ལྟ་བའི་གཞུང་དོན་ལ་དཔྱད་པ་བློ་གསར་དགྱེས་པའི་མགུལ་རྒྱན།

ལོ་རིམ་བརྒྱད་པའི་སློབ་གཉེར་བ། པདྨ་ཆོས་དར།

བཤད་སྒྲུབ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར།།

ལུང་རྟོགས་བསྟན་པའི་སྣང་བ་ཆེས་ཟབ་བསྐྲུན།།

འགྲོ་བའི་སྒྲོན་མེ་སྟོན་མཆོག་སེང་གེ་ལ།།

མི་ཕྱེད་དད་པའི་ཡིད་ཀྱིས་སྤྱི་བོར་བསྙེན།།

སྨྲ་བའི་དབང་ཕྱུག་གངས་ཅན་མཁས་པའི་གཙུག།

རྒྱལ་བསྟན་ཡོངས་རྫོགས་ཐུགས་ལ་རང་ཤར་བ།།

ཟབ་དོན་སྦྲང་རྩི་ཐེག་པ་དགུ་ཡི་སྲོལ།།

དྲིན་གྱིས་བསྐྱངས་པའི་ཀུན་མཁྱེན་ཡབ་སྲས་འདུད།།

ངོ་མཚར་དགྱེས་པའི་དྲི་བསུང་རྣམ་པར་འཐུལ།།

རྨད་བྱུང་གསུང་གིས་བླང་དོར་ཆོས་སྒྲ་འབྱེད།།

བྱམས་དང་བརྩེ་བའི་རང་རྒྱུད་འབྱམས་ཀླས་པ།།

སྐྱབས་གཅིག་གྲུབ་དབང་བླ་མས་ཤིས་པ་སྩོལ།།

༡༽ ལྟ་བའི་ཁོག་དབུབ་པ།

དེ་ཡང་ལྷ་མིའི་སྟོན་པ་ཤཱཀྱ་སེངྒེའི་བསྟན་པའི་གཞི་མ་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་སྤྱི་དང་། ཁྱད་པར་དུ་བསིལ་ལྡན་གངས་རིའི་ལྗོངས་སུ་བསྟན་པའི་ཕྱི་མོར་གྱུར་པ་དཔལ་གསང་ཆེན་སྔ་འགྱུར་བའི་རང་ལུགས་འཛིན་པ་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་དགོངས་པ་དབྱེར་མ་མཆིས་པ། མཁས་པའི་དབུས་ན་འགྲན་ཟླ་དང་བྲལ་བའི་རིགས་པའི་དབང་ཕྱུག་ཆེན་པོོ་འཇམ་དབྱངས་བླ་མ་ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ལེགས་བཤད་རྨད་དུ་བྱུང་བ་ངེས་ཤེས་སྒྲོན་མེ་ལས།[1] ཟབ་མོའི་དྲི་བ་བདུན་པོ་འདིར། །ལུང་དང་འགལ་བ་མེད་བཞིན་དུ། །རིགས་པས་གྲུབ་པའི་ལན་ཐོངས་ཤིག །ཅེས་གསུངས་པ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བྱ་བ་གང་ཞིག་ལ་བརྩོན་ཀྱང་འབྲས་བུ་བཟང་ངན་ཀུན་ཀྱི་ཞིང་ས་ལྟ་བུར་གྱུར་པ། ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་ཤེས་རབ་ཀྱི་མིག་གིས་བླང་དོར་རྣམ་པར་འབྱེད་པའི་རིགས་པའི་སྐྱེལ་སོ། ལམ་དུ་སོང་བ་དང་མ་སོང་བ། ཟབ་མོའི་དྲི་བ་བདུན་པོ་ལས་དང་པོ་ལྟ་བའི་རྣམ་གཞག་འདི་ཡིན་པས་བྱིས་བློའི་རིག་པ་བདག་ལྟ་བུ་ཞིག་གིས་དེའི་གནད་གསང་རྣམས་ཚུལ་བཞིན་དུ་འགྲེལ་བར་ཤིན་ཏུ་དཀའ་ཡང་དུས་ཡུན་རིང་མོ་ཞིག་ལ་ལོ་དང་ཟླ་བ་སྦྲེལ་ནས་དཀའ་བ་ཁྱད་དུ་བསད་ངལ་བ་དང་དུ་བླངས་ཏེ་ཐོས་བསམ་བྱས་པའི་ལག་རྗེས་སུ་འགྲོ་བའི་སྒྲོན་མེ་སྟོན་མཆོག་ཤཱཀྱ་སེང་གེ་དང་། ཀུན་མཁྱེན་རོང་ཀློང་རྣམ་གཉིས། བླ་མ་མི་ཕམ་རིན་པོ་ཆེ་སོགས་ཀྱི་བཀའ་དང་བསྟན་བཅོས་ཀྱི་དགོངས་པ་ལས་མ་གཡོས་པར་གཞུང་སྤྱིའི་དཀའ་གནད་ལྟ་བུར་གྱུར་པ་ལྟ་བའི་རྣམ་གཞག་དེ་ཡང་དག་པར་མ་ཤེས་ན་འཇིག་རྟེན་འཁོར་བར་འཁྱམ་པ་དང་ཤེས་ན་འཁོར་བ་ལས་གྲོལ་བ་སྟེ། དེ་བཞིན་དུ་ཡེ་གདོད་མ་ནས་སེམས་ཅན་ཐམས་ཅད་ལ་རང་ཆས་སུ་ཡོད་པའི་གཞི་རྒྱུད་བདེ་བར་གཤེགས་པའི་སྙིང་པོའི་རང་བཞིན་མ་རིག་པ་དང་རིག་པའི་དབང་གིས་མར་ངན་སོང་དུ་ལྷུང་བ་དང་ཡར་མྱང་འདས་ཐོབ་པ་ཐམས་ཅད་ལྟ་བའི་རང་བཞིན་ཕྱིན་ཅི་ལོག་དང་མ་ལོག་པར་རག་ལས་པ་ཡིན་ཏེ།

