རྩོམ་སྒྲིག་པ།
རྣམ་ཀུན་མཆོག་ལྡན་མི་འགྱུར་རྡོ་རྗེ་དང་།།
ལྷན་སྐྱེས་བདེ་ཆེན་ཀརྨ་ཆགས་མེད་ཞབས།།
ཟུང་འཇུག་ཁ་སྦྱོར་ཀུན་བཟང་ཤེས་རབ་མཆོག།
ཀུན་འདུས་གྲུབ་དབང་བླ་མ་གཙུག་ཏུ་བསྙེན།།
དེ་ལ་འདིར་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་རྣམ་གསུམ་གྱི་སྐོར་མདོ་ཙམ་ཞུ་བ་ལ། སྤྱིར་རི་ཆོས་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་རྣམས་ཀྱིས་དགོན་པ་དང་ཁྱིམ་པ་བ་རྣམས་ཀྱིས་རང་གི་ཁྱིམ་སྤངས་ནས་གངས་རི་དང་ནགས་རི་སྤང་རི་རྣམས་སུ་ཟླ་བ་ཕྱེད་དང་གཅིག་སོགས་ཅི་ཐུབ་ཏུ་དབེན་པ་བསྟེན་ནས་དམ་པའི་ཆོས་བསྒྲུབ་པར་བྱ་བའི་ཉམས་ལེན་ཞིག་ལ་གོ་བ་སྟེ། དེ་ལ་ཟླ་ཆོས་ཞེས་ཀྱང་བྱ།
བོད་བརྒྱུད་ནང་བསྟན་འདིར་རྫོགས་ཆེན་ཕྱག་ཆེན་ལམ་འབྲས་ཞི་བྱེད་སྦྱོར་དྲུག་རིམ་ལྔ་སོགས་ཆོས་བརྒྱུད་སོ་སོར་རང་རང་གི་བཀའ་བརྒྱུད་བླ་མའི་གདམས་ཟབ་གནད་སྟོན་གྱི་རི་ཆོས་ཁྱད་པར་བ་རེ་ཡོད་པ་ཡིན་ལ། ཁྱད་པར་སྔ་འགྱུར་རྙིང་མ་ལ་ཡང་རི་ཆོས་སྣ་ཚོགས་ཡོད་མོད། ཤར་རྒྱལ་བ་དཔལ་ཡུལ་བ་ལ་རི་ཆོས་རྣམ་པ་གསུམ་དུ་གནས་པ་ལས། སྔོན་འགྲོ་དང་། རྩ་རླུང་། རྫོགས་ཆེན་གསུམ་སྟེ། གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྫོགས་ཆེན་སངས་རྒྱས་ལག་འཆང་གི་སྔོན་འགྲོའི་ཁྲིད་ཡིག གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་གཏུམ་མོའི་ཁྲིད་བདེ་དྲོད་རང་འབར། གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས་རྫོགས་པ་ཆེན་པོ་མངོན་སུམ་སྙིང་ཐིག་གི་གདམས་པ་ཐོད་རྒལ་འོད་གསལ་གྱི་ཟབ་ཁྲིད་སངས་རྒྱས་ལག་འཆང་བཅས། ཁྲིད་ཡིག་དེ་གསུམ་ལ་བརྟེན་ནས་སྔ་འགྱུར་རྙིང་མའི་ནང་རྒྱུད་སྡེ་གསུམ་གྱི་ཉམས་ལེན་གྱི་གནད་མཐའ་དག་མ་ཚང་བ་མེད་པར་རི་ཆོས་སོ་སོའི་སྒྲུབ་པ་ལག་ལེན་གྱི་མཐིལ་ཚུལ་བཞིན་མཛད་རྒྱུ་ཡོད།
རི་ཆོས་འདིའི་ཆོས་བདག་ངོས་བཟུང་བ་དང་དེ་ལས་ཇི་ལྟར་བརྒྱུད་ཚུལ།
དེ་ལ་ཆོས་འདི་དང་འབྲེལ་བའི་བཀའ་གཏེར་དག་སྣང་སྤྱིའི་ལོ་རྒྱུས་ནི་སྐབས་ཀྱི་སྔོན་འགྲོའི་ཁྲིད་ཡིག་ལས་མཁྱེན་རྒྱུ་གལ་ཆེ་ཞིང་། འདིར་ཐད་ཀར་རི་ཆོས་འདི་ཉིད་ཆོས་ཁུངས་བཙུན་པར་སྟོན་ཆེད་ཡིད་ཆེས་པའི་ལུང་གིས་ཆོས་བདག་ངོས་བཟུང་བ་དང་དེ་ལས་ཇི་ལྟར་བརྒྱུད་ཚུལ་གླེང་བར་བྱ་སྟེ།
དང་པོ་རི་ཆོས་འདིའི་ཆོས་བདག་ནི། གཏེར་སྟོན་ཆེན་པོ་གནམ་ཆོས་རིག་འཛིན་མི་འགྱུར་རྡོ་རྗེ་ཞེས་བྱ་བ་སྟེ། སྔོན་ཚེ་རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་མཆེད་ཀུན་དགའ་བོ། བོད་དུ་སློབ་དཔོན་པདྨའི་དངོས་སློབ་རྗེ་འབངས་ཉེར་ལྔའི་ནང་ནས། བཻ་རོ་ཙ་ནའི་སྐུ་ཡི་སྤྲུལ་པ། ཤུད་བུ་དཔལ་སེང་གི་གསུང་གི་སྤྲུལ་པ། ལང་གྲོ་དཀོན་མཆོག་གི་ཐུགས་ཀྱི་སྤྲུལ་པ། སྣ་ནམ་ཡེ་ཤེས་ཀྱི་ཡོན་ཏན་གྱི་སྤྲུལ་པ། དཔལ་གྱི་རྡོ་རྗེའི་ཕྲིན་ལས་ཀྱི་སྤྲུལ་པ་བཅས་ཡིན་པའི་དམ་པ་འདི་ཉིད། ལུང་བྱང་དུ་མ་ནས་དངོས་ཤུགས་ཅི་རིགས་ཀྱིས་ལུང་བསྟན་ཏེ། རྩ་རྒྱུད་པད་སྡོང་བརྩེགས་པ་ལས། ཨོ་རྒྱན་རིན་པོ་ཆེ་ལུང་བསྟན་པའི་མཇུག་ནས། དེ་ནས་སྤྲུལ་དང་ཡང་སྤྲུལ་ཀྱང་༔ མ་འོངས་དོན་བྱེད་སྐྱེས་བུ་ནི༔ ཆོ་འཕྲུལ་སྟོན་པ་ལ་ལ་ཞིག༔ འདི་ཡི་མཚན་ཙམ་འཛིན་པ་འབྱུང་༔ དེ་ནས་ཉི་མའི་ཟེར་ཐག་ལྟར༔ སྣང་ཡུལ་བྱ་བྱེད་གནས་སྐབས་འགར༔ འཕྲོས་པའི་ཕྲེང་བ་རེ་རེ་ཙམ༔ མཐའ་ནས་མཐའ་རུ་འབྱུང་བར་འགྱུར༔ ཞེས་དང་།
བཀའ་ཐང་འབྲིང་པོ་ལས། གཏེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་འབྱུང་༔ ཁམས་ཀྱི་ཕྱོགས་ཀྱི་གཏེར་ཁ་བརྒྱ་ལ་དབང་༔ ཞེས་དང་། རཏྣ་གླིང་པའི་ཐུགས་སྒྲུབ་ཡང་སྙིང་འདུས་པའི་ལུང་བྱང་ལས། རྡོ་རྗེའི་མིང་ཅན་ངོམ་གྱི་ཕྱོགས་ནས་འབྱུང་། །ཞེས་སོགས་དང་། ལུང་བསྟན་བཀའ་རྒྱ་མ་ལས། ལོ་ཙཱ་པ་གོར་བཻ་རོ་ཙ་ན་ཁྱོད༔ ཚེ་རབས་བསྐལ་བཟང་ད་དུས་ཚིགས་ལ་ཕན༔ དེང་ནས་མ་འོངས་དུས་ཀྱི་མཐར་ཐུག་བར༔ རིམ་བཞིན་འགྲོ་རྣམས་འདྲེན་དང་བསྟན་པ་སྐྱོང་༔ ཞེས་སོགས་དང་། གནམ་ཆོས་གཏེར་ཁ་ཉིད་ལས། བཻ་རོ་ཙ་ནའི་སྐུ་ཡི་སྤྲུལ༔ ཤུད་བུ་དཔལ་སེང་གསུང་གི་སྤྲུལ༔ ལང་གྲོ་དཀོན་མཆོག་ཐུགས་ཀྱི་སྤྲུལ༔ སྣ་ནམ་ཡེ་ཤེས་ཡོན་ཏན་སྤྲུལ༔ ཤྲཱི་བཛྲ་ཐུགས་ཀྱི་སྤྲུལ༔ ཨོ་རྒྱན་ང་ཡི་སྤྲུལ་པ་ཡིན༔ ཞེས་ཇི་སྐད་ལུང་བསྟན་པ་ལྟར།
