«སྤྱི་ལོ་ ༢༠༡༧ ལོའི་སྐྱོར་དཔོན་དམ་བཅའ་ཨང་གཉིས་པའི་དཔྱད་རྩོམ།»
སློབ་དཔོན་དཀོན་མཆོག་དབང་འདུས།
དཔལ་ལྡན་ཚོགས་གཉིས་རྫོགས་པའི་སྡོང་པོ་ལ།།
མཁྱེན་བརྩེ་ནུས་པའི་འདབ་སྟོང་རབ་རྒྱས་པའི།།
རྒྱལ་ཀུན་ཡེ་ཤེས་གཅིག་འདུས་འཇམ་དཔལ་དབྱངས།།
དད་པའི་སྙིང་ལ་རྟག་ཏུ་དགྱེས་པར་རོལ།།
དམིགས་མེད་བརྩེ་བའི་རྒྱ་མཚོ་ལས་བྱུང་གང་གི་ཞལ་རས་པདྨོ་ལས།།
གསུང་གི་སྣང་བ་གཟི་འོད་ལས་འཕྲོས་ཆོས་མངོན་མཛོད་ཀྱི་དྲི་བསུང་ལ།།
སྙིགས་ཀྱི་གདུལ་བྱ་སྐལ་ལྡན་བུང་བ་སྤྱོད་པའི་རང་དབང་སྟེར་མཛད་པ།།
སྲིད་པ་གསུམ་འདིར་སངས་རྒྱས་གཉིས་པར་གྲགས་པ་དོན་ལྡན་ཁྱེད་ལ་འདུད།།
ཅེས་མཆོད་བརྗོད་ཀྱི་ཤིས་པ་སྔོན་དུ་བཏང་ནས་གང་གླེང་བར་བྱ་བ་ནི། ངེས་ཤེས་སྒྲོན་མེ་ལས།[1] ཀྱེ་མ་ཟབ་མོའི་གནས་ལུགས་ལ། །སྦྱོར་བྱེད་ངེས་ཤེས་རིན་པོ་ཆེ། །ཁྱོད་མེད་པས་ན་སྲིད་པ་འདིར། སྒྱུ་མའི་རྒྱར་ནི་འཐུམས་ཤིང་རྨོངས། །ཞེས་གསུངས་པ་ལྟར། ཆོས་ལ་བདག་མེད་མཐོང་བ་ལྟ་བུའི་ཡང་དག་པའི་ལྟ་བ་ཞིག་མེད་ན། ལོང་བ་ཐང་དཀྱིལ་དུ་འཁྱམས་པ་བཞིན། འཁོར་བ་ལས་ནམ་ཡང་གྲོལ་དཀའ་བར་བརྟེན་ལྟ་བ་ནི་ཤིན་ཏུ་གལ་ཆེ་བས་ན། མཛོད་ལས།[2] མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ལྟ་བ་ཡིན་ཏེ་་་་་་་། ཞེས་པ་ལས་འཕྲོས་ཏེ་ལྟ་བའི་སྐོར་ཅུང་ཟད་སྨྲ་བ་ལ།
ལྟ་བའི་རང་བཞིན། དེའི་ཚུལ། འཕྲོས་དོན། དགོས་པའི་སྒོ་ནས་མཇུག་བསྡུ་བ་དང་བཞི་ཡོད་པ་ལས། དང་པོ་ལྟ་བའི་རང་བཞིན་ནི། རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེས་པའི་ཆོས་རྣམས་ཀྱི་ནང་ནས་གཟུགས་ཅན་གྱི་ཕུང་པོ་མིག་གི་དབང་པོ་དང་། ཤེས་གྱུར་གྱི་དངོས་པོ་རྣམས་ལ་ལྟ་བ་ཞེས་རྣམ་པར་བཞག་ལ། དེ་ལས་གཞན་དུ་གྱུར་པ་རྣམས་ལ་ནི་མིན་ཏེ། སློབ་དཔོན་བློ་བརྟན་གྱི་མཛོད་འགྲེལ་ལས།[3] དེ་ལ་ཆོས་ཐམས་ཅད་ཀྱི་ནང་ནས་ལྟ་བའི་རང་བཞིན་ནི་ཆོས་གཉིས་ཡིན་ཏེ། གཟུགས་ཅན་རྣམས་ལས་མིག་གི་དབང་པོའོ། །གཟུགས་ཅན་མ་ཡིན་པ་རྣམས་ནི་ཤེས་བྱ་ལ་རྟོག་