བླ་མ་མི་ཕམ་རིན་པོ་ཆེའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།[2] རྣམ་ཤེས་དང་ཡེ་ཤེས་འདི་གཉིས་གསལ་ཞིང་རིག་པ་ཙམ་གྱི་མཚན་ཉིད་དུ་མཚུངས་ཀྱང་། ཡུལ་ཇི་བཞིན་མ་རིག་པར་ཕྱིན་ཅི་ལོག་ཏུ་འཛིན་པ་དང་། ཇི་བཞིན་རིག་པ་གཉིས་ཀྱི་ཁྱད་ཡོད་ལ། གཟུང་འཛིན་ཅན་གྱི་རྣམ་ཤེས་ལོག་ཀྱང་འདི་མི་ལྡོག་པར་ཤེས་པར་བྱ་སྟེ། གཞི་སེམས་ཅན་གྱི་སྐབས་ནའང་ཆབ་རོམ་དང་ཆུ་བཞིན་ནོ། །ཞེས་དང་། སྟོན་མཆོག་ཤཱཀྱ་སེངྒེའི་མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། སེམས་ཀྱི་རང་བཞིན་ཤེས་པས་ནི། །ཕྱིར་ཡང་ཡེ་ཤེས་འབྱུང་བར་འགྱུར། །ཞེས་གསུངས་པ་བཞིན་ལྟ་བ་ནི་གསུང་རབ་ཐམས་ཅད་ཀྱི་བརྗོད་བྱ་མཐར་ཐུག་པ་ཡིན་ཏེ། མདོ་མཚན་ཉིད་ཐེག་པའི་སྐབས་སུའང་ཤེས་བྱ་མཁྱེན་པ་གསུམ་དང་། ཉམས་ལེན་སྦྱོར་བ་བཞི། འབྲས་བུ་ཆོས་སྐུ་ཐོབ་པ་ལ་ངེས་ཤེས་ཁྱད་པར་ཅན་གྱི་ལྟ་བ་དང་། དེར་མ་ཟད་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དཔྱིས་ཕྱིན་པར་རྟོགས་པ་ལ་ཆོས་སོ་སོར་རྣམ་པར་འབྱེད་པའི་ཤེས་རབ་ཁྱད་པར་ཅན་ཟུང་འཇུག་དབྱེར་མེད་རྟོགས་པའི་ངེས་ཤེས་རིན་པོ་ཆེའི་ལྟ་བ་ཡང་དག་པའི་བློ་སྔོན་དུ་འགྲོ་དགོས་ཏེ། བླ་མ་མི་ཕམ་རིན་པོ་ཆེའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།[3] དག་མཉམ་ཆེན་པོའི་ལྟ་བ་ནི་སྔགས་བླ་མེད་ཀྱི་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་བསླབ་པ་གཞན་ཀུན་དེའི་རྗེས་སུ་འབྲང་དགོས་པས། ཞེས་གསུངས་པ་བཞིན་དུ་བོད་གངས་རིའི་ལྗོངས་སུ་ཡང་ཟབ་རྒྱས་བཤད་པའི་བཀའ་བབ་དཔལ་ལྡན་ས་སྐྱ་པ་དང་། སྡེ་སྣོད་རིགས་པའི་བཀའ་བབ་རི་བོ་དགེ་ལྡན་པ། ཉམས་ལེན་སྒྲུབ་པའི་བཀའ་བབ་འགྲོ་མགོན་བཀའ་བརྒྱུད་པ། མདོ་རྒྱུད་མན་ངག་གི་བཀའ་བབ་གསང་སྔགས་རྙིང་མ་པ་ཞེས་དང་། གཞན་ཡང་མདོ་ཡི་བཀའ་བབ་དགེ་ལྡན་པ། སྔགས་ཀྱི་བཀའ་བབ་རྙིང་མ་པ། བཤད་པའི་བཀའ་བབ་ས་སྐྱ་པ། སྒྲུབ་པའི་བཀའ་བབ་བཀའ་བརྒྱུད་པ་སྟེ་བཀའ་བབ་ཆེན་པོ་བཞི་ཞེས་ཡོངས་སུ་གྲགས་པའོ། །དེ་བཞིན་དུ་སྔོན་གྱི་མཁས་པ་སྡེ་སྣོད་རིགས་པའི་བཀའ་བབ་རི་བོ་དགེ་ལྡན་པ་རྣམས་ཀྱིས་ལྟ་བ་ནི་དགག་བྱ་བདེན་གྲུབ་བཅད་པའི་སྟོང་ཉིད་མེད་དགག་ཏུ་གཙོ་བོར་འདོད་པ་ཡིན་ཡང་དེ་ལྟར་མཐའ་གཅིག་ཏུ་འཇོག་དགོས་པའི་ངེས་པ་མ་མཐོང་སྟེ། རྗེ་རིན་པོ་ཆེའི་ལམ་རིམ་འབྲིང་བ་ལས།[4] བཅོམ་ལྡན་འདས་ཉིད་ཀྱིས་བསྟན་པའི་སྙིང་པོ་ཡོད་མེད་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་ཟབ་མོའི་དོན་འགྲེལ་བར་མདོ་རྒྱུད་དུ་མ་ནས་ཤིན་ཏུ་གསལ་བར་ལུང་བསྟན་པའི་འཕགས་པ་ཀླུ་སྒྲུབ་ཅེས་ས་གསུམ་ན་ཡོངས་སུ་གྲགས་པ་དེ་ཡིན་པས། དེའི་གཞུང་ལ་བརྟེན་ནས་སྟོང་ཉིད་རྟོགས་པའི་ལྟ་བ་བཙལ་བར་བྱའོ། །ཞེས་མཐའ་བཞི་སྤྲོས་བྲལ་རྟོགས་པའི་ཡུལ་ཅན་ལའང་ལྟ་བ་ཡིན་པར་བཞག་འདུག གཞན་ཡང་དོན་དམ་བདེན་པ་ནི་མ་གཟིགས་པའི་ཚུལ་གྱིས་གཟིགས་པ་དང་། མཐོང་བ་མེད་པ་ནི་མཐོང་བ་དམ་པའོ། །ཞེས་གསུངས་པའི་དོན་ཡང་དེ་བཞིན་དུ་ཤེས་པར་བྱའོ། །ཞེས་དང་། ཡང་དེ་ཉིད་ལས།[5] དོན་དམ་བདེན་པའོ་ཞེས་བརྗོད་པའི་ཚེ་ན་བློ་ལ་ཡུལ་ཡུལ་ཅན་གཉིས་སོ་སོར་སྣང་བ་ལྟར་མི་མཐོང་བ་ལ་བཤད་པས་གཉིས་སྣང་ལོག་པའི་ཁུངས་ཡིན་གྱི། སངས་རྒྱས་ཀྱིས་དོན་དམ་མ་རྟོགས་པའི་ཁུངས་མིན་ནོ། །ཞེས་པས་གཉིས་སྣང་ལོག་ཚུལ་ནི་བདེན་གྲུབ་ཀྱི་སྣང་བ་དང་། ཡུལ་ཡུལ་ཅན་ཐ་དད་ཀྱི་སྣང་བ། ཀུན་རྫོབ་ཀྱི་སྣང་བ་སོགས་བྲལ་བའམ་ནུབ་པའི་དོན་ཡིན་པར་སེམས་སོ།།

མ་གཞི་བདག་ནི་མཐོང་ཐོས་ཀྱི་བསམ་གཞིག་ཆུང་དྲགས་པའི་རྐྱེན་གྱིས་མ་ཡིན་ན། རྗེ་བདག་ཉིད་ཆེན་པོ་རང་གི་གཞུང་ལུགས་སུ་ལྟ་བའི་ངོ་བོའམ་མཚན་ཉིད་འདི་ཡིན་ཞེས་པའི་གཞུང་ཚིག་གཅིག་ཀྱང་མཐོང་ཐོས་མ་བྱུང་ཡང་། མི་ཕམ་རིན་པོ་ཆེའི་དབུ་མ་རྒྱན་འགྲེལ་གྱི་སྤྱི་དོན་སྐབས་སུ་རང་ལུགས་ཐལ་རང་གཉིས་ཀའི་མཐར་ཐུག་གི་གནས་ལུགས་གཏན་ལ་འབེབས་ཚུལ་དང་། རྗེ་བདག་ཉིད་ཆེན་པོའི་དགོངས་པའང་དེ་ལྟར་ཡིན་པར་གསུངས་པ་ལམ་རིམ་ཆེ་ཆུང་དང་། དབུ་མ་དགོངས་པ་རབ་གསལ། དྲང་ངེས་ལེགས་བཤད་སྙིང་པོ་སོགས་ལ་རིགས་པས་ཅུང་ཙམ་གཞོལ་ན་ཡིད་ཆེས་ཇེ་བརྟན་ཡོང་བ་ཞིག་ཡིན་ནོ།།