ཤར་ཀཿཐོག་གི་བླ་མ་དབང་དྲག་རྒྱ་མཚོ་སྐུ་གཤེགས་ཁར་ང་རི་བོ་ཆེ་དང་ཀརྨའི་སྡེ་མཚམས་ཤིག་ཏུ་སྐྱེས་ཏེ་གཏེེར་སྟོན་མི་འགྱུར་རྡོ་རྗེ་ཞེས་བྱ་བར་འགྱུར་ཞེས་ཞལ་ཆེམས་གནང་བ་དང་མཐུན་པར། ངོམ་གྱི་སྟོད་དུ་བོད་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གདུང་རིགས། མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན་ཞེས་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པའི་དཔོན་རིགས་སུ་འཁྲུངས་[1]ཚེ། སྔགས་འཆང་རཱ་ག་ཨ་སྱས་སྒྲུབ་པ་ལ་རྩེ་གཅིག་ཏུ་གནས་པས་ཉམས་རྨི་ལམ་གྱི་རྟེན་འབྲེལ་ལ་བརྟེན་ནས། དགུང་ལོ་བཅུ་པའི་མཇུག་ཏུ་གདན་དྲངས་མཚན་གསོལ་ཁྲི་འདོན་སོགས་རྟེན་འབྲེལ་ཙམ་བྱས་ཤིང་། དབང་ལུང་མང་དུ་ཕུལ་ནས་བསྙེན་སྒྲུབ་ལྷན་དུ་མཛད་པས། དང་པོར་བར་ཆད་ཀྱི་རྣམ་པ་མང་པོ་བྱུང་། དེ་ནས་གྲིབ་སངས་ནས་སྐྱེ་བ་བརྒྱ་ཕྲག་གཉིས་ཙམ་རིམ་པར་དྲན་པ་དང་། མི་མ་ཡིན་རྣམས་ཀྱིས་སྲོག་སྙིང་ཕུལ་བ་དང་། རྩ་བ་གསུམ་གྱི་ལྷ་ཚོགས་དཔག་ཏུ་མེད་པས་ཞལ་གཟིགས་ཤིང་ལུང་བསྟན་པ་དང་། རྨི་ལམ་དུ་ཆོས་སྐུ་ཀུན་ཏུ་བཟང་པོས་བརྡའི་སྒོ་ནས་དབང་བསྐུར། ལོངས་སྐུ་ཐུགས་རྗེ་ཆེན་པོས་ཉམས་ཀྱི་སྐབས་སུ་དབང་རྒྱས་པར་གནང་། སྤྲུལ་སྐུ་པདྨ་འབྱུང་གནས་ཀྱིས་དངོས་སུ་དབང་བསྐུར་ཞིང་བྱིན་གྱིས་བརླབས་ཏེ། གནམ་ཆོས་ཐུགས་ཀྱི་གཏེར་ཁ་རྡོལ་ནས། བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱིས་རང་རང་གི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་རིམ་པར་གསུངས་ཤིང་། དབུ་ཞབས་སུ་བྲི་རྒྱུའི་རྒྱ་ཡིག་རྣམས་ཀྱི་དཔེ་བསྟན། རྒྱ་ཡིག་བཀྲོལ་བའི་རྒྱ་ཡིག་གསར་པ་མང་པོའི་ཀ་དཔེ་བསྟན།
ཁྱད་པར་དུ་སྤྲུལ་སྐུ་ཉིད་དགུང་ལོ་བཅུ་གསུམ་པ་བྱ་ལོ་དབོ་ཟླ་བའི་མར་ངོ་ནས་བཟུང་སྟེ། ཐུགས་རྗེ་ཆེན་པོ་འགྲོ་འདུལ་ཡང་ནས་ཡང་དུ་དངོས་སུ་ཞལ་གཟིགས་ཏེ། ཉིན་རེ་བཞིན་དུ་རྩ་ཚིག་རེ་དང་འགྲེལ་པ་རེ་སྦྲགས་ཏེ། ཁྲིད་ཀྱི་ཚུལ་དུ་གནང་བའི་ཞག་བར་བར་དུ་སྔོན་གྱི་དམིགས་པ་བསྒོམ་དགོས་པའི་བརྡར་མ་གསུངས་པར་ལུས། ནག་པ་ཟླ་བའི་ཚེས་བདུན་ཉིན་ཡོངས་སུ་རྫོགས་པར་གྱུར་ཏེ། འདིའི་བཀའ་སྲུང་ནི་ཤན་པ་དམར་ནག་ཡིན་ནོ་ཞེས་ཀྱང་གསུངས་ནས་མི་སྣང་བར་གྱུར་ཏོ། །གང་གི་གསུང་འབུམ་གྱི་རྣམ་གྲངས་ལ་གནམ་ཆོས་ཐུགས་གཏེར་རམ་དགོངས་གཏེར་སྒྲུབ་ཐབས་རྒྱ་མཚོའི་ཆོས་བརྩམ་པ་རྡོ་རྗེ་སྙིང་པོ་སོགས་པོད་བཅུ་བདུན་དུ་ཡོད། རྗེ་འདི་ཉིད་ཀྱི་ཆོས་བདག་ལས་ཅན་གྱི་སློབ་མ་མཁས་གྲུབ་ཀརྨ་ཆགས་མེད་དང་། རིག་འཛིན་ཀུན་བཟང་ཤེས་རབ་སོགས་ལུང་ཟིན་གྱི་སློབ་མ་མང་དུ་བྱོན་པ་འོག་མིན་ཀརྨའི་འདུས་སྡེ་དང་དཔལ་ཡུལ་དགོན་རྩ་ལག་སོགས་གངས་ཅན་མཐའ་དབུས་ཀུན་ཏུ་ཁྱབ་པར་གྱུར།
གཉིས་པ་དེ་ལས་ཇི་ལྟར་བརྒྱུད་ཚུལ་ནི། གཏེར་སྟོན་ཆེན་པོ་རིག་འཛིན་མི་འགྱུར་རྡོ་རྗེས་རྗེ་ཀུན་བཟང་ཤེས་རབ་དང་མཁས་གྲུབ་ཀརྨ་ཆགས་མེད་གཉིས་ལ་གནམ་ཆོས་ཐུགས་ཀྱི་གཏེར་ཁའི་སྨིན་གྲོལ་རྒྱབ་རྟེན་ཕྱག་བཞེས་ཕྲིན་སྒྲུབ་བཅས་སྤྱི་དང་། ཁྱད་པར་རི་ཆོས་གསུམ་པོ་འདི་དག་སྨིན་ཁྲིད་དུ་བསྩལ་ཅིང་ཉམས་བཞེས་མཛད་པར་ཀ་དག་གི་རིག་པ་དམར་ཐག་ཆོད་ཅིང་། ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་ཚད་དུ་ཕྱིན་པས། ལུང་ཟིན་གྱི་ཆོས་བདག་ཏུ་མངའ་གསོལ། དེ་ལས་མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་གཏེར་སྟོན་ཆེན་པོ་གང་གིས་བཀའ་གནང་ཞིང་གསུང་གིས་བསྐུལ་བ་ལ་བརྟེན་ནས། གནམ་ཆོས་རྫོགས་ཆེན་སངས་རྒྱས་ལག་འཆང་གི་སྔོན་འགྲོའི་ཁྲིད་འགྲེལ་ཆེན་མོ་དང་། ཆོས་འབྲུ་བདུན་པའི་ཁྲིད། གནམ་ཆོས་གཏུམ་མོའི་ཁྲིད་བདེ་དྲོད་རང་འབར་བཅས་བརྩམས་གནང་མཛད་ཅིང་། དེ་ཀུན་ཀྱང་རྗེ་ཀུན་བཟང་ཤེས་རབ་ལ་སྨིན་ཁྲིད་དུ་བསྩལ།
