ལོ་རིམ་གཉིས་པའི་སློབ་གཉེར་བ། བློ་བཟང་བསྟན་འཛིན།
གཞན་གྱི་ཡུལ་ནས་ནང་འདྲེན་མ་བྱས་པའི།།
གངས་ཅན་པ་ཡི་ཐུན་མིན་ཟས་ཀྱི་མཆོག།
ཟ་ཐེངས་གཅིག་གིས་ཉིན་གང་བཀྲེས་གདུང་སེལ།།
ཆང་བུའི་གཟུགས་སུ་བྱོན་དེ་སྤགས་གོང་རེད།།
གདེངས་ཅན་བདག་ཏུ་མ་བཟུང་ས་ཐོག་ཏུ།།
དེ་ཉིད་མ་དྲོས་ཡུལ་ན་ཡོད་མི་སྲིད།།
མཐོ་སྒང་བོད་དུ་སྐྱེ་སྟོབས་བཟང་བ་སྟེ།།
སྲོག་ལྡན་ནོར་འགྱུར་དབྱར་རྩྭ་དགུན་འབུ་རེད།།
ཉེར་གཅིག་དུས་ཀྱི་ཀློང་ནས་གསར་དུ་འཁྲུངས།།
ཐོག་མའི་གོམ་སྟབས་ནུབ་གླིང་ཡུལ་ནས་སྤར།།
མཁས་བླུན་ཡོད་དོ་ཅོག་ལ་ངོ་ཤེས་བསྒྲིགས།།
འབྲི་དེབ་བྱེད་ལས་ལྡན་དེར་ངོ་དེབ་ཟེར།།
ཡོད་པོ་ཚང་ལ་རྒྱང་གི་དགྲ་ཡང་འཁོར།།
སྐུ་ཉིད་མེད་ན་འགྲམ་གྱི་གྲོགས་ཀྱང་འབྲོས།།
ཀུན་དགའི་མིང་ཅན་ནོར་གྱི་ཡང་རྩེ་ཞིག།
བྱང་སེམས་བེམ་གཟུགས་ཅན་དེ་སྒོར་མོ་རེད།།
བརླན་གཤེར་ཙམ་དུ་ངོ་བོ་གཅིག་པས་ན།།
གར་པོའི་རྣམ་ཅན་སྨྲ་བ་རྩད་ནས་སྤངས།།
སོ་ཞོ་མི་ངོམ་སྡང་མིག་དེས་མི་བགྲད།།
གཉིད་ཀྱི་དགྲ་རུ་ལངས་དེ་ཚིག་ཇ་རེད།།
འབིགས་པའི་རྣོ་ངར་མི་ལྡན་བེམ་གཟུགས་མིན།།
མ་རིག་སྨག་ཆེན་འཇོམས་པའི་ནུས་མཐུ་ཅན།།
ལྟ་ངན་དོན་སྙིང་འབྱིན་པའི་རལ་གྲི་དེ།།
དེང་གི་ཁྱིམ་པས་བཟུང་བའི་རིགས་ལམ་རེད།།