གཞན་སྟོང་དབུ་མའི་བཀའ་བབ་ཆེན་པོ་རྗེ་བཙུན་ཇོ་ནང་པས་ལྟ་བ་གཉིས་སྣང་འཁོར་བའི་ཆོས་ཀྱིས་སྟོང་པས་སྟོང་ཉིད་མ་ཡིན་དགག་ཏུ་གཙོ་བོར་བཞེད་པ་ཡིན་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐའི་ཐེག་མཆོག་ཤིན་ཏུ་རྒྱས་པའི་དབུ་མ་ཆེན་པོ་རྣམ་པར་ངེས་པ་ལས།[6] འདིར་ནི་གནས་ལུགས་འཁྲུལ་བ་སྤངས་པ་ཡི། །གཞི་ལམ་འབྲས་བུའི་གྲུབ་མཐའ་མ་ནོར་བ། །སྐྱོན་ཀུན་ལས་གྲོལ་དབུ་མའི་ཆོས་མཆོག་སྟེ། །གང་ལ་འཇུག་པའི་ཡུལ་འདི་ངེས་པར་བཟུང་། །ཞེས་དང་། གཞན་ཡང་མཁས་དབང་ཡེ་ཤེས་རྒྱ་མཚོའི་ཐེག་མཆོག་དབུ་མ་ཆེན་པོ་རྣམ་པར་ངེས་པའི་ཟིན་བྲིས་ལས།[7] དེ་ཡང་ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པའི་སྟོང་པ་ཙམ་སྟོང་རྐྱང་ཡིན་པས་ཟུང་འཇུག་གི་དོན་མ་ཚང་བའི་ཕྱིར། དབུ་མ་ཆུང་ངུ་ཡིན་ལ། འདིར་ནི་ཀུན་རྫོབ་འཁྲུལ་པའི་ཆོས་ཐམས་ཅད་ཀྱིས་སྟོང་ཞིང་དོན་དམ་ཡེ་ཤེས་ཀྱིས་ཆོས་ཀུན་དང་ལྡན་པ་ནི་ཟུང་འཇུག་དབུ་མ་ཆེན་པོའི་ལམ་ཡིན་ནོ། །ཞེས་གསུངས་པ་བཞིན་དུ་ལྟ་བ་སྟོང་ཉིད་མེད་དགག་ཏུ་འདོད་པ་རྣམས་ཀྱིས་འཁོར་ལོ་བར་པ་སྟོང་ཉིད་དངོས་བསྟན་གྱི་ཆར་གཙོ་བོར་རྩལ་འདོན་མཛད་པ་དང་། ལྟ་བ་མ་ཡིན་དགག་ཏུ་སྨྲ་བ་རྣམས་ཀྱིས་འཁོར་ལོ་མཐའ་མའི་ངེས་དོན་མཐར་ཐུག་གི་མདོ་བཞིན་བསྙད་པ་ཡིན་ནོ།།

སྔ་འགྱུར་རང་ལུགས་ནི་ཆོས་རྣམས་ཀྱི་ངོ་བོ་སྟོང་པ་རང་བཞིན་གསལ་བ་དེ་གཉིས་དབྱེར་མེད་ཀྱི་དོན་ལ་ཟབ་རྒྱས་ཟུང་འཇུག་ཅེས་ཐ་སྙད་ཡོངས་སུ་གྲགས་པ་ལྟར་འཆད་ཚུལ་འདི་དག་ནི་བཤད་སྒྲུབ་ཀྱི་བསྟན་པ་ལ་གཅིག་གྲོགས་གཅིག་ཕན་དུ་སོང་བར་མངོན་ནོ། །བླ་མ་མི་ཕམ་རིན་པོ་ཆེའི་ངེས་ཤེས་སྒྲོན་མེ་ལས།[8] དགེ་ལྡན་ལྟ་བ་མེད་དགག་ཟེར། །གཞན་རྣམས་མ་ཡིན་དགག་ཏུ་སྨྲ། །ཞེས་གསུངས་པ་ལྟར་བསིལ་ལྡན་ཁ་བའི་ཡུལ་དུ་སྟོན་པ་གཅིག་གི་བསྟན་པ་ལ་སྔོན་གྱི་མཁས་པ་དག་གི་གནས་སྐབས་སུ་ཆོས་རྣམས་ཀྱི་ངོ་བོ་སྟོང་པ་རང་བཞིན་གསལ་བ་ཟུང་འཇུག་དབྱེར་མེད་སོགས་ཀྱི་དོན་ལ་ཐ་སྙད་ཚིག་གི་ཟེར་སྒྲོས་དང་བཤད་བྱ་ཆོས་ཀྱི་རྩལ་འདོན་གནང་ཚུལ་ཅུང་ཙམ་རེ་མི་འདྲ་བ་ཡོད་ཀྱང་། མཐར་ཐུག་གི་ལྟ་བའི་དོན་ལ་ངོ་བོ་དབྱེར་མེད་པས་ཆགས་སྡང་རྨོངས་གསུམ་གྱི་གཞན་དབང་དུ་གྱུར་ནས་དགག་གཞག་སྤོང་གསུམ་བྱེད་འདོད་ཀྱང་མེད་ལ་སྤྲོ་བར་བགྱི་བའང་མི་འོས་སོ། །ཡང་དེ་ཉིད་ལས།[9] སྔ་འགྱུར་རང་ལུགས་གང་ཞེ་ན། །ཞེས་པ་ལྟར་མདོ་རྒྱུད་མན་ངག་གི་བཀའ་བབ་གསང་ཆེན་སྔ་འགྱུར་བའི་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། བླ་མ་མི་ཕམ་རིན་པོ་ཆེ་རྣམས་ཀྱི་གསུང་རབ་ལེགས་བཤད་རྨད་དུ་བྱུང་བའི་གཙུག་ལག་སོགས་ལ་ཡུན་རིང་ཐོས་བསམ་གོམས་འདྲིས་བྱས་པས་བློའི་སྟོབས་ཤུགས་ཡོད་དགུ་རྩལ་སྤྲུག་གིས་སྔ་འགྱུར་རང་ལུགས་ཀྱི་ལྟ་བའི་ངོ་བོ་དང་དབྱེ་བ། དེའི་གཞལ་བྱའི་ཡུལ་སོགས་ལུང་རིགས་ཀྱི་སྒོ་ནས་དགའ་དད་སྤྲོ་གསུམ་གྱིས་ཅུང་ཙམ་དཔྱད་པར་བྱའོ།།