དེ་རྗེས་རྗེ་ཀུན་བཟང་ཤེས་རབ་ཀྱིས་རང་གི་ཉེ་གནས་དང་ཆོས་ཀྱི་མཆེད་པོ་འགས་བསྐུལ་བའི་ངོར། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་སྔོན་འགྲོའི་ཁྲིད་འགྲེལ་ཆེན་མོ་ཁྱེར་བདེ་བར་བསྒྲིགས་པ་གནམ་ཆོས་རྫོགས་ཆེན་སངས་རྒྱས་ལག་འཆང་གི་སྔོན་འགྲོའི་ཁྲིད་ཡིག་འབྲིང་པོ་ཞེས་བྱ་བ་དང་། གནམ་ཆོས་རྫོགས་ཆེན་ཐོད་རྒལ་འོད་གསལ་གྱི་ཟབ་ཁྲིད་སངས་རྒྱས་ལག་འཆང་ཞེས་བྱ་བ་གཉིས་མཛད། དཔལ་ཡུལ་མ་དགོན་གདན་ས་ཆེན་པོར་ལོ་ལྟར་རི་སྦྱོང་ཟླ་ཆོས་བྱེད་པའི་སྲོལ་བཙུགས། རི་ཆོས་གསུམ་པོ་སོ་སོར་བཤད་ཁྲིད་ལེགས་པར་བསྩལ་པས། སྔོན་འགྲོའི་སྐབས་ཐུན་མོང་བློ་སྦྱོང་དང་ཐུན་མིན་བསགས་སྦྱང་གནད་དུ་ཁེལ་བས་མཇུག་འཕོ་ལུང་གི་རྟགས་སུ་ཚང་བུག་ཏུ་རྩྭ་འཇག་མ་ཟུག་དགོས་པ་དང་། རྩ་རླུང་གི་སྐབས་མཐར་དྲོད་འབེབས་ཆུ་རས་སོགས་ཀྱི་བརྟག་དཔྱད་རྒྱུགས་ལེན་མཛད། རྫོགས་ཆེན་གྱི་སྐབས་བློ་དང་བསྟུན་ནས་སེམས་འཚོལ་དང་གདམས་ངག་དུ་མར་གནང་བ་སོགས་བཤད་ཡམ་ཙམ་དུ་མ་སོང་བར་སྨིན་ཁྲིད་ཁོ་ནས་བསྐྱངས། དེ་ལྟར་རི་ཆོས་ཉམས་ལེན་གྱི་མཐིལ་གདན་རབས་རིམ་བརྒྱུད་བཞིན་ད་ལྟའང་བོད་དཔལ་ཡུལ་མ་དགོན་དང་རྒྱ་གར་ལྷོ་ཕྱོགས་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་གདན་ས་འདི་གཉིས་ཀར་མ་ཉམས་པར་གནས་ཡོད། དེ་ཡང་གདན་ས་འདིར་ནི་༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུས་སྤྱི་ལོ་ ༡༩༨༣ ཙམ་ནས་བཟུང་ཟླ་ཆོས་ཀྱི་རྒྱུན་བཙུགས་ཤིང་། དམིགས་བསལ་དབང་ལུང་སྐབས་མ་གཏོགས་ལོ་ལྟར་ཆད་མེད་དུ་༸སྐྱབས་རྗེ་ཉིད་ནས་བཀའ་ཁྲིད་ཀྱི་རྒྱུན་མུ་མཐུད་མཛད་པས་མཚོན་ད་ལྟ་ཡང་འདི་གའི་དབུ་འཛིན་རྣམ་པས་མི་ཉམས་རྒྱུན་སྐྱོང་མཛད་མུས་ལགས།
རི་ཆོས་གསུམ་པོ་སོ་སོའི་སྤྱི་ཁོག་རེ་གླེང་བ།
སྔོན་འགྲོ།
སྔོན་འགྲོ་ནི་ཉམས་ལེན་ཐམས་ཅད་ཀྱི་ཐོག་མར་འགོ་རྩོམ་པའི་གཞི་ལྟ་བུ་ཡིན་པས་དེ་ལྟར་དང་། དེའང་ཐུན་མོང་གི་སྔོན་འགྲོ་ལ་བློ་ལྡོག་རྣམ་པ་བཞི་སྟེ། དལ་འབྱོར་རྙེད་པར་དཀའ་བ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བཅས་ལ་བརྟེན་ནས། འཁོར་བའི་གནས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པས། ད་རེས་འཁོར་བའི་སྡུག་བསྔལ་འདི་ལས་ཐར་བའི་ཐབས་ཤིག་ཅིས་ཀྱང་བྱའོ་སྙམ་པའི་བློ་ཐག་རྦད་ཆོད་ཀྱིས་ངེས་འབྱུང་བསྐྱེད་ཅི་ཐུབ་བྱ་རྒྱུ་འདི་བློ་ལྡོག་རྣམ་བཞི་སྒོམ་པའི་གནད་གཅིག་ཡིན། འདིས་ནི་མ་གི་ཉན་ཐོས་ཐེག་པ་ནས་ཡ་གི་ཨ་ཏི་ཐེག་པའི་བར་གྱི་ཐུན་མོང་ལམ་གྱི་རྩ་བའི་འཇུག་སྒོ་དེ་བསྟན་པ་ཡིན། ཐེག་རིམ་དགུ་པོ་གང་ཞིག་ལ་འཇུག་པར་འདོད་ནའང་དང་ཐོག་བཅོས་མིན་གྱི་ངེས་འབྱུང་བསྐྱེད་པའི་རྒྱུ་བློ་ལྡོག་རྣམ་བཞི་འདི་བསྒོམས་པ་ལ་རག་ལས་པས། འདི་ནི་ལམ་ཐམས་ཅད་ཀྱི་རྩ་བའི་ཉམས་ལེན་གྱི་འཇུག་སྒོ་ལྟ་བུ་སྟེ། དཔལ་སྤྲུལ་རིན་པོ་ཆེས། ཐར་པའི་ལམ་ལ་དང་པོར་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོར་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་འགོ །བཅོས་མིན་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཅེས་གསུངས།
དེ་ནས་ཐུན་མིན་གྱི་སྔོན་འགྲོ་ལའང་བཞི་སྟེ། ཅི་བྱས་བྱང་ཆུབ་ཀྱི་ལམ་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་དང་། ཚོགས་གཉིས་མྱུར་དུ་རྫོགས་པ་མཎྜལ། སྡིག་སྒྲིབ་ཡོངས་སུ་དག་པ་རྡོར་སེམས་བསྒོམ་བཟླས། བྱིན་རླབས་མྱུར་དུ་འཇུག་པ་བླ་མའི་རྣལ་འབྱོར་དང་བཞིའོ། །དང་པོ་སྐྱབས་སེམས་གཉིས་ལས་སྐྱབས་འགྲོ་ནི། དེ་ཡང་འཁོར་བའི་སྡུག་བསྔལ་དེ་བློ་ལྡོག་རྣམ་བཞི་སྒོམ་པ་གཅིག་པུས་བསལ་ཐུབ་པ་མ་ཡིན་པར། དེ་ལས་སྐྱོབ་པའི་ནུས་པ་སྐྱབས་ཡུལ་དཀོན་མཆོག་གསུམ་ལ་ཡོད་པར་ཤེས་ནས་དད་པས་བསྟེན་པར་བྱ་བ་ཡིན་ལ།