པ་རྒྱུ་བ་གསལ་བ་ཅན་གྱི་ཤེས་རབ་ཁ་ནང་དུ་བལྟས་པར་ཞུགས་པའོ། །ཞེས་གསུངས་སོ། །དེའི་མཚན་ཉིད་ནི། མིག་དབང་རྟེན་བཅས་སམ་གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློའོ། །དེ་ལ་མ་ཁྱབ་ཁྱབ་ཆེ་མི་སྲིད་གསུམ་གྱི་སྐྱོན་དང་བྲལ་བའི་མཚན་ཉིད་དུ་བཟུང་ན་མི་འཐད་པའི་སྐྱོན་མེད་པར་སེམས་སོ།།
ཡང་ན་ཤེས་གྱུར་གྱི་ལྟ་བ་ལ་རང་ཡུལ་ངེས་པར་རྟོག་པའམ་རང་སྟོབས་ཀྱིས་དམིགས་རྣམ་འཚོལ་བའི་རྣམ་པ་ཅན་ནོ། །འོ་ན་མིག་དབང་དག་གཟུགས་ཅན་གྱི་དངོས་པོ་ཡིན་པས་ལྟ་བ་ཇི་ལྟར་རུང་ཞེ་ན་དེ་ནི་གཟུགས་ལ་ལྟ་བའི་ཆ་ནས་སོ། །རང་འགྲེལ་ལས།[4] འོ་ན་མིག་ཀྱང་རྟོག་པར་བྱེད་པ་ཉིད་མེད་ན་ཇི་ལྟར་ལྟ་བར་འགྱུར་ཞེ་ན་གཟུགས་ལ་ལྟ་བའི་དོན་གྱིས་ཏེ། ཞེས་གསུངས་པས་སོོ། །དེ་ལ་ཁ་ཅིག་མིག་གི་ཁམས་ལྟ་བ་མཚན་ཉིད་པར་མི་འདོད་དེ། མཛོད་འགྲེལ་ཉིན་བྱེད་སྣང་བ་ལས།[5] འདིར་མིག་གི་ཁམས་ལྟ་བར་འཇོག་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ལྟ་བ་སྒྲ་འཇུག་ཏུ་ཡོད་པར་ཙམ་ལ་བསམས་ནས་རྣམ་གྲངས་ཙམ་དུ་འདྲེན་པ་ལས་ལྟ་བ་དངོས་གནས་པ་ནི་མ་ཡིན་ནོ། །ཞེས་གསུངས་ཀྱང་། མིག་དང་ཆོས་ཀྱི་ཁམས་ཕྱོགས་ནི། །ལྟ་བ་ཡིན་ཏེ་་་་་་་་་་་་་་། །ཞེས་པའི་གཞུང་ཚིག་དེ་དང་དངོས་སུ་འགལ་བས་ལྟ་བ་ཁས་མ་བླངས་ན་ཅུང་ཟད་མི་བདེ་བས་ལྟ་བར་ཁས་བླངས་སོ།།
དེ་ལྟར་ན་མངོན་པའི་ལུགས་ལ་ལྟ་བ་དང་ཤེས་པ་ལ་མུ་བཞིར་འགྱུར་ཏེ། ལྟ་བ་ཡིན་ལ་ཤེས་པ་མ་ཡིན་པ་ནི་རྟེན་བཅས་ཀྱི་མིག་གི་ཁམས། ཤེས་པ་ཡིན་ལ་ལྟ་བ་མ་ཡིན་པ་ནི་སྒོ་ལྔའི་རྣམ་ཤེས་ལྟ་བུ། གཉིས་ཀ་ཡིན་པ་ཉོན་མོངས་ཅན་གྱི་ལྟ་བ་ལྔ་ལ་སོགས་པ་དང་། གཉིས་མིན་དེ་དག་རྒྱུད་ལྡན་གྱི་གང་ཟག་ལྟ་བུའོ། །དེ་བཞིན་གཟུགས་དང་ལྟ་བ་ལའང་མུ་བཞིར་གྱུར་རོ། །གཟུགས་མཐོང་བ་ཙམ་གྱིས་ལྟ་བ་ཞེས་བརྗོད་རིགས་ན་མིག་གི་རྣམ་པར་ཤེས་པ་ཡང་ལྟ་བར་མི་འགྱུར་རམ་སྙམ་ན་མི་འགྱུར་ཏེ། ཅི་སྟེ་དེ་ལ་མིག་གི་རྣམ་པར་ཤེས་པས་གཟུགས་མཐོང་ན་དེ་ནི་ཐོགས་མེད་ཡིན་པས་རྩིག