༢༽ མཚན་ཉིད་ལ་ཁུངས་སྐྱེལ་བ།

བླ་མ་མི་ཕམ་རིན་པོ་ཆེའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།[10] གཞལ་བྱའི་ཡུལ་གང་ལ་ཤེས་རབ་ཀྱི་སྒྲོ་འདོགས་བཅད་ནས་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློའོ། །ཞེས་གསུངས་པ་བཞིན་དུ་ལྟ་བའི་མཚན་ཉིད་འདི་ལ་ཟུར་གསུམ་ཡོད་པར་སྣང་སྟེ། གཞལ་བྱའི་ཡུལ་གང་ལ་ཞེས་པ་ནི་ཡོད་མེད་གཉིས་ཀ་ལ་འཇུག་པའི་ཐུན་མོང་གི་སྒྲ་ཡིན་ཏེ། མཁན་ཆེན་ཞི་བ་འཚོའི་དབུ་མ་རྒྱན་ལས།[11] བདག་དང་གཞན་སྨྲས་དངོས་འདི་དག །ཡང་དག་ཏུ་ན་གཅིག་པ་དང་། །དུ་མའི་རང་བཞིན་བྲལ་བའི་ཕྱིར། །རང་བཞིན་མེད་དེ་གཟུགས་བརྙན་བཞིན། །ཞེས་པ་ལྟར་བདག་གཞན་གྱིས་སྨྲས་པའི་དངོས་པོ་རྣམས་ཆོས་ཅན་དུ་བཟུང་ཡང་དེ་འདྲའི་དངོས་པོ་དེ་ཡིན་ན་ཡོད་པས་མ་ཁྱབ་པ་བཞིན་སྐབས་འདིར་གཞལ་བྱའི་ཡུལ་ཞེས་པ་དེ་དང་དོན་མཚུངས་སུ་གནས་པའོ།།

ཤེས་རབ་ཀྱི་སྒྲོ་འདོགས་བཅད་ནས་ཞེས་པ་ནི་ཕྱི་ནང་གི་གྲུབ་མཐའ་སོ་སོའི་འཇུག་ཚུལ་དང་མཐུན་པར་རང་རང་གི་མི་མཐུན་ཕྱོགས་སྤངས་པ་ལ་གོ་དགོས་ཏེ། སྟོན་མཆོག་ཤཱཀྱ་སེངྒེའི་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས།[12] སངས་རྒྱས་མཚན་ནི་ཡེ་ཤེས་ཏེ། །ལྟ་བའི་ཉེས་པས་རྣམ་སྤངས་པ། །སོ་སོ་རང་རིག་ལྟ་བས་རྟོགས། །ཉེས་པ་ཐམས་ཅད་རྣམ་འཇོམས་པའོ། །ཞེས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་དག་མཉམ་བདེན་པ་དབྱེར་མེད་པར་གཉུག་མ་དོན་གྱི་སངས་རྒྱས་ཁོ་ནའི་མཚན་ཉིད་དུ་བསྟན་པ་ནི། སྟོང་པ་དོན་དམ་ཆོས་ཉིད་དོན་གྱི་ཡེ་ཤེས་དང་སྣང་བ་ཀུན་རྫོབ་རྣམས་ཆོས་ཅན་རྟགས་ཀྱི་ལྷའི་ངོ་བོར་གནས་ཏེ་ལྟ་བའི་ཉེས་པས་གློ་བུར་འཁྲུལ་སྣང་གི་རྣམ་པ་འདི་དག་ཆོས་ཀྱི་གཤིས་ལ་མ་གྲུབ་པར་རང་བཞིན་གྱིས་སྤངས་པ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ལྟ་བས་དག་མཉམ་བདེན་པ་དབྱེར་མེད་པར་རྟོགས་ནས་ཕྱིན་ཅི་ལོག་གི་ཉེས་པའི་ཚོགས་མ་ལུས་མི་ལུས་ལུས་པ་མེད་པར་ཐམས་ཅད་འཇོམས་པར་བྱས་པའོ།།

མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློ་ཞེས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ལས་འབྲས་དང་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ཀྱི་དོན་ལ་ཕྱིན་ཅི་ལོག་ཏུ་འཛིན་པ་དང་ཕྱིན་ཅི་མ་ལོག་པར་འཛིན་པའི་དོན་ཡིན་ཏེ། བླ་མ་མི་ཕམ་རིན་པོ་ཆེའི་ངེས་ཤེས་སྒྲོན་མེ་ལས།[13] བདག་གཞན་དངོས་འཛིན་འདིར་བརྟེན་ནས། །སྲིད་པའི་ཆུ་བོ་བརྒྱུད་མར་འཇུག །འདི་དག་བཟློག་པའི་གཉེན་པོ་ནི། །བདག་མེད་པ་ཡི་འཛིན་སྟངས་ཡིན། །ཞེས་དང་། དེ་ཡང་ཚད་མ་རྣམ་འགྲེལ་ལས།[14] འཚེ་བ་མེད་དང་ཡང་དག་དོན། །རང་བཞིན་ལ་ནི་ཕྱིན་ལོག་གིས། །འབད་དུ་ཟིན་ཀྱང་མི་བཟློག་སྟེ། །བློ་ནི་དེ་ཕྱོགས་འཛིན་ཕྱིར་རོ། །ཞེས་གསུངས་པ་བཞིན་དུ་སེམས་ཅན་གྱི་བསམ་པའི་འཁྱེར་སོ་དང་དབང་པོ་རྣོ་རྟུལ་སོགས་ལ་བརྟེན་ནས་ཐེག་པའམ་གྲུབ་མཐའི་ལྟ་བའི་མཐོ་དམན་གྱི་ཁྱད་པར་སྣ་ཚོགས་སུ་བྱུང་བ་ཡིན་ཡང་། དེ་ལ་འདིར་བསྟན་གྱི་མཚན་ཉིད་ནི་གྲུབ་མཐའ་ཀུན་ཀྱི་ལྟ་བ་ལ་ཁྱབ་བྱེད་དུ་འཇུག་པའི་ངོ་བོའམ་རང་བཞིན་དུ་གྲུབ་པ་སྟེ། ལྟ་བའི་གཞལ་བྱའི་ཡུལ་ལ་ཡོད་པར་མ་ངེས་པ་དང་། ཤེས་རབ་དེ་ཡང་བླང་དོར་འབྱེད་པའི་བློ་དོན་མཐུན་ཡིན་མི་དགོས་པ། མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློ་དེ་ཡང་རྟོགས་བློ་ཡིན་པས་མ་ཁྱབ་པ་སོགས་ཞིབ་ཆ་བྱེད་དགོས། གང་ལྟར་ལྟ་བ་ནི་ཕར་འགྲོ་བ་དང་ཚུར་འོང་བ་འཁོར་འདས་ཀུན་ཀྱི་བྱེད་པོའམ་ཁ་ལོ་བ་ལྟ་བུ་ཡིན་པས་ཤིན་ཏུ་དཀའ་གནད་ཆེ་བའི་རིགས་ཤིག་ཡིན་པར་སྣང་ངོ་།།