དེ་ལ་དབྱེ་ན། ཕྱིའི་དཀོན་མཆོག་སངས་རྒྱས་ཆོས་དང་དགེ་འདུན་གསུམ་དང་། ནང་གི་དཀོན་མཆོག་བླ་མ་ཡི་དམ་མཁའ་འགྲོ་གསུམ་དང་། གསང་བའི་དཀོན་མཆོག་རྩ་དང་རླུང་དང་ཐིག་ལེ་གསུམ་དང་། དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་བཅས། དེ་ལྟར་དོན་ནམ་དེ་ཁོ་ན་ཉིད་ཀྱི་དཀོན་མཆོག་གསུམ་ནི་འགྲོ་བ་ཡོངས་ལ་རང་བཞིན་ལྷུན་གྲུབ་ཏུ་གནས་ཀྱང་ལས་ཀྱི་སྒྲིབ་པས་གཏིང་མངོན་དུ་མ་གྱུར་པས། མོས་པའི་སྣང་ངོའི་དབང་དུ་བྱས་ནས་ཕྱི་དང་ནང་གི་དཀོན་མཆོག་གསུམ་པོར་སྐྱབས་སུ་འགྲོ་དགོས་པ་ཡིན་ལ།
ཁྱད་པར་གསང་སྔགས་བླ་མེད་ཀྱི་ལུགས་འདི་ལ་སྐྱབས་གནས་དཀོན་མཆོག་རྣམས་གཞན་དུ་མི་ལྟ་སྟེ། མཚན་ཉིད་དང་ལྡན་པའི་རང་གི་རྩ་བའི་བླ་མ་དེའི་ཐུགས་སངས་རྒྱས་གསུང་དམ་ཆོས་སྐུ་དགེ་འདུན་བཅས། སྐྱབས་གནས་དཀོན་མཆོག་ཀུན་འདུས་སུ་ཤེས་པར་བྱ་བ་ཡིན་ནོ། །དེའང་རང་གཞན་ཀུན་ཀྱི་འཁོར་བའི་འཇིགས་པ་སྤྱི་དང་ཁྱད་པར་གནས་སྐབས་ཀྱི་ལྟ་སྒོམ་སྤྱོད་པའི་གེགས་དང་གོལ་ས་ཐམས་ཅད་ལས་སྐྱོབ་ཕྱིར་སྐྱབས་སུ་འགྲོ་བ་ཡིན་པ་སྟེ། འདི་ནི་ཐར་པ་དང་ཐམས་ཅད་མཁྱེན་པ་ཀུན་ཀྱི་ལམ་གྱི་འཇུག་སྒོ་བླ་ན་མེད་པ་ཡིན་ཞིང་། འདི་མེད་པར་རྫོགས་པའི་བྱང་ཆུབ་ཏུ་བགྲོད་མི་བཏུབ་པ་ཡིན་ཏེ། འདི་ཉིད་ལམ་ཐམས་ཅད་ཀྱི་སྡོམ་པ་ཀུན་ཀྱི་གཞི་རྟེན་ཡིན་ལ། འདི་གཞིར་བྱས་པའི་སྟེང་དུ་སོ་བྱང་སྔགས་གསུམ་གྱི་སྡོམ་པ་གཞན་རྣམས་ཀྱང་འཐོབ་པར་བྱ་བའི་སྒོ་ནས་ལམ་རྟེན་དུ་ཟིན་པར་བྱ་བ་ཡིན་པའི་ཕྱིར་རོ།།
གཉིས་པ་སེམས་བསྐྱེད་ནི། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བདག་ཉིད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་དམ་བཅའ་བ་སྟེ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་པ་ལྟར། འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཚེ་རབས་དཔག་ཏུ་མེད་པ་ནས་རང་གི་ཕ་དང་མ་བྱས་པ་ཤ་སྟག་ཡིན་པས། དེ་ཐམས་ཅད་སྐྱོན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ཀྱི་སར་འགོད་དགོས། དེ་ལྟ་བུར་ད་ལྟ་ཉིད་ནས་རང་ཉིད་ཀྱིས་མི་ཐུབ་ཀྱང་། ཐོག་མར་རང་ཉིད་རྫོགས་པའི་བྱང་ཆུབ་དེ་བསྒྲུབས་ནས། སེམས་ཅན་ཐམས་ཅད་ཀྱང་སངས་རྒྱས་ཀྱི་སར་བདག་ཁོ་ནས་དགོད་པར་བྱའོ་སྙམ་པའི་བསམ་པ་རྣམ་པར་དག་པའི་སེམས་དེ་བསྐྱེད་པར་བྱ་བ་གལ་གནད་ཡིན། འདི་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ལམ་ལ་འཇུག་པའི་འཇུག་སྒོ་བླ་ན་མེད་པ་ཞིག་སྟེ། འདི་བསྐྱེད་པ་མེད་པར་བྱང་ཆུབ་སེམས་དཔའི་གོ་འཕང་འཐོབ་རྒྱུ་མེད་ཅིང་། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡང་དེ་བས་འཐོབ་རྒྱུ་མེད་པའི་ཕྱིར། དཔལ་སྤྲུལ་རིན་པོ་ཆེས། ཡོད་ན་སངས་རྒྱས་བསྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་བསྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེེས་གསུངས།
གཉིས་པ་མཎྜལ་ནི། ཚོགས་གསོག་གི་ཡན་ལག་མེད་དུ་མི་རུང་བ་ཡིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་སྐྱིད་ཐམས་ཅད་ཚོགས་བསགས་པ་ལས་བྱུང་བ་ཡིན་ལ། དེ་གསོག་པའི་ཐབས་ཟབ་ཤོས་ནི་མཎྜལ་འདི་ཡིན་པས། འདི་བསགས་སྦྱང་བྱས་པས་གནས་སྐབས་དངོས་པོ་ཀུན་ལ་ཞེན་པ་ལྡོག་ཅིང་། ཅི་དང་ཅི་བསམ་པའི་དོན་ཡོངས་སུ་གྲུབ། བསྐལ་པ་ནས་བསྐལ་པར་བསགས་པའི་སྡིག་ལྟུང་ཐམས་ཅད་བྱང་། དཔལ་འབྱོར་ལོངས་སྤྱོད་ཀུན་འཕེལ་བར་འགྱུར་ལ། མཐར་ཐུག་ཞིང་དག་པར་སྐྱེ་བ་སོགས་ཀྱི་ཕན་ཡོན་དཔག་ཏུ་མེད། གལ་ཏེ་མཎྜལ་མ་བསགས་ན་ནི་རྫོགས་རིམ་ལ་བརྟན་པ་མི་འཐོབ་ཅིང་གསང་སྔགས་ཟབ་མོ་ཞུ་བ་དང་བསྒོམས་པར་བྱས་ན་མཁའ་འགྲོའི་བཀའ་ཆད་ཀྱང་འབྱུང་བར་གསུངས།
