ཐུབ་བསྟན་དབང་གྲགས། འཛིན་རིམ་དྲུག་པ།
གླེང་སློང་བ།
དེ་ལ་འདིར་རྒྱལ་བ་ཤཱཀྱ་སེང་གེའི་གསུང་གི་ང་རོ་ཆེན་པོ་བདུད་དང་མུ་སྟེགས་ཀྱི་སྙིང་ཁམས་ནས་སྨྲ་བའི་སྤོབས་པ་ཕྱུང་བའི་མདའ་མོ་བཀའ་འཁོར་ལོ་རིམ་པ་གསུམ་དུ་གྲགས་པ་ལས་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་དགོངས་པ་འགྲེལ་ཚུལ་ལ། རྒྱ་ཆེན་སྤྱོད་པ་དང་། ཟབ་མོ་ལྟ་བ། ཟབ་རྒྱས་ཟུང་འཇུག་ཅེས་གསུམ་དུ་གྲགས་པ་དང་། ཡང་འགྲེལ་ཚུལ་གཞན་ཞིག་གིས་བརྗོད་ན། དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་། སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་སོ། །དེ་ལ་ཕྱི་མ་ལྟར་ན་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ནི་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་རིགས་པའི་ཚོགས་ཞེས་མིང་གིས་བསྙད་ནས། ལུས་དང་ཡན་ལག་ལྟ་བུ་བསྟན་བཅོས་དུ་མ་གསུངས། སྦས་དོན་མངོན་རྟོགས་ཀྱི་རིམ་པ་ནི་རྒྱལ་ཚབ་མ་ཕམ་པས་ཡུམ་རྣམ་པ་དྲུག་དང་སྲས་རྣམ་པ་བཅུ་གཅིག་སྟེ་ཡུམ་སྲས་བཅུ་བདུན་ལ་ཁུངས་གཏུགས་ནས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གི་བསྟན་བཅོས་འདི་མཛད་པ་ཡིན་ལ། དེ་དག་མཛད་པ་པོ་རྣམ་གཉིས་ལ་ཤིང་རྟ་རྣམ་གཉིས་ཞེས་བསྔགས་པའི་བ་དན་ཆེན་པོ་ཧི་མཱ་ལ་ཡའི་ཕར་ཚུར་དུ་རླུང་ལྟར་གྲགས་པ་ལགས་སོ།།
ཁོག་དབུབ་པ།
ནང་དོན་རིག་པའི་གཞུང་ལུགས་ལ་ཐོས་བསམ་གྱི་ཁོ་ལག་མ་སྨིན་པའི་ང་ལྟ་བུ་ཞིག་གིས་རྒྱ་ཆེ་བ་དང་གཏིང་ཟབ་པའི་དཀའ་གནད་དག་ལ་བྱིས་པའི་མིག་གིས་ཉི་མའི་ཟེར་ལ་ལྟ་མི་བཟོད་པའི་དཔེ་བཞིན་དུ་སོང་བས། དཔྱོད་པའི་ཧམ་སེམས་ཀྱི་ལག་པ་སྲིང་མ་ནུས་སོ། །འོན་ཀྱང་སྨྱུག་རྩེ་ཤོག་ཐོག་ཏུ་བསྐོར་ནས་བསམ་གཞིག་ཅིག་བྱས་ན། བོད་ཀྱི་བསྟན་བཅོས་ཀུན་ཀྱི་དབུ་རྒྱན་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ཅེས་པ་འདི་བོད་ཀྱི་མཁས་པ་སྔོན་མ་དག་གིས་བསྟན་བཅོས་ཀྱི་ཆེ་བ་འདོན་པའི་ཆེད་དུ་བསྟན་བཅོས་བྱེད་པོ་ལ་བསྔགས་པའི་