༣༽ དབྱེ་བའི་གྲངས་འདྲེན་པ།

སྤྱིར་ལྟ་བ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བ་གཉིས་ཡོད་དེ། བླ་མ་མི་ཕམ་རིན་པོ་ཆེའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།[15] དེ་ལའང་ཤེས་རབ་ཀྱི་ཁྱད་པར་ལས་ཡུལ་ཇི་བཞིན་པར་གཏན་ལ་ཕེབ་མ་ཕེབ་ཀྱི་ཚུལ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བའི་རིམ་པ་སྣ་ཚོགས་སུ་གནས་ཏེ། ཞེས་དང་། ཡང་གྲུབ་མཐའི་དབང་དུ་བྱས་ན་ཕྱི་རོལ་པ་དང་ནང་པ་སངས་རྒྱས་པའི་ལྟ་བ་གཉིས་ཏེ་སྔ་མ་ལ་ལྟ་ལོག་སུམ་བརྒྱ་དྲུག་ཅུ་དང་ཕྱི་མ་ལ་མདོ་སྔགས་ཀྱི་ལྟ་བ་གཉིས་སོ། །གཞན་ཡང་དོན་གྱི་དབང་དུ་བྱས་ན་མ་རྟོགས་པ་དང་ལོག་པར་རྟོགས་པ་དང་ཕྱོགས་ཙམ་རྟོགས་པ་ཡང་དག་པར་རྟོགས་པ་བཞི་སྟེ། རྩ་རྒྱུད་གསང་བ་སྙིང་པོ་ལས།[16] མ་རྟོགས་པ་དང་ལོག་པར་རྟོགས། །ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །འདུལ་བ་དགོངས་པ་གསང་བ་དང་། །རང་བཞིན་གསང་བའི་དོན་རྣམས་ནི། །ཞེས་མ་རྟོགས་པ་ལས་འབྲས་ཀྱི་དོན་ལ་བློ་ཁ་མ་ཕྱོགས་པའི་འཇིག་རྟེན་པ་དང་། ལོག་པར་རྟོགས་པ་རྒྱང་འཕེན་པ་དང་། ཕྱོགས་ཙམ་རྟོགས་པ་ཉན་རང་བྱང་སེམས་གསུམ་མདོ་མཚན་ཉིད་ཐེག་པ་དང་། ཡང་དག་པར་མ་རྟོགས་པ་ཕྱི་རྒྱུད་སྡེ་གསུམ། ཡང་དག་པར་རྟོགས་པ་ནི་ནང་རྒྱུད་སྡེ་གསུམ་མོ།།

ཡང་སྔ་འགྱུར་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཐ་སྙད་ཀྱི་དབང་དུ་བྱས་ན་ལྟ་བའི་དབྱེ་བ་གསུམ་དུ་ངེས་ཏེ་རང་བཞིན་གསལ་བའི་སྣང་བ་ཐམས་ཅད་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་ཡེ་ནས་དག་པ་ངེས་པར་འཛིན་པའི་བློ་ཆོས་ཅན་ལྟ་བའི་ལྟ་བ་དང་། ངོ་བོ་སྟོང་པ་མཉམ་པ་ཆེན་པོའི་གཤིས་སུ་ངེས་པར་འཛིན་པའི་བློ་ཆོས་ཉིད་ལྟ་བའི་ལྟ་བ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་གདོད་ནས་དག་མཉམ་བདེན་པ་དབྱེར་མེད་དུ་ངེས་པར་འཛིན་པའི་བློ་རང་རིག་ལྟ་བའི་ལྟ་བ་ཞེས་པ་ཡིན་ཏེ། བླ་མ་མི་ཕམ་རིན་པོ་ཆེའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།[17] དེ་གསུམ་ནི་སྐབས་འདིར་མ་ཟད་ལྟ་བ་ཐམས་ཅད་ཀྱི་ཁྱབ་བྱེད་ཀྱང་ཡིན་ཏེ། ཐ་སྙད་ཀྱི་ཡུལ་ཅན་དང་། དོན་དམ་པའི་ཡུལ་ཅན་དང་། བདེན་གཉིས་དབྱེར་མེད་པར་ངེས་པའི་ཡུལ་ཅན་གྱི་མིང་གི་རྣམ་གྲངས་ཡིན་པའི་ཕྱིར་རོ། །ཞེས་དང་། ཡང་ཐ་སྙད་གཞན་ཞིག་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དང་སྦྱར་ན་བཀའ་དང་པོ་ཆོས་ཅན་ལྟ་བའི་ལྟ་བ་དང་། བཀའ་བར་པར་ཆོས་ཉིད་ལྟ་བའི་ལྟ་བ། བཀའ་མཐའ་མར་རང་རིག་ལྟ་བའི་ལྟ་བ་གཙོ་བོར་བསྟན་པ་ཡིན་ནོ།།

ཡང་རང་སྡེའི་ཐེག་པ་གསུམ་གྱི་དབང་དུ་བྱས་ནས་ལྟ་བའི་རྣམ་གཞག་སྟོན་ཚུལ་ཡང་ཡོད་དེ། བླ་མ་མི་ཕམ་རིན་པོ་ཆེའི་ངེས་ཤེས་སྒྲོན་མེ་ལས།[18] དེས་ན་རང་ལུགས་གང་ཡིན་ན། །དཔལ་ལྡན་ཟླ་བའི་རང་འགྲེལ་ལས། །ཉོན་མོངས་སྤངས་ཕྱིར་ཉན་རང་ལ། །རྒྱལ་བས་གང་ཟག་བདག་མེད་དང་། །ཤེས་སྒྲིབ་སྤངས་ཕྱིར་རྒྱལ་སྲས་ལ། །ཆོས་བདག་མེད་པ་རྫོགས་པར་བསྟན། །ཞེས་དང་། ཀུན་མཁྱེན་རོང་ཟོམ་ཆོས་བཟང་གི་ལྟ་བའི་བརྗེད་བྱང་ལས།[19] ཉན་ཐོས་རྣམས་ཀྱི་ལྟ་བ་ནི་གང་ཟག་ལ་བདག་མེད་པར་རྟོགས་པའོ། །རང་སངས་རྒྱས་རྣམས་ཀྱི་ལྟ་བ་ནི་ཆོས་ལས་གཟུགས་ཀྱི་ཕུང་པོས་བསྡུས་པའི་ཆོས་ཐམས་ཅད་ལ་བདག་མེད་པར་རྟོགས་སོ། །ཐེག་པ་ཆེན་པོ་སྤྱིར་བསྡུས་ནས་ལྟ་བ་ནི་ཆོས་དང་གང་ཟག་གཉིས་ཀ་ལ་བདག་མེད་པར་རྟོགས་སོ། །ཞེས་དང་། དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ་རང་འགྲེལ་ལས།[20] བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་ན་གཉི་ག་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟར་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པ་སྒོམ་པ་ནི་ཡོད་པར་རྣམ་པར་གཞག་གོ །ཞེས་དང་། སྟོན་མཆོག་ཤཱཀྱ་སེངྒེའི་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས།[21] ཆོས་དང་གང་ཟག་བདག་མེད་དང་། །ཁྱོད་ཀྱི་ཉོན་མོངས་ཤེས་བྱའི་རྣམས། །ཁྱོད་ཀྱི་ཤེས་རབ་ཐུགས་རྗེ་དང་། །མཚན་མ་མེད་པས་རྟག་ཏུ་དག །ཅེས་དང་། ཡང་ཉན་རང་བྱང་སེམས་ཏེ་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་དང་། ཀྲི་ཡ་ཨུ་པ་ཡོ་ག་སྟེ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། མ་ཧཱ་ཨ་ནུ་ཨ་ཏི་སྟེ་དབང་བསྒྱུར་ཐབས་ཀྱི་ཐེག་པ་གསུམ་དང་དགུར་རྣམ་པར་གཞག་པ་འདི་དག་ཀྱང་ལྟ་བའི་ཁྱད་པར་གྱི་དབང་གིས་བཞག་པ་ཡིན་ནོ།།