གསུམ་པ་རྡོར་སེམས་བསྒོམ་བཟླས་ནི། སྡིག་སྒྲིབ་སྦྱོང་བའི་ཐབས་བླ་ན་མེད་པ་སྟེ། ཚེ་འདི་ཕྱི་ཀུན་ཀྱི་སྡུག་བསྔལ་ཆེ་ཕྲ་ཐམས་ཅད་འབྱུང་བའི་རྒྱུ་སྡིག་པ་མི་དགེ་བ་ཉིད་ཡིན་པས། དེ་ངེས་པར་དུ་བཤག་དགོས་པར་བརྟེན། དེའི་ཐབས་མདོ་རྒྱུད་བསྟན་བཅོས་རྣམས་སུ་ཅི་རིགས་གསུངས་ཡོད་ཀྱང་། བསྡུ་ན་གཉེན་པོ་སྟོབས་བཞི་ལས་མ་འདས། དེ་ཡང་རྟེན་གྱི་སྟོབས་སྐབས་འདིར་སྡིག་པ་བཤག་ཡུལ་རྡོ་རྗེ་སེམས་དཔའ་བསྒོམ་པ་དང་། སུན་འབྱིན་པའི་སྟོབས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་གདུང་དྲག་པོས་བཤག་དགོས་པ་དང་། སོར་ཆུད་པའི་སྟོབས་དེང་ཕན་ཆད་སྡིག་སེམས་ཡེ་ནས་མི་སྐྱེད་ཅིང་སྡིག་པ་གཏན་ནས་མི་བྱེད་པར་དམ་བཅའ་བ་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཉེས་ལྟུང་ཅི་བསགས་ཐམས་ཅད་དག་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའ་སྒོམ་པ་དང་ཡིག་བརྒྱ་བཟླ་བ་སོགས་ཀྱི་དགེ་སྦྱོར་ལ་འབད་པ་ནན་ཏན་དུ་བྱ་བ་བཅས་ཡིན། སྟོབས་བཞི་པོ་འདིས་ཚེ་རབས་ཀྱི་ཕྲེང་བ་ནས་ཕྲེང་བར་ཕམ་པ་དང་མཚམས་མེད་སོགས་ལས་ཀྱང་ཐུ་བའི་སྡིག་སྒྲིབ་ཚབས་ཉེས་ཅི་འདྲ་ཞིག་བསགས་མྱོང་ནའང་དག་པར་བྱེད་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་ཡོད་ལ། དེའང་རྩ་བའི་ཆ་ནས་ལྷ་སྒོམ་ཚོད་དང་སྔགས་བཟླ་ཚོད་ཙམ་མ་ཡིན་པར་སེམས་ཁོང་ནས་འགྱོད་གདུང་དྲག་པོས་མ་བཤགས་ན་སྡིག་པ་འདག་པའི་ཐབས་ཡེ་ནས་མེད་དེ། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། འགྱོད་པ་མེད་ན་བཤགས་པས་མི་འདག་པས། སྔར་བྱས་སྡིག་པ་ཁོང་དུ་དུག་སོང་ལྟར། །ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས། །ཞེས་གསུངས།
བཞི་པ་བླ་མའི་རྣལ་འབྱོར་ནི། བྱིན་རླབས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་ནི་རང་གི་རྩ་བའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་ཤིང་ཡིད་ལ་བསྒོམ་པར་བྱ་བ་ཉིད་ཡིན་ཏེ། དེའང་མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་རྒྱུ་རང་ཉིད་ལ་ཡེ་ནས་གནས་ཀྱང་། གནས་ལུགས་ཀྱི་རང་ཞལ་འགེབས་པའི་སྒྲིབ་པའི་དྲི་མས་ནན་གྱིས་ནོན་པར་བརྟེན། དེའི་ངང་ཚུལ་ལས་ཇི་ལྟར་གྲོལ་བའི་ཐབས་སྟོན་པ་པོ་ནི་རང་གི་རྩ་བའི་བླ་མ་ཉིད་ཡིན་པས། བླ་མ་ནི་ཡོན་ཏན་གྱི་ཆ་ནས་དུས་གསུམ་གྱི་སངས་རྒྱས་ཀུན་དང་མཉམ་ན་ཡང་བཀའ་དྲིན་གྱི་ངོས་ནས་གཞལ་མཐའ་དང་བྲལ་བ་ཡིན་པར་མདོ་རྒྱུད་རྣམས་ལས་ཡང་ཡང་གསུངས་ཤིང་ཁྱད་པར་གསང་སྔགས་ཀྱི་རྩ་བ་བླ་མ་ཡིན་པས་དད་གུས་རྩེ་གཅིག་པ་ཞིག་བསྐྱེད་རྒྱུ་གལ་ཆེ། དེ་ལྟར་བླ་མའི་རྣལ་འབྱོར་བསྒོམས་པས་ཉམས་དང་རྟོགས་པ་རང་བཞིན་ཤུགས་ཀྱིས་འཆར་འོང་བ་ཡིན་ལ། དེ་སྒོམ་པའི་ཐབས་མང་ནའང་བྱིན་རླབས་དང་དངོས་གྲུབ་ཐམས་ཅད་མྱུར་དུ་འཐོབ་པར་འདོད་ན་ཨོ་རྒྱན་རིན་པོ་ཆེ་ཉིད་སྒོམ་པ་ལས་ཟབ་པ་ཞིག་མེད་པར་ཉིད་ཀྱིས་ཞལ་གྱིས་བཞེས། དེ་ཡང་བླ་མ་ཐོད་བརྩེགས་སུ་སྒོམ་པ་དང་། ཁྲོམ་ཚོགས་སུ་སྒོམ་ལུགས་སོགས་ཡོད་ཀྱང་། འདིར་ནི་དམིགས་པ་ཟིན་སླ་ཕྱིར་ཀུན་འདུས་སུ་བསྒོམ་པར་བྱ་བར་གསུངས།
རྩ་རླུང་།
རྩ་རླུང་གི་རི་ཆོས་ནི། རང་གི་ལུས་ཀྱི་རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པས་ལས་ཉོན་རྟོག་སྒྲིབ་ཀྱི་བག་ཆགས་ངན་པ་ཐམས་ཅད་འཇོམས་པར་བྱེད་ཅིང་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མྱུར་དུ་མངོན་པར་འགྲུབ་པར་བྱེད་པའི་ཉམས་ལེན་ཞིག་ལ་གོ་བ་ཡིན་ཞིང་། དེ་ལ་གཏུམ་མོའི་རྣལ་འབྱོར་ཞེས་ཀྱང་བྱ་སྟེ། རང་ཉིད་ཀྱི་ལྟེ་བའི་ཨ་ཐུང་ལས་དྲོད་སྐྱེད་པར་བྱེད་པས་ཁམས་གསུམ་ལས་ཉོན་གྱི་སྒྲིབ་པ་ཐམས་ཅད་སྐད་ཅིག་ལ་སྲེག་པར་བྱེད་པའམ་འཇོམས་པར་བྱེད་པའི་ཉམས་ལེན་ཞིག་ཡིན་པས་ན་དེ་ལྟར་རོ།།
