
འོན་ཀྱང་། དུས་ཚོད་ཀྱིས་ང་ལ་ངང་སྒུག་མ་གནང་བས་སྐྱོ་ཤས་ཆེ།
༢༠༡༩/༤/༧

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།