སྔ་འགྱུར་རང་ལུགས་ཀྱི་ལྟ་བ་ནི་ཡུལ་ཅན་ཤེས་པའི་ངོ་བོར་འཇོག་པས་གཉིས་དང་། གསུམ་དང་། ལྔ་དང་། དགུ་སོགས་དབྱེ་ཚུལ་ཡོད་པ་དེ་དག་གང་ཟག་རང་རང་གི་ཁམས་དབང་བསམ་པའི་མོས་པ་ལ་ལྟོས་ནས་མཉམ་གཞག་ཏུ་ཡུལ་གྱི་གནས་ལུགས་ལ་གསལ་སྣང་ཐོབ་ཚུལ་དང་། རྗེས་ཐོབ་ཏུ་ངེས་པ་འདྲེན་ཚུལ་གྱིས་ཐེག་པའམ་གྲུབ་མཐའི་ལྟ་བའི་ངོ་བོ་ལ་ཁྱད་པར་ཤིན་ཏུ་ཆེ་སྟེ། བླ་མ་མི་ཕམ་རིན་པོ་ཆེའི་ངེས་ཤེས་སྒྲོན་མེ་ལས།[22] གནད་དེ་ཇེ་བས་ཇེ་ཟབ་ཏུ། །རྟོགས་པས་ཀུན་རྫོབ་སྣང་བ་ཡང་། །རང་མཚན་ཞེན་པ་རིམ་སྤོང་བས། །རྒྱུད་སྡེ་ཐེག་རིམ་དེ་ལྟར་སྣང་། །ཞེས་དང་། ཡང་བླ་མ་མི་ཕམ་རིན་པོ་ཆེའི་གསང་སྙིང་སྤྱི་དོོན་འོད་གསལ་སྙིང་པོ་ལས།[23] མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་ཡོད་དམ་མེད་ཅེ་ན། གཞལ་བྱ་ཆོས་དབྱིངས་སྤྲོས་བྲལ་དུ་གཏན་ལ་འབེབས་པ་ཙམ་ལ་ཁྱད་མེད་ཀྱང་། ཆོས་དབྱིངས་མཐོང་ཚུལ་གྱི་ཡུལ་ཅན་ལ་ཁྱད་ཡོད་ལ། ལྟ་བ་ནི་ཡུལ་ཅན་གྱི་ངོས་ནས་འཇོག་པས་ན་ཁྱད་ཤིན་ཏུ་ཆེའོ། །ཞེས་དང་། ཀུན་མཁྱེན་རོང་ཟོམ་ཆོས་བཟང་གི་ལྟ་བའི་བརྗེད་བྱང་ལས། སངས་རྒྱས་པ་རྣམས་ཀྱིས་ཐེག་པ་རིམ་པ་རིམ་པས་རྫས་ཀྱི་རིམ་པ་རིམ་པར་སྤྲོས་པ་གཅོད་པའི་ཚུལ་བསྟན་པ་དང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་རོ་གཅིག་པའི་ཚུལ་གཅིག་པ་འབྲས་བུ་ཐ་དད་མེད་པར་མཉམ་པ་ཆེན་པོའི་ངང་དུ་རོ་གཅིག་པར་བསྟན་པའོ། །ཞེས་དང་། སྟོན་མཆོག་ཤཱཀྱ་སེངྒེའི་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས།[24] ཐེག་པ་རྣམ་པར་གཞག་མེད་དེ། །ཐེེག་པ་གཅིག་ཏུ་ངས་བཤད་དོ། །བྱིས་པ་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་གསུངས་པ་བཞིན་དུ་ལྟ་བའི་དབྱེ་བའམ་རྣམ་གྲངས་སྣ་ཚོགས་སུ་བཞེད་པ་ཡོད་ཀྱང་ཡིག་ཚོགས་མང་བར་དོགས་ནས་དེ་ཙམ་གྱིས་འཐུས་པར་བྱས་སོ།།

༤༽ རིགས་པའི་སྒོ་འབྱེད་པ།

དེ་ཡང་བསིལ་ལྡན་ཁ་བའི་ལྗོངས་སུ་བསྟན་པའི་ཕྱི་མོར་གྱུར་པ་སྔ་འགྱུར་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཆོས་སྐད་མདོ་རྒྱུད་མན་ངག་ཟབ་མོ་ཀུན་ཀྱི་དགོངས་པ་འཁྲུལ་མེད་གཞི་བདེན་གཉིས་ཟུང་འཇུག་དང་། ལམ་ཚོགས་གཉིས་ཟུང་འཇུག འབྲས་བུ་སྐུ་གཉིས་ཟུང་འཇུག་ཁོ་ནས་ཆོས་རྣམས་ཀྱི་རང་བཞིན་ནམ་གནས་ལུགས་གཏན་ལ་འབེབས་པ་ཡིན་ཏེ། བླ་མ་མི་ཕམ་རིན་པོ་ཆེའི་ངེས་ཤེས་སྒྲོན་མེ་ལས།[25] དེས་ན་སྔ་འགྱུར་རང་ལུགས་འདིར། །གཞི་ལམ་འབྲས་བུའི་ཆོས་སྐད་ལ། །རྟག་དང་མི་རྟག་བདེན་གཉིས་སོགས། །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་ཡི། །ཟུང་འཇུག་ཁོ་ནའི་གྲུབ་མཐའ་བསྐྱངས། །ཞེས་གསུངས་པ་བཞིན་དུ་དབྱིངས་དང་ཡེ་ཤེས་དབྱེར་མེད་པར་ཆོས་ཉིད་དོན་གྱི་ངོ་བོར་སྒྲུབ་པ་དང་། དེའི་དབང་གིས་སྣང་བ་ཀུན་རྫོབ་ཆོས་ཅན་རྟགས་ཀྱི་ངོ་བོར་སྒྲུབ་ཚུལ་གཉིས་ཏེ།

དང་པོ། བླ་མ་མི་ཕམ་རིན་པོ་ཆེའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།[26] སྟོང་ཉིད་མཉམ་པ་ཆེན་པོའི་རང་བཞིན་དུ་མ་གྱུར་པའི་ཆོས་འགའ་ཡང་མེད་པའི་ཕྱིར་སྣང་སྲིད་ཐམས་ཅད་ཡེ་ནས་དག་པ་ཆེན་པོར་གྲུབ་བོ། །ཞེས་པས། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཅན། ཡེ་ནས་ཆོས་ཉིད་ཀ་དག་ཆེན་པོའི་ངོ་བོར་གྲུབ་སྟེ། སྟོང་ཉིད་མཉམ་པ་ཆེན་པོའི་རང་བཞིན་དུ་མ་གྱུར་པའི་ཆོས་འགའ་ཡང་མེད་པའི་ཕྱིར་རོ།།