འདི་བསྒོམ་པར་བྱ་བ་ལ་ཤེས་པར་བྱ་བ་འདི་དག་ཡོད་དེ། ལུས་དངོས་པོའི་གནས་ཚུལ་ཀུན་རྫོབ་དག་པ་རྫས་ཀྱི་རྩ་ཐིག་རླུང་གསུམ་དང་། སེམས་དངོས་པོའི་གནས་ཚུལ་དོན་དམ་དག་པ་ཡེ་ཤེས་ཀྱི་རྩ་ཐིག་རླུང་གསུམ་གཉིས་སོ། །དེ་ལས་དང་པོ་ནི་བླ་མེད་ཀྱི་རྒྱུད་སྡེ་དག་ཏུ་བཤད་པ་ལས་གཞན་དུ་བཤད་ཚུལ་མ་མཆིས། གཉིས་པ་ནི་རྒྱུ་མཚན་ཉིད་ཐེག་པ་དང་རྒྱུད་སྡེ་འོག་མ་རྣམས་ལས་ཀྱང་གསུངས་པས། དེ་རྣམས་སུ་སེམས་སངས་རྒྱས་སུ་ངོ་འཕྲོད་ནས་སྟོང་ཉིད་བསྒོམས་པ་ཡོད་ཀྱང་། ལུས་སངས་རྒྱས་སུ་མ་རྟོགས་པས་ལམ་ཐག་རིང་བ་དང་། དེ་ལས་ཀྱང་བསྐྱེད་པ་མ་ཧཱ་ཡོ་གའི་རྒྱུད་རྣམས་ནས་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སངས་རྒྱས་སུ་གསུངས་པས་དེའི་དོན་རྟོགས་ཀྱང་། གསང་བ་རྩ་རླུང་ཐིག་ལེ་གསུམ་སངས་རྒྱས་སུ་མ་རྟོགས་པས་ཅུང་ཞིག་ལམ་ཐག་རིང་བ་ཡིན།
འདིར་ནི་ཕྱི་ནང་སྣོད་བཅུད་ཐམས་ཅད་གསང་བ་རྩ་རླུང་ཐིག་ལེ་གསུམ་དུ་གཏན་ལ་འབེབས་པ་སྟེ། ཕྱི་རོལ་ཇི་བཞིན་ནང་ཇི་བཞིན། །ཞེས་གསུངས་པ་ལྟར། སྤྱི་གཙུག་གཟུགས་མེད་ཁམས་ནས་རྐང་མཐིལ་དམྱལ་བའི་གནས་ཡན་ཆད་ཕྱི་རོལ་ན་གང་ཡོད་གང་སྣང་ཐམས་ཅད་ལུས་ལ་ཚང་སྟེ། རྩ་གནས་ཉི་ཤུ་རྩ་བཞི་ནི་ཡུལ་ཉེར་བཞི། དེ་དག་གི་རྩ་མདུད་ཡིག་འབྲུའི་ཚུལ་དུ་ཡོད་པ་ནི་ཌཱཀྐི་ཉེར་བཞི། རྩ་དེ་དག་ཏུ་གནས་པའི་ཐིག་ལེ་ནི་དཔའ་བོ་ཉེར་བཞི། སྤྱི་མགྲིན་སྙིང་ལྟེ་གསང་གནས་ཀྱི་རྩ་འཁོར་ལོ་ལྔ་ནི་དག་པའི་ཞིང་ཁམས་ལྔ། དེ་དག་ཏུ་མི་ཤིགས་པའི་ཐིག་ལེའི་ངོ་བོར་རྒྱལ་བ་རིགས་ལྔ་པོ་གནས་པ་མཚོན་བྱེད་ཀྱི་ས་བོན་ཨ་ཧཱུྃ་ཏྲཱཾ་ཧྲཱི་ཨཱཿ ཡུམ་ལྔ་པོ་མཚོན་བྱེད་ཀྱི་ས་བོན་མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ། སྤྱི་མགྲིན་སྙིང་ལྟེ་གསང་གནས་རྐང་མཐིལ་བཅས་སུ་རིགས་དྲུག་གི་གྲོང་ཁྱེར་མཚོན་བྱེད་ཀྱི་ས་བོན་ཨ་སུ་ཎི་ཏྲི་པྲེ་དུ་བཅས། མདོར་ན་ཕྱི་སྣོད་ཀྱི་འཇིག་རྟེན་དང་རིགས་དྲུག་གི་སེམས་ཅན། ནང་རྣལ་འབྱོར་པའི་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ། གཞན་དག་པའི་ཞིང་ཁམས་སངས་རྒྱས་བྱང་སེམས་རྣམས་ཀྱི་མཁྱེན་བརྩེ་ནུས་པ་བཅས། དེ་ལྟར་ཕྱི་ནང་གཞན་གསུམ་ལས། འདིར་ནི་ནང་གི་རྩ་རླུང་ཐིག་ལེ་ལ་གནད་དུ་སྣུན་ཚུལ་བསྟན་པ་ཡིན་པས། རང་གི་ལུས་ངག་ཡིད་གསུམ་དང་རྩ་རླུང་ཐིག་ལེ་གསུམ་ངོ་བོ་དབྱེར་མེད་དུ་ཤེས་རྒྱུ་གལ་ཆེ་སྟེ།
ལུས་ནི་རྩ། ངག་ནི་རླུང་། སེམས་ནི་ཐིག་ལེའི་ངོ་བོ་ཡིན་ལ། དེ་གསུམ་དང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ནས་དབྱེར་མེད་ལྷུན་གྲུབ་ཏུ་བཞུགས་ཀྱང་། གནས་སྐབས་གློ་བུར་བའི་ལས་དང་ཉོན་མོངས་པས་བསྒྲིབས་པ་དང་། ཐབས་ཟབ་མོས་མ་ཟིན་པས་དངོས་སུ་གསལ་བར་མི་སྣང་བ་འདི། སྨིན་བྱེད་ཀྱི་དབང་གིས་རྒྱུད་སྨིན་པར་བྱས་ཏེ། གྲོལ་བྱེད་ཀྱི་ལམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་ཉམས་སུ་བླངས་པས། ལས་ཉོན་གྱི་སྒྲིབ་པའི་རྩ་མདུད་རྣམས་རིམ་པར་གྲོལ། མ་དག་པའི་རླུང་རྣམས་དག་པ་ཡེ་ཤེས་ཀྱི་རླུང་དུ་རིམ་པར་གྱུར། རྩ་གནས་རྣམས་མི་ཤིགས་པའི་ཐིག་ལེས་རྣམ་པར་ཁེངས་པ་ལས། ལམ་རྟགས་ཀྱི་ཡོན་ཏན་རིམ་པར་འཆར་ཏེ། ཕྲིན་ལས་བཞི་རྩོལ་མེད་དུ་འགྲུབ་པ་དང་། གྲུབ་པ་བརྒྱད་དང་། ཟག་བཅས་ཀྱི་མངོན་ཤེས་རྫུ་འཕྲུལ་ཅི་རིགས་པར་འབྱུང་སྟེ། མཐར་རླུང་དབུ་མར་ཚུད། བྱང་སེམས་འཛག་མེད་དུ་བཅིངས་ནས་མི་ཤིགས་པའི་ཐིག་ལེར་སྨིན་པ་ན། བདེ་སྟོང་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་འགྲུབ་པ་སྟེ། དེ་ཡང་སྐལ་བ་བཟང་ངན་གྱི་ཁྱད་པར་གྱིས། ཟླ་བ་དྲུག་གམ། ལོ་གསུམ་ཕྱོགས་གསུམ་མམ། ལོ་དྲུག་གམ། ལོ་བཅུ་གཉིས་སམ། ཚེ་གཅིག་གིས་སངས་རྒྱས་འགྲུབ་པར་གསུངས་སོ། །དེ་ལྟ་བུའི་གནད་ཟབ་མོ་ལ་ངེས་ཤེས་དང་སྤྲོ་བ་བསྐྱེད་ནས་བརྩོན་རྒྱུ་གལ་ཆེ།
རྫོགས་ཆེན།
རྫོགས་ཆེན་ནི་ཉམས་ལེན་ཀུན་ཀྱི་མཐར་ཐུག་ཐེག་པ་ཐམས་ཅད་ཀྱི་རྩེ་མོ་ཨ་ཏི་ཡོ་གའི་ཉམས་ལེན་དངོས་གཞི་དེ་ཡིན་པ་དང་། དེ་ཡང་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་རྣམས་ཀྱིས། གདུལ་བྱ་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་གཉེན་པོར། ཐེག་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཀྱང་། དེ་ཀུན་བསྡུས་ན་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་པ་ཆེན་པོ་འདིར་འདུས་ཏེ། འཁོར་འདས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་འདིར་མ་འདུས་པའམ་མ་རྫོགས་པ་མེད་པས་ན་རྫོགས། དེ་ལས་གོང་ན་ཐེག་པ་གཞན་མེད་པས་ན་ཆེན་པོ་ཞེས་བྱའོ།།