་པ་སོགས་ཀྱིས་བར་དུ་ཆོད་པའི་གཟུགས་ཀྱང་མཐོང་བའི་སྐྱོན་དུ་འགྱུར་བས་ན་དེས་ནི་གཟུགས་མཐོང་བར་མི་འདོད་པ་ནི་བྱེ་སྨྲ་རང་གི་གྲུབ་མཐའ་སྟེ། མཛོད་ལས། གང་ཕྱིར་བར་དུ་ཆོད་པ་ཡི། །གཟུགས་ནི་མཐོང་བ་མིན་ཕྱིར་ལོ། །ཞེས་པའི་ཐད་ཀྱི་རང་འགྲེལ་ལས།[6] གང་ཕྱིར་རྩིག་པ་ལ་སོགས་པའི་བར་དུ་ཆོད་པའི་གཟུགས་མི་མཐོང་ཞེས་གྲག་གོ །མདོ་སྡེ་པས་ནི་མིག་གི་རྣམ་པར་ཤེས་པས་མཐོང་ཡང་རྩིག་པ་སོགས་ཀྱིས་བར་དུ་ཆོད་པའི་གཟུགས་རྣམས་ཀྱང་མཐོང་བའི་སྐྱོན་དུ་མི་འགྱུར་ཏེ། དེ་ལ་ཆོས་གཞན་གྱིས་བསྒྲིབས་ནས་གཟུགས་མི་མཐོང་བ་ནི་རྒྱུ་མ་ཚང་བ་ཡིན་ལ། ཅི་སྟེ་རྒྱུ་ཚང་ན་དངོས་པོ་གཞན་ཞིག་གིས་བར་དུ་ཆོད་ན་ཡང་མཐོང་བའི་ཕྱིར་རོ། །དཔེར་ན་ཆུ་དང་ཤེལ་གྱིས་ཆོད་པའི་གཟུགས་མཐོང་བ་བཞིན་ནོ་ཞེས་འདོད་དོ། །དེ་ལ་ལུགས་གཉིས་ལས་ཕྱི་མ་ལེགས་པར་སེམས་སོ།།
དེ་ལ་འདིར་ཤེས་པའི་ངོ་བོར་གྱུར་པའི་ལྟ་བ་ཡིན་ན་ངེས་རྟོག་ཡིན་པས་ཁྱབ་བམ་སྙམ་ན་མ་ངེས་ཏེ། དཔེར་ན་སྒོམ་བྱུང་གི་ངོ་བོར་གྱུར་པའི་སྦྱོར་ལམ་གྱི་ཤེས་པ་ནི་ལྟ་བ་ཡིན་ཡང་དེ་ལ་ངེས་རྟོག་གི་དོན་མ་ཚང་བའི་ཕྱིར་རོ། །འོ་ན་ངེས་རྟོག་ཅེས་པ་ཅི་ལྟ་བུ་ཡིན་ཞེ་ན། མངོན་པའི་རྒྱན་ལས།[7] ངེས་པར་རྟོག་པ་དང་རྗེས་སུ་དྲན་པའི་རྟོག་པ་དེ་དག་ནི་རིམ་པ་བཞིན་དུ་ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཤེས་རབ་ཡུལ་ལ་རྣམ་པར་གཡེང་བ་དང་། ཞེས་གསུངས་པ་ལྟར། ཤེས་རབ་གང་ཞིག་རང་ཡུལ་ལ་གཡེང་བའི་རྣམ་པ་ཅན་ནོ། །འདིར་གཡེང་བ་ཞེས་པའི་དོན་ཡང་སྒོམ་པ་ལས་བྱུང་བའི་ཤེས་རབ་བཅད་ནས་ཐོས་པ་ལས་བྱུང་བའི་ཤེས་རབ་དང་བསམ་པའི་ཤེས་རབ་སྐྱེས་ཐོབ་ཀྱི་ཤེས་རབ་བསྟན་པ་ཡིན་ལ། དེ་ཡང་མཛོད་ལས། དེ་དག་ཡིད་ཀྱི་ཤེས་རབ་གཡེང་། །ཞེས་པའི་ཐད་ཀྱི་རང་འགྲེལ་ལས།[8] ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་ནི་ཡིད་ཀྱི་ཞེས་བྱའོ། །མཉམ་པར་བཞག་པ་མ་ཡིན་པ་ནི་གཡེང་ཞེས་བྱ་སྟེ། དེ་ནི་ངེས་པར་རྟོག་པའི་རྣམ་པར་རྟོག་པའོ། །ཡང་འདིར་ཐོས་པ་ལས་བྱུང་བའི་ཤེས་རབ་ཀྱི་ངོ་བོར་གྱུར་པའི་ལྟ་བ་མེད་དམ་སྙམ་པ་ལ། སྤྱིར་མངོན་པའི་གཞུང་ལས་གསལ་ཁ་མི་སྣང་ཡང་རིགས་པའི་དབང་བཙན་དུ་བྱས་ན་འཇོག་དགོས་པར་སེམས། འདི་ལྟར་ཚོགས་ལམ་གྱི་གནས་སྐབས་སུ་ཐོས་བསམ་གཙོ་ཆེ་བས། དེ་ལ་གཞལ་བྱ་བདག་མེད་པ་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་ཡུལ་བདག་མེད་ལ་ངེས་པར་འཛིན་པའི་བློ་བཞག་ན་མི་སྐྱོན་ནོ་སྙམ་པ་ལ་དཔྱོད་ལྡན་ཡོངས་ཀྱིས་བརྟག་པར་ཞུ།
འོ་ན་གོང་དུ་སློབ་དཔོན་བློ་བརྟན་གྱིས་ཤེས་གྱུར་གྱི་ལྟ་བ་ཁ་ནང་བལྟས་སུ་ཞུགས་པར་གསུངས་ན། དེ་དང་འགལ་བའི་སྐྱོན་དུ་འགྱུར་རམ་སྙམ་ན་མི་སྐྱོན་ཏེ། དེ་ནི་ཕལ་ཆེ་བའི་དབང་དུ་སྟེ། མཐོང་སྤང་གི་ངོ་བོར་གྱུར་པའི་འཇིག་ལྟ་སོགས་ལ་དགོངས་ནས་གསུངས་པ་ཡིན་ལ། དེ་ལྟར་མ་ཡིན་ན་ཕྱིའི་སྐྱེ་མཆེད་ལ་དམིགས་པའི་ལྟ་བ་མེད་པར་འགྱུར་བས་སོ། །འདོད་ན་ཀ་བུམ་སོགས་མི་རྟག་པར་ངེས་པའི་ལྟ་བ་གཏན་ནས་མེད་པར་འགྱུར་ན་དེ་ནི་ཧ་ཅང་ཐལ་བས་སོ།།
གཉིས་པ་དེའི་ཚུལ། འཇིག་ལྟ་སོགས་ལྔ་ནི་ཉོན་མོངས་ཅན་ཡིན་པས་རང་ཡུལ་ལ་ལྟ་བའི་ཚེ་ཡེ་ཤེས་ཀྱི་སྣང་བ་དང་བྲལ་བས་སྤྲིན་བཅས་ཀྱི་གཟུགས་ལ་ལྟ་བ་བཞིན་མི་གསལ་བ་དང་། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ཡང་ལས་འབྲས་སྤྱི་ཙམ་ལ་རྨོངས་པའི་ལོག་རྟོག་དང་མི་ལྡན་པས་རང་ཡུལ་ཅུང་ཟད་གསལ་བ་སྤྲིན་མེད་མཚན་མོར་གཟུགས་མཐོང་བ་བཞིན་དུ་དང་། མཐོང་སྒོམ་གྱི་ངོ་བོར་གྱུར་པའི་སློབ་པའི་ལྟ་བ་ནི་ཐར་པ་ལ་གེགས་སུ་གྱུར་པའི་ཉོན་མོངས་རེ་ཡོད་ན་ཡང་ཟག་མེད་ཀྱི་ཤེས་རབ་ཡིན་པས་རང་ཡུལ་ཤིན་ཏུ་གསལ་བར་མཐོང་ངོ་། །མི་སློབ་པའི་ལྟ་བ་ནི་ཡང་དག་པའི་དོན་མཐོང་བ་ལ་བར་དུ་གཅོད་པའི་སྒྲིབ་པ་ཀུན་བཅོམ་པས་རང་ཡུལ་དམིགས་པ་ནི་ཆེས་ཤིན་ཏུ་གསལ་བ་ཡིན་ནོ། །དེ་ཡང་མངོན་པའི་རྒྱན་ལས།[9] དེ་ལ་དང་པོ་ལྔ་ནི་ཉོན་མོངས་ཅན་དང་། དྲུག་པ་ནི་དགེ་བ་ཟག་བཅས་དང་། ཕྱི་མ་གཉིས་ནི་སྒོམ་སྤང་གི་ས་བོན་དང་བཅས་པ་དང་དེ་མེད་པ་ཡི་ཟག་མེད་ཡིན་པས་དེ་དག་གིས་ཤེས་བྱའི་ཆོས་ལ་ལྟ་བ་ན་རིམ་པ་ལྟར་སྤྲིན་དང་བཅས་པ་དང་སྤྲིན་མེད་པའི་མཚན་མོ་དང་ཉིན་མོ་གཟུགས་ལ་ལྟ་བ་བཞིན་དུ་མི་གསལ་བ་དང་ཅུང་ཟད་གསལ་བ་དང་ཆེས་ཤིན་ཏུ་གསལ་བ་ཡིན་ནོ།།
གསུམ་པ་འཕྲོས་དོན་ནི། དེ་ལྟར་ལྟ་བ་ལས་འཕྲོས་ཏེ་ཁ་ནང་བལྟས་ཀྱི་ཤེས་པ་དང་ཕྱིར་བལྟས་ཀྱི་ཤེས་པ་གཉིས་ཀྱི་གོ་དོན་ཅུང་ཟད་སྨོས་ན། དེ་ཡང་། མངོན་པའི་རྒྱན་ལས།[10] ཀུན་ནས་སློང་བ་ནི་རྣམ་པ་གཉིས་ཏེ། རྒྱུའི་ཀུན་སློང་དང་དེ་དུས་ཀུན་སློང་ཞེས་བྱའོ། །ཀུན་སློང་གཉིས་པོ་དེ་དག་ལས་དང་པོ་རྒྱུའི་ཀུན་སློང་ནི་ལས་ལ་དང་པོ་རབ་ཏུ་འཇུག་པར་བྱེད་པའི་རྒྱུ་ཡིན་ལ། གཉིས་པ་དུས་ཀྱི་ཀུན་སློོང་ནི་ལས་བྱ་བའི་དུས་མཐུན་པར་བྱེད་པའི་ཕྱིར་རྗེས་སུ་འཇུག་པར་བྱེད་པ་ཡིན་ནོ། །དེ་དག་ལས་མཐོང་བའི་སྤང་བར་བྱ་བ་ཡིད་ཀྱི་རྣམ་ཤེས་ནི། ཁ་ནང་དུ་བལྟས་པས་རིག་བྱེད་ཀྱི་རབ་ཏུ་འཇུག་པར་བྱེད་པའི་རྒྱུའི་ཀུན་སློང་ཁོ་ན་ཡིན་གྱི་དུས་ཀྱི་ཀུན་སློང་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར་མཐོང་སྤང་གི་ངོ་བོར་གྱུར་པའི་ཡིད་ཤེས་དང་མཚུངས་ལྡན་དུ་སྐྱེས་པའི་འཇིག་ལྟ་སོགས་དམིགས་པ་རང་རྒྱུད་ཀྱིས་བསྡུས་པའི་ཕུང་པོ་ལ་དམིགས་པ་ཉིད་ཀྱི་ཕྱིར་ཁ་ནང་བལྟས་སུ་གསུངས་པ་དེ་ལྟར་ན། ཁ་ནང་བལྟས་ཀྱི་ཤེས་པ་ཞེས་བྱ་བ་ནི། བསམ་བྱུང་དང་སྒོམ་བྱུང་གང་རུང་ངམ་རང་རྒྱུད་ཀྱིས་བསྡུས་པའི་ཆོས་ལ་དམིགས་པའི་ཤེས་པ་གང་ཡིན་པ་དང་། ཐོས་བྱུང་ངམ་རང་རྒྱུད་ཀྱིས་མ་བསྡུས་པའི་ཕྱིའི་ཡུལ་ལ་དམིགས་པའི་བློ་གང་ཡིན་པ་དེ་ནི་ཕྱིར་བལྟས་ཀྱི་ཤེས་པ་ཡིན་ནམ་སྙམ་པ་ལ་དཔྱད་པར་ཞུ། དེ་ལ་གང་ཤེས་པ་ཡིན་ན་ནང་བལྟས་ཀྱི་དོན་ཚང་བས་ཁྱབ་བམ་ཞེ་ན་མུ་བཞི་སྟེ། ནང་བལྟས་ཀྱི་ཤེས་པའི་དོན་དང་ལྡན་ལ་ཕྱིར་བལྟས་ཀྱི་དོན་དང་མི་ལྡན་པ་འཇིག་ལྟ་སོགས་ལྟ་བུ་དང་། ཕྱིར་བལྟས་ཀྱི་དོན་དང་ལྡན་ལ་ནང་བལྟས་ཀྱི་དོན་དང་མི་ལྡན་པ་སྒོ་ལྔའི་ཤེས་པ་ལ་སོགས་པའོ། །གཉིས་ཀ་དང་ལྡན་པ་སྒོམ་སྤང་གི་ངོ་བོར་གྱུར་པའི་ཡིད་ཤེས་ལྟ་བུའོ། །གཉིས་ཀ་དང་མི་ལྡན་པ་ཀ་བུམ་སོགས་སོ།།