གཉིས་པ། བླ་མ་མི་ཕམ་རིན་པོ་ཆེའི་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་ལས།[27] འདི་ལྟར་སྣང་བ་ཐམས་ཅད་ཆོས་ཅན། གནས་ཚུལ་ལ་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་གྲུབ་སྟེ། ཕྱིན་ཅི་ལོག་གི་བསླད་པ་དང་བྲལ་བའི་འཕགས་པ་རྣམས་ཀྱིས་དག་པར་གཟིགས་པའི་ཕྱིར། མིག་སྐྱོན་མེད་པས་དུང་དཀར་པོར་མཐོང་བ་བཞིན་ནོ། །ཞེས་པས། འདི་ལྟར་སྣང་བ་ཐམས་ཅད་ཆོས་ཅན། ཡེ་ནས་དག་པ་ཆེན་པོའི་ངོ་བོར་འབའ་ཞིག་ཏུ་གྲུབ་སྟེ། ཚད་མ་མཐར་ཐུག་པ་ཡེ་ཤེས་ཀྱིས་དེ་ལྟར་གཟིགས་པའི་ཕྱིར།

གཞན་ཡང་ལྟ་བའི་གཞལ་བྱའི་ཡུལ་གྱི་རང་གཞིན་གཏན་ལ་འབེབས་ཚུལ་ལ་སྔོན་གྱི་མཁས་པ་དག་གིས་རིགས་པའི་རྣམ་གྲངས་སྣ་ཚོགས་སུ་གསུངས་ཀྱང་དེ་ལ་འདིར་ཚད་མ་བཀའ་གཞུང་གི་གཏན་ཚིགས་སམ་རྟོགས་པ་བཞིའི་གཏན་ཚིགས་ལ་བྱིས་བློའི་རིག་པས་རྣམ་རྟོག་གི་རི་མོ་འབྲི་བ་མ་ཡིན་པར་སྟོན་མཆོག་ཤཱཀྱ་སེངྒེ་དང་། ཀུན་མཁྱེན་རོང་ཀློང་རྣམ་གཉིས། བླ་མ་མི་ཕམ་རིན་པོ་ཆེ་སོགས་ཀྱི་གསུང་རབ་ངོ་མཚར་དག་གི་ཡི་གེའི་འབྲུ་གནོན་པའི་ཚུལ་གྱིས་རིགས་པའི་སྒོ་ཡངས་པོར་ཕྱེ་ན། རྩ་རྒྱུད་གསང་བ་སྙིང་པོ་ལས།[28] རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པར། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་དང་། ཀུན་མཁྱེན་རོང་ཟོམ་ཆོས་བཟང་གི་གསང་བ་སྙིང་པོ་དཀོན་ཅོག་འགྲེལ་ལས།[29] རྒྱུ་གཅིག་པ་ནི། འདིར་དབྱེར་མེད་པ་ལ་གཟུང་བར་བྱ་སྟེ། དེ་བས་ན་ཆོས་ཐམས་ཅད་མཚན་ཉིད་དབྱེར་མེད་པར་རྟོགས་པས། ཆོས་དང་ཆོས་ཅན་མི་དམིགས་པ་ནི་རྒྱུ་གཅིག་པར་རྟོགས་པ་ཞེས་བྱའོ། །ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ནི། ཚུལ་སྔ་མ་དེ་ཉིད་ཀྱང་སྐུ་གསུང་ཐུགས་འབྲས་བུའི་ཆོས་སུ་སངས་རྒྱས་པར་རྟོགས་པ་སྟེ་ཐུན་མོང་མ་ཡིན་པའོ། །བྱིན་གྱིས་བརླབས་པར་རྟོགས་པ་ནི། རྟོགས་པ་རྣམ་པ་གཉིས་པོ་དེའི་མཐུ་དང་བྱིན་རླབས་ཤེས་པ་སྟེ། མངོན་སུམ་པར་རྟོགས་པ་ནི། སྤྱིར་དབང་པོའི་མངོན་སུམ་ལ་སོགས་པར་གྲགས་པའང་ཡོད་ཀྱི། འདིར་ཤེས་རབ་ཀྱི་དབང་པོའི་མངོན་སུམ་སྟེ། དེ་ཡང་སོ་སོར་རྟོགས་པའི་ཤེས་རབ་ཉིད་ལ་ཤེས་པར་བྱའོ། །ཞེས་ད་དུང་མན་ངག་ལྟ་ཕྲེང་གི་འགྲེལ་པ་ལས་ཀྱང་ཀུན་མཁྱེན་རོང་ཟོམ་ཉིད་ཀྱིས་རྟོགས་པ་བཞིའི་གཏན་ཚིགས་ཀྱི་རྣམ་གཞག་གསལ་པོར་གསུངས་འདུག

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལས།[30] རྒྱུ་གཅིག་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་སྟོང་པའི་ངང་ལས་བྱུང་བར་རྒྱུ་གཅིག་པ་ཡིན་ཏེ། ཡིག་འབྲུའི་ཚུལ་གྱིས་རྟོགས་པ་ནི། དེ་ལྟར་སྟོང་པའི་ངང་ལས་དང་པོར་བྱུང་བར་མ་ཟད། ད་ལྟ་སྣང་དུས་ཉིད་ནས་ཀྱང་ཡིག་འབྲུ་ཨའི་ཚུལ་དུ་རང་བཞིན་གྱིས་མ་སྐྱེས་པའི་ངོ་བོ་སྣང་སྟོང་གཉིས་སུ་མེད་པར་གནས་ཏེ། བྱིན་གྱིས་བརླབས་པར་རྟོགས་པ་ནི། མེ་ཡི་རང་བཞིན་ཚ་བས་བྱིན་གྱིས་བརླབས་པ་ལྟར། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དཀྱིལ་འཁོར་གྱི་རང་བཞིན་དུ་སངས་རྒྱས་པར་བྱིན་གྱིས་བརླབས་དང་མ་དག་པ་མེད་ཅིང་དག་པ་འབའ་ཞིག་གི་ཚུལ་དུ་གནས་ཏེ། མངོན་སུམ་པར་རྟོགས་པ་ནི། དེ་ལྟར་གནས་པའི་རང་བཞིན་རྣམས་ཀྱང་དུས་གཞན་ནམ་ལྐོག་ཏུ་གྱུར་པ་ལ་སོགས་པ་མ་ཡིན་པར་སྣང་དུས་འདི་ཉིད་ནས་ཕྱི་སྣང་བ་ཡུམ་ནང་ཕུང་པོ་ཡབ་རྟོག་ཚོགས་ལྷའི་རང་བཞིན་དུ་གནས་པའི་ངོ་བོ་མངོན་སུམ་པར་སྣང་ཞིང་སྣང་དུས་ཉིད་ནས་མཉམ་པ་ཉིད་ཀྱི་ངང་ལས་མི་གཡོ་བའི་དགོངས་པ་སྟོན་པ་ཡིན་ཏེ། ཞེས་དང་།