དེའང་སྤྱིར་རྫོགས་པ་ཆེན་པོ་ལ་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞི་བཞུགས་པ་ལ་དབྱེ་ན། ཕྱི་སེམས་སྡེ་ནང་ཀློང་སྡེ་གསང་བ་མན་ངག་གི་སྡེ་དང་གསུམ་སྟེ། དེའང་ཀུན་ཀྱི་ཟབ་གནད་བཅུད་དུ་དྲིལ་བ་ཡང་གསང་བླ་ན་མེད་པའི་སྡེར་འདུས་ཏེ། ཀློང་གསལ་ལས། སྟོན་པ་ཐུགས་རྗེ་ཆེན་པོ་ཡིས། །འདུལ་བྱེད་ཐེག་པ་མང་གསུངས་ཀྱང་། །ཡང་གསང་རྫོགས་པ་ཆེན་པོར་འདུས། །ཞེས་སོ། །དེའི་དགོངས་བཅུད་ཀྱི་ཉིང་བཅུད་ཀྱང་བསྡུས་ཏེ། ཉམས་ལེན་རྟགས་ཡིག་དང་ཚད་ཡིག་ཏུ་དྲིལ་ནས་མན་ངག་ཏུ་བསྡེབས་པ་སྙིང་པོའི་ཡང་ཞུན་ནི། ཡང་གསང་སྙིང་ཐིག་གི་གདམས་པ་དམར་ཁྲིད་ཉམས་སུ་ལེན་པའི་རིམ་པ་འདིར་འདུས་སོ།།
དེ་ལའང་གཞི་ཁྲེགས་ཆོད་དང་ལམ་ཐོད་རྒལ་གཉིས་ལས། འདིར་ཐོད་རྒལ་འོད་གསལ་གྱི་ཟབ་ཁྲིད་སངས་རྒྱས་ལག་འཆང་དུ་གདམས་པ་སྟོན་ཏེ། དེའང་འདིའི་གནད་ལ་གོང་དུ་གཞི་ཁྲེགས་ཆོད་ཀྱི་ལྟ་བ་ཚུལ་བཞིན་དུ་ངོ་མ་འཕྲོད་པ་དག་ནི། ཐོད་རྒལ་འོད་གསལ་གྱི་སྒོར་འཇུག་ཏུ་མི་རུང་ཞིང་། ཞུགས་ཀྱང་དོན་མེད་དེ་འོད་དང་ཐིག་ལེ་ཐིག་ཕྲན་ཁོ་ན་ལ་བལྟས་པས་མི་གྲོལ་བ་དང་། གེགས་སྐྱོན་ཡང་མང་བར་རྫོགས་ཆེན་ཉིད་ནས་གསུངས་སོ།།
དེས་ན་ཁྲེགས་ཆོད་རིག་སྟོང་ཀ་དག་གི་ངོ་ལེགས་པར་འཕྲོད་ནས། ཐོད་རྒལ་སྣང་སྟོང་གི་བོགས་འདོན་པ་ནི། ཁྲེགས་ཐོད་ཟུང་འཇུག་ཅེས་རྫོགས་ཆེན་ཉིད་ཀྱི་ཉེ་ལམ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡང་དག་པ་སྟེ། ཕྱག་ཆེན་ལམ་འབྲས་ཞི་བྱེད་སྦྱོར་དྲུག་རིམ་ལྔ་སོགས་ཐེག་གཞུང་གཞན་དུ་ནི་མིང་ཙམ་ཡང་མ་གྲགས་པ་དང་། རྫོགས་ཆེན་ཉིད་ཀྱི་ཡང་གོང་མའི་གོང་མ་ཡང་གསང་བླ་ན་མེད་པའི་གདམས་ངག་སྐོར་རྣམས་མ་གཏོགས་འོག་མ་སེམས་ཀློང་སོགས་ཀྱི་རྒྱུད་དང་མན་ངག་རྣམས་སུའང་མ་བསྟན་པའི་ཆོས་ཁྱད་པར་རྨད་དུ་བྱུང་བ་རྒྱལ་མཚན་གྱི་རྩེ་མོའི་ཏོག་ལྟ་བུ་སྟེ། ཐེག་མཆོག་བླ་ན་མེད་པའི་ཆོས་ཐམས་ཅད་ཀྱི་སྙིང་པོའི་ཡང་ཞུན། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ། མ་མོ་མཁའ་འགྲོ་ཐམས་ཅད་ཀྱི་སྲོག་ཤིང་། རིག་འཛིན་གྲུབ་ཐོབ་གོང་མ་ཐམས་ཅད་ཀྱི་གསང་ལམ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་བླ་མ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། ལྟ་བ་ཐམས་ཅད་ཀྱི་མཐར་ཐུག སྒོམ་པ་ཐམས་ཅད་ཀྱི་སྐྱེལ་སོ། བཀའ་གསང་བ་བས་ཀྱང་ཆེས་གསང་བ་མངོན་སུམ་སྙིང་ཐིག་གི་དམར་ཁྲིད་ཉམས་ལེན་དུ་སྟོན་པར་བྱེད་པ་ནི་རི་ཆོས་འདི་ཉིད་ཡིན་ནོ།།
དེ་གསུམ་གྱི་གནད་བསྡུ་བ།
སྔགས་བླ་མེད་ཀྱི་ཡང་བླ་ན་མེད་པའི་རྫོགས་པ་ཆེན་པོ་འདིར་ལམ་གྱི་ངོ་བོ་བསྐྱེད་རྫོགས་རྫོགས་ཆེན་གསུམ་དུ་གནས་པ་ལས། སྔོན་འགྲོ་ནི་ཆོས་ཐམས་ཅད་ཀྱི་གཞིའམ་འགོ་ལྟ་བུ་མ་ཧཱ་ཡོ་གའི་ཐེག་གཞུང་ནས་ཇི་ལྟར་བསྟན་པ་ལྟར། གཞི་འཁོར་འདས་ཐམས་ཅད་དག་མཉམ་བདེན་པ་དབྱེར་མེད་ལྷ་ཡི་དཀྱིལ་འཁོར་ཆེན་པོར་ཡེ་ནས་གནས་པའི་ལྟ་བས་རྩིས་ཟིན་ནས། ལམ་སྐྱབས་སེམས་མཎྜལ་རྡོར་སེམས་བླ་མའི་རྣལ་འབྱོར་བཅས་ཀྱི་སྒོམ་ཡུལ་ལྷ་ཚོགས་ཀུན་ཀྱང་བུམ་དབང་གི་ལམ་བསྐྱེད་པའི་རིམ་པས་ཉམས་སུ་བླང་བར་བྱ་བས་ཡུལ་གསུམ་གྱད་དུ་གྱུར་པར་བྱ་ཞིང་། སྣང་གྲགས་རིག་གསུམ་ཐམས་ཅད་ལྷ་སྔགས་ཆོས་ཉིད་ཀྱི་ངོ་བོར་ཤེས་པར་བྱ་བ་ཡིན་ལ། འབྲས་བུ་གནས་སྐབས་སུ་ཞི་གནས་ཀྱི་ཏིང་འཛིན་སྐྱེ་ཞིང་དམིགས་བཅས་བསོད་ནམས་ཀྱི་ཚོགས་རྒྱ་ཆེར་གསོག་པར་བྱེད་པས་གཟུགས་སྐུའི་སྒྲིབ་པ་སྦྱོང་བར་བྱེད་ཅིང་། རྫོགས་རིམ་སྨིན་བྱེད་ཀྱི་རྒྱུར་འགྲོ་བ་ཡིན།