བཞི་པ་དགོས་པའི་སྒོ་ནས་མཇུག་བསྡུ་བ། ཡང་དག་པའི་གནས་ལུགས་ལ་ལྟ་བའི་དོན་མི་ཤེས་པ་ནི་སྣང་བ་མེད་པའི་མུན་ཁང་དུ་འཇུག་པ་བཞིན་ལམ་སྒྲུབ་པ་ཐམས་ཅད་དོན་མེད་དུ་གྱུར་པ་ཡིན་ལ། གལ་ཏེ་བདེན་པའི་གནས་ལུགས་ལ་ལྟ་བས་ཐག་བཅད་དེ་དེས་རྩིས་ཟིན་པའི་སྒོམ་པ་ཐམས་ཅད་ལམ་མཚན་ཉིད་པར་གྱུར་ཏེ། བདེན་པ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་བློ་རྣམས་རིམ་གྱིས་ཞི་སྟེ་མཐར་འབྲས་མངོན་དུ་གྱུར་པ་ནི་དམ་པ་ཀུན་ཀྱི་དགོངས་པ་སྟེ། དབུ་མ་རྒྱན་ལས། ཆོས་ལ་བདག་མེད་མཁས་པ་ནི། །རང་བཞིན་མེད་པར་གོམས་བྱས་པས། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་བསྒྲིམ་པ་མེད་པར་སྤོང་། །ཞེས་གསུངས་པ་བཞིན་ནོ།།
སླར་སྨོན་པ།
དམན་པའི་སྐྱེ་བོ་མཚན་མོའི་ནམ་མཁའ་ལ། །ཐེ་ཚོམ་མུན་པ་སེལ་བའི་ཉི་འོད་ཅི།།
འོན་ཀྱང་བཤེས་གཉེན་དམ་པའི་བཀའ་དྲིན་གྱིས། །དེ་ལྟར་སྤེལ་བའི་དགེ་བ་གང་བསགས་པ།།
མཐའ་མེད་འཁོར་བའི་རྒྱ་མཚོའི་དབའ་ཀློང་དུ། །སྐལ་དམན་ལས་ཀྱིས་འཁྲུགས་པའི་འགྲོ་བ་ཀུན།།
དམ་པའི་ཆོས་ཀྱི་གྲུ་གཟིངས་ལ་བརྟེན་ནས། །སྡུག་བསྔལ་མཚོ་ལས་གྲོལ་བའི་རྒྱུར་གྱུར་ཅིག།
[1] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༤༥ པར་གསལ།
[2] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༢༢༡ པར་གསལ།
[3] བསྟན་འགྱུར་དཔེ་བསྡུར་མ། དེབ་ཕྲེང་། ༡༡༨ ཤོག་གྲངས། ༢༢༤ པར་གསལ།
[4] ཝཱཎ་པར་མ། དེབ་གཟུགས། ཤོག་གྲངས། ༢༩༧ པར་གསལ།
[5] སེར་སྨད་པར་མ། དེབ་གཟུགས། ཤོག་གྲངས། ༧༢ པར་གསལ།
[6] ཝཱཎ་པར་མ། དེབ་གཟུགས། ཤོག་གྲངས། ༤༨ པར་གསལ།
[7] སི་ཁྲོན་པར་མ། དེབ་གཟུགས། ཤོག་གྲངས། ༨༠ པར་གསལ།
[8] ཝཱཎ་པར་མ། དེབ་གཟུགས། ཤོག་གྲངས། ༣༦ པར་གསལ།
[9] སི་ཁྲོན་པར་མ། དེབ་གཟུགས། ཤོག་གྲངས། ༩༢ པར་གསལ།
[10] སི་ཁྲོན་པར་མ། དེབ་གཟུགས། ཤོག་གྲངས། ༣༥༡ པར་གསལ།