བླ་མ་མི་ཕམ་རིན་པོ་ཆེའི་གཞུང་སྤྱིའི་དཀའ་གནད་ལས།[31] དང་པོ་རྒྱུ་གཅིག་པ་ནི། སྣང་སྲིད་ཀྱི་ཆོས་རྣམས་ཆོས་ཅན། དོན་དམ་དབྱིངས་ཡེ་ཟུང་འཇུག་རང་བྱུང་གི་ཡེ་ཤེས་སུ་རྒྱུའམ་ཚུལ་གཅིག་པ་ཡིན་ཏེ། ཆོས་ཐམས་ཅད་དེའི་ངང་ཚུལ་ལས་མ་འདས་པའི་ཕྱིར། གཉིས་པ་ཡིག་འབྲུའི་ཚུལ་ནི། དབྱིངས་ལས་ཤར་བའི་སྣང་བ་རྣམས་ཆོས་ཅན། དཔེ་ཡིག་འབྲུའི་ཚུལ་གྱིས་ཀུན་རྫོབ་སྐུ་དང་ཡེ་ཤེས་སུ་སྣང་བ་ཡིན་ཏེ། དབྱིངས་ཀྱི་རང་བཞིན་ལས་མ་འདས་པའི་སྣང་བ་ཡིན་པའི་ཕྱིར། གསུམ་པ་བྱིན་གྱིས་བརླབས་པ་ནི། ཀུན་རྫོབ་དང་དོན་དམ་གཉིས་ཆོས་ཅན། ཕན་ཚུན་གཅིག་གིས་གཅིག་བྱིན་གྱིས་བརླབས་ཤིང་དབྱེར་མེད་པ་ཡིན་ཏེ། ངོ་བོ་ཐ་དད་དུ་མ་གྲུབ་པའི་ཕྱིར། བཞི་པ་མངོན་སུམ་པ་ནི། དབྱེར་མེད་པའི་གནས་ལུགས་ཆོས་ཅན། བློའི་སྤྱོད་ཡུལ་ཐམས་ཅད་དང་བྲལ་བ་ཡིན་ཏེ། ཐ་སྙད་ཀྱི་བློས་བསམ་གྱིས་མི་ཁྱབ་པ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ།།

ཞེས་གསུངས་པ་བཞིན་དུ་ལྟ་བའི་ཡུལ་གྱི་གཞལ་བྱ་རང་ལུགས་ཐུན་མོང་མ་ཡིན་པ་ལྟར་ལུང་རིགས་ཀྱི་སྒོ་ནས་རྒྱས་པར་བསྒྲུབས་ནས་དེ་དག་གི་རྣམ་གཞག་མདོར་བསྡུས་ན། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གསང་སྙིང་སྤྱི་དོན་ཡིད་ཀྱི་མུན་སེལ་ལས།[32] རྟོགས་པ་བཞིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཅན། རྣལ་འབྱོར་པས་དག་མཉམ་རྫོགས་པ་ཆེན་པོར་དབང་འབྱོར་བ་ཡིན་ཏེ། དེ་དག་གི་རང་བཞིན་རྟོགས་པ་བཞིར་བློས་ངེས་པའི་ཕྱིར་རོ། །ཞེས་གསུངས་པ་བཞིན་དུ་ལྟ་བའི་རྣམ་གཞག་ལ་སྔོན་བྱོན་དམ་པ་རྣམས་ཀྱི་བཞེད་ཚུལ་ཅུང་ཙམ་རེ་མི་འདྲ་བ་ཡོད་ཀྱང་སྔ་འགྱུར་རང་ལུགས་འཛིན་པ་རྣམས་ཀྱིས་ཆགས་སྡང་རྨོངས་གསུམ་དང་འདྲེས་ནས་གཞན་ལུགས་ཀྱི་འདོད་པ་ལ་དགག་གཞག་སྤོང་གསུམ་གྱི་འབོར་ཤོབ་ཤོད་པ་དང་། གཙོ་བོར་རང་གི་རྣམ་རྟོག་གིས་རི་མོ་འབྲི་བ་མ་ཡིན་པར་ངོ་མཚར་རྨད་དུ་བྱུང་བའི་ལེགས་བཤད་དག་ལ་བློ་གྲོས་ཀྱི་བསམ་གཞིག་ཡངས་པོར་ཕྱེ་ནས་རང་གཞུང་ཚད་ལྡན་སོགས་ལ་བསྲེགས་བཅད་བརྡར་གསུམ་གྱིས་རང་ཚུགས་མ་ཤོར་བར་བྱེད་དགོས་པ་ཤིན་ཏུ་གལ་ཆེ་བའོ།།

འདི་ལྟར་བྲིས་པའི་དགེ་བ་ཅི་བསགས་པས།།

ཡིད་བཞིན་ནོར་བུའི་སྐུ་ཚེ་རབ་བརྟན་ཅིང་།།

ཉམ་ཐག་འགྲོ་བའི་དབུལ་ཕོངས་ཀུན་བསལ་ཏེ།།

བཤད་སྒྲུབ་བསྟན་པའི་གཟི་དཔལ་རྒྱས་གྱུར་ཅིག།


[1]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། ཤོག་གྲངས། ༤༦ པར་གསལ།

[2]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༤༧ པར་གསལ།

[3]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༧ པར་གསལ།

[4]  སེར་བྱེས་དཔེ་མཛོད་པར་མ། དེབ་གཟུགས། ཤོག་གྲངས། ༢༩༢ པར་གསལ།

[5]  སེར་བྱེས་དཔེ་མཛོད་པར་མ། དེབ་གཟུགས། ཤོག་གྲངས། ༣༥༡ པར་གསལ།

[6]  ཇོ་ནང་དཔེ་ཚོགས་པར་མ། དེབ་ཕྲེང་བདུན་པ། དེབ་གཟུགས། ཤོག་གྲངས། ༣ པར་གསལ།

[7]  ཇོ་ནང་དཔེ་ཚོགས་པར་མ། དེབ་ཕྲེང་བདུན་པ། དེབ་གཟུགས། ཤོག་གྲངས། ༥༩ པར་གསལ།

[8]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། ཤོག་གྲངས། ༤༧ པར་གསལ།

[9]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། ཤོག་གྲངས། ༤༧ པར་གསལ།

[10]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༧ པར་གསལ།

[11]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། ཤོག་གྲངས། ༡༨༧ པར་གསལ།

[12]  ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་གྲངས། ༧༦༣ པར་གསལ།

[13]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༥༩ པར་གསལ།

[14]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་གཟུགས། ཤོག་གྲངས། ༣༢༥ པར་གསལ།

[15]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༧ པར་གསལ།

[16]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། རྩ་དེབ། ཤོག་གྲངས། ༤༣ པར་གསལ།

[17]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༩ པར་གསལ།

[18]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། རྩ་དེབ། ཤོག་གྲངས། ༥༢ པར་གསལ།

[19]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། སྨད་ཆ། ཤོག་གྲངས། ༡༥ པར་གསལ།

[20]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༧༩ པར་གསལ།

[21]  ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་གྲངས། ༥༣༦ པར་གསལ།

[22]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། རྩ་དེབ། ཤོག་གྲངས། ༧༣ པར་གསལ།

[23]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༩ པར་གསལ།

[24]  ཡེ་ཤེས་སྡེའི་པར་མ། དེབ་གཟུགས། ཤོག་གྲངས། ༦༦༦ པར་གསལ།

[25]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༧༢ པར་གསལ།

[26]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༦༠ པར་གསལ།

[27]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༥༥ པར་གསལ།

[28]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། རྩ་དེབ། ཤོག་གྲངས། ༣༨ པར་གསལ།

[29]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། སྟོད་ཆ། ཤོག་གྲངས། ༡༧༩ པར་གསལ།

[30]  ཐཱའི་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་པར་མ།  དེབ་གཟུགས། ཤོག་གྲངས། ༣༥༥ པར་གསལ།

[31]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༧༨ པར་གསལ།

[32]  ཐཱའི་ཝན་ནང་པའི་ཤེས་ཡོན་བདེ་རྩ་ལྷན་ཚོགས་པར་མ། དེབ་གཟུགས། ཤོག་གྲངས། ༡༤༨ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།