རྩ་རླུང་ནི་ཆོས་ཐམས་ཅད་ཀྱི་ལམ་ལྟ་བུ་ཨ་ནུ་ཡོ་གའི་ཐེག་གཞུང་ནས་ཇི་ལྟར་བསྟན་པ་ལྟར། གཞི་ཇི་ལྟར་སྣང་བའི་དངོས་པོ་ཐམས་ཅད་དབྱིངས་ཡེ་དབྱེར་མེད་རིགས་ཀུན་ཁྱབ་བདག་རང་རིག་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ངེས་པའི་ལྟ་བས་རྩིས་ཟིན་ནས། ལམ་དཀྱིལ་འཁོར་དེ་ཉིད་གདོད་མ་ནས་རང་སེམས་དང་དབྱེར་མེད་ཅིང་དེའི་ངང་དུ་ཆོས་ཀུན་འུབ་ཆུབ་པ་ཡིན་ནའང་། སྣང་གསུམ་འཕོ་བའི་བག་ཆགས་ཀྱི་རྐྱེན་དུ་གྱུར་པའི་གཟུང་འཛིན་ཀུན་རྟོག་གི་གཡོ་བ་ལ་བཟང་ངན་བླང་དོར་སྣ་ཚོགས་སུ་སྣང་ཞིང་ཞེན་པའི་སྒྲིབ་པ་སེལ་བའི་སླད་དུ། གསང་དབང་གི་ལམ་ཐབས་ལམ་སྟེང་སྒོའི་རྣལ་འབྱོར་རྩ་རླུང་གཉིས་དང་ཤེར་དབང་གི་ལམ་ཐབས་ལམ་འོག་སྒོའི་རྣལ་འབྱོར་ཐིག་ལེ་བཅས་གཉིས་ཏེ། ཕྱི་སྤྲོས་རྩོལ་གྱི་ལམ་ལ་མི་ལྟོས་པར་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པས་བདེ་ཆེན་ཡེ་ཤེས་མངོན་དུ་བྱེད་པའི་ཐབས་མཚན་བཅས་རྫོགས་རིམ་གྱི་རྣལ་འབྱོར་ལ་བསླབས་པས། འབྲས་བུ་གནས་སྐབས་སུ་ལམ་ལྔ་མཐར་ཕྱིན་ཅིང་། ལྷག་མཐོང་གི་ཏིང་འཛིན་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེ་ཞིང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པས་ཆོས་སྐུའི་སྒྲིབ་པ་སྦྱོང་བར་བྱེད་ལ། བསྐྱེད་རྫོགས་ཟུང་འཇུག་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད་སྨིན་བྱེད་ཀྱི་རྒྱུར་འགྲོ་བ་ཡིན།
རྫོགས་ཆེན་ནི་ཆོས་ཐམས་ཅད་ཀྱི་འབྲས་བུ་ལྟ་བུ་ཨ་ཏི་ཡོ་གའི་ཐེག་གཞུང་ནས་ཇི་ལྟར་བསྟན་པ་ལྟར། གཞི་ཆོས་ཐམས་ཅད་གདོད་མ་ནས་ངོ་བོ་ཀ་དག་དང་རང་བཞིན་ལྷུན་གྲུབ་ཟུང་དུ་འཇུག་པའི་མཉམ་ཉིད་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གི་ངོ་བོར་གནས་པའི་ལྟ་བས་རྩིས་ཟིན་ནས། ལམ་དམིགས་མེད་ཁྲེགས་ཆོད་ཅོག་བཞག་བཞི་དང་དམིགས་བཅས་ཐོད་རྒལ་སྒྲོན་མ་བཞིའི་ཉམས་ལེན་ལ་བརྟེན་ནས་མཚན་མེད་རྫོགས་རིམ་གྱི་རྣལ་འབྱོར་ལ་བསླབས་པས། འབྲས་བུ་ཞི་ལྷག་ཟུང་འཇུག་གི་ཡེ་ཤེས་གསང་བ་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་ཞིང་། དམིགས་བཅས་བསོད་ནམས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་འཇུག་ཏུ་རྫོགས། སྐུ་གཉིས་ཟུང་འཇུག་གི་སྒྲིབ་པ་ལྷན་ཅིག་ཏུ་སྦྱོང་བ་སོགས་ཀྱིས། སྤངས་རྟོགས་མཐར་ཕྱིན་བྲི་གང་བྲལ་བའི་དཀྱིལ་འཁོར་ཆེན་པོར་བཞུགས་པའོ།།
སླར་སྨྲས་པ།
སྔ་འགྱུར་རྒྱལ་བ་ཡབ་སྲས་ནས།།
དགོངས་བརྡ་སྙན་གསུམ་གྱིས་བརྒྱུད་པའི།།
མདོ་སྒྱུ་སེམས་གསུམ་ཉམས་ལེན་རྣམས།།
ཀུན་འདུས་རི་ཆོས་འདི་གསུམ་གྱི།།
ཤིན་ཏུ་རྟོགས་དཀའི་མན་ངག་ཀུན།།
ལེགས་པར་བསྡུས་ཏེ་འཆད་སྙམ་རློམ།།
དེ་དགེ་མ་རྒན་འགྲོ་དྲུག་བསྔོ།།
མ་དག་འཁྲུལ་གྱུར་ནོངས་པ་བཤགས།།
ཁུངས་གཏུག་སའི་ཡིག་ཆ།
སྔ་འགྱུར་དཔལ་ཡུལ་གཞན་ཕན་ལྔ་རིག་སཾ་བྷོ་ཊའི་དཔེ་རྙིང་མྱུར་སྐྱོབ་ཚོགས་པའི་པར་མ། ཐཱའི་ཝན་བདེ་རྩ་ལྷན་ཚོགས་ཀྱི་བསྐྱར་དཔར་ཅན།
༡ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས། རྫོགས་པ་ཆེན་པོ་སངས་རྒྱས་ལག་འཆང་གི་སྔོན་འགྲོའི་ཁྲིད་ཡིག་འབྲིང་པོ།
༢ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས། གཏུམ་མོའི་ཁྲིད་བདེ་དྲོད་རང་འབར།
༣ གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས། རྫོགས་པ་ཆེན་པོ་མངོན་སུམ་སྙིང་ཐིག་གི་གདམས་པ་ཐོད་རྒལ་འོད་གསལ་གྱི་ཟབ་ཁྲིད་སངས་རྒྱས་ལག་འཆང་།
[1] སྤྱི་ལོ་ ༡༦༤༥ རབ་བྱུང་ ༡༡ པའི་ཤིང་མོ་བྱའི་ལོར། མདོ་ཁམས་ཟལ་མོ་སྒང་གི་བྱེ་བྲག་ངོམ་སྟོད་དུ་ཤཱཀྱ་ལི་ཙ་བིའི་རིགས། བོད་ཀྱི་ཆོས་རྒྱལ་རྣམས་ཀྱི་གདུང་རྒྱུད། ཡབ་མགོན་པོ་ཚེ་བརྟན་དང་། ཡུམ་བསོད་ནམས་མཚོ་ཟུང་གི་སྲས་སུ་འཁྲུངས། གུ་རུ་བློ་ལྡན་མཆོག་སྲེད་དངོས་སུ་ཞལ་མཇལ་ནས་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་མཁྱེན། ཅེས་དཔལ་སྤྲུལ་ཐུབ་བཟང་གིས་མཛད་པའི་གཏེར་སྟོན་དམ་པ་འདི་ཉིད་ཀྱི་རྣམ་ཐར་དུ་གསལ།