མིང་ཞིག་ཡིན་པ་ལས། སྔོན་རྒྱ་གར་གྱི་པཎ་གྲུབ་དག་གི་སྐད་ཆ་གནད་འགག་ཅན་ཞིག་མིན་པར་སེམས། འགའ་ཞིག་གིས་འདི་ལ་ལྟ་བའི་གནད་གསང་ཞིག་ཏུ་བརྩིས་ནས། དགག་གཞག་གི་འོ་བརྒྱལ་མི་ཉུང་བ་ཙམ་ཞིག་བྱས་དང་བྱེད་མུས་སུ་མཆིས་ཀྱང་། དེ་འདྲའི་འགག་རྩ་ཞིག་ཏུ་ཡིད་རྟོན་བྱེད་མི་འོས། ཆེན་པོ་ལ་ལས་ཤིང་རྟའི་སྲོལ་འབྱེད་སུ་ཡིན་མིན་སྔ་མ་ནས་བདག་ཅག་གི་སྟོན་པས་བསྐོ་བཞག་བྱས་ཏེ་ཐམ་ག་བརྒྱབ་ཚར་བར། འཕགས་པ་ལང་ཀར་གཤེགས་པ་ལས།[1] ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས།[2] ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་དགུ་བརྒྱ་ལོན་པ་ན། །ཐོགས་མེད་ཅེས་བྱ་དགེ་སློང་ནི། །བསྟན་བཅོས་ཀྱི་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་སོགས་ཀྱི་ལུང་འགའ་དྲངས་ནས་རིམ་བཞིན་ཀླུ་ཐོགས་གཉིས་ཡིན་པར་བསྒྲུབས་འདུག་ན་ཡང་།
ལུང་དང་པོ་ནི་ལུང་ཚིག་སྐམ་པོ་བཙན་སྒྲིག་བགྱིད་པའི་སྐུ་ངལ་ལས་ཤིང་རྟའི་སྲོལ་འབྱེད་སུ་ཡིན་མིན་ངོས་བཟུང་བའི་ལུང་ཞིག་མིན་པར་མངོན་ཏེ། ཡོད་དང་མེད་པའི་ཕྱོགས་འཇིག་པ། །ཞེས་པས། རྟག་ཆད་ཀྱི་མཐའ་སེལ་བ་བསྟན་ལ། ལུང་གཉིས་པ་དེ་ཀུན་ཀྱིས་འཇམ་དཔལ་རྩ་རྒྱུད་ལས་ཞེས་ཨ་མ་ཡིན་ཤག་དང་ནུ་མ་ནུ་ཤག་བྱས་ཏེ་དྲངས་ཀྱང་། འདི་ལ་ལུང་ཚིག་མི་འདྲ་བ་དུ་མ་ཞིག་འདུག་པ་དང་། དེང་སང་དྲ་འཇུག་བྱས་ཟིན་པའི་འཇམ་དཔལ་རྩ་རྒྱུད་ལས་མི་རྙེད་པས་ཁུངས་མ་ཡིན་མིན་དཔྱད་དགོས་སོ།།
གལ་ཏེ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་ཡིན་ཡང་། མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་པ་དེས་མདོ་སྡེ་ལ་དྲང་ངེས་འབྱེད་པའི་བྱེད་ལས་བསྟན་པ་ལས། དེའི་སྟེང་དུ་ཤིང་རྟའི་སྲོལ་འབྱེད་ཅེས་པ་ཞིག་མི་སྟོན་པས་ལྷན་པའི་སྒང་ལ་ལྷན་པ་མ་བཏབ་ན་མཛེས་སོ། །གལ་ཏེ་ཤིང་རྟའི་སྲོལ་འབྱེད་དེ་ནང་པའི་གཞུང་ལུགས་ལ་མེད་ཐབས་མེད་པ་ཞིག་ཡིན་ན། དེ་སྔོན་གྱི་པཎ་གྲུབ་དག་གིས་འདི་རེད་དེ་རེད་ཅེས་གླེང་སློང་ཞིག་བྱེད་དགོས་པ་ལས། དེ་འདྲ་བྱས་པའི་བསྟན་བཅོས་དག་གླིང་འདི་ན་མི་སྣང་བའི་ཕྱིར་དང་། སྔོན་མའི་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་ཀྱང་ཐུགས་སྣང་དེ་ཙམ་གནང་མི་འདུག་ན། དེ་ཧ་ཅང་གི་གནད་འགག་མིན་པར་སྒྲུབ་ནུས་སོ། །དེ་ལ་རྒྱ་གཞུང་ཆ་ཚང་བོད་དུ་མ་བསྒྱུར་པས་དེ་དག་མེད་ཅེས་སུས་སྨྲ་སྤོབས་ཤེ་ན། འོ་ན་མདོ་ཚང་མ་བོད་དུ་མ་བསྒྱུར་པ་དང་མ་དཔེ་མ་རྙེད་པས་ཀླུ་ཐོགས་གཉིས་ལས་གཞན་པའི་ཤིང་རྟའི་སྲོལ་འབྱེད་དུ་བསྟན་པའི་མདོ་ལུང་དངོས་སུ་ཁ་གསལ་པོར་ཁོང་ཤིང་རྟའི་སྲོལ་འབྱེད་ཡིན་ཞེས་གསུངས་མེད་པར་སུས་ཀྱང་ཤོད་མི་ཐུབ་པས། ལུང་ཡིན་ལ་མིན་ལ་ཞིག་གིས་ཤིང་རྟའི་སྲོལ་འབྱེད་དུ་སྒྲུབ་པར་བྱེད་པའི་ཨུ་ཚུགས་མཁྲེགས་བཟུང་དེ་གཡུགས་ན་ལེགས་སོ།།
མཚན་ཉིད་ལ་ཁུངས་སྐྱེལ་བ།
མང་ཤོས་ཤིག་གིས། རྒྱལ་བ་རང་ཉིད་ཀྱིས་ལུང་གིས་ཟིན་ཅིང་མི་ཡི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་མཁན་པོ་གཞན་ལ་མ་ལྟོས་པར་བཀའ་ཡི་དགོངས་པ་རང་སྟོབས་ཀྱིས་འགྲེལ་ནུས་པའི་བྱང་འཕགས། ཤིང་རྟའི་སྲོལ་འབྱེད་ཀྱི་མཚན་ཉིད་དུ་བཞག་སྟེ་གཙོ་བོས་ཇི་ལྟར་བཀའ་བསྩལ་པ་ལྟར་དེ་ལས་སོར་གང་བརྒལ་མི་ཆོག་པའི་རྩ་ཁྲིམས་དོག་པོ་དེའི་ནང་ན་ཚང་མ་སྡུད་མ་ཐུབ་ནས་མྱ་ངམ་གྱི་ཐང་ཆེན་པོར་འགྲིམས་པ་ནི་ཅི་འདྲའི་ཡིད་མུག་པ་ལ། དེ་འདྲའི་མཚན་ཉིད་དེའི་ཟུར་རེ་རེ་ནས་ཁུངས་བསྐྱལ་ན་ཁུངས་མེད་རང་བཟོས་རང་ཡིན་ཏེ།
ཟུར་དང་པོ་རྒྱལ་བ་རང་ཉིད་ཀྱིས་ལུང་གིས་ཟིན་ཅིང་ཞེས་པ་སྤྱིར་སྟོན་པས་ལུང་བསྟན་པ་ཙམ་ཞིག་གམ། ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་པ་གང་། དང་པོ་ལྟར་ན། ཟླ་གྲགས་དང་དབྱིག་གཉེན་ལ་ཡང་མཚུངས་པས། དེ་གཅད་བྱ་གཞན་མེད་པའི་གཅོད་བྱེད་ཅིག་སྟེ། དཔེར་ན། གཅད་བྱ་ཤིང་མེད་པའི་གཅོད་བྱེད་སྟ་རེ་མི་ཁྱོག་པའི་ངལ་བ་བཞིན་ནོ། །གཉིས་པ་ལྟར་ན་ཤིང་རྟའི་སྲོལ་འབྱེད་ཡིན་པར་བསྟན་པའི་ལུང་ཡོད་མེད། སངས་རྒྱས་ཀྱིས་གསུངས་པའི་མདོ་ཡོངས་རྫོགས་མ་རྙེད་བར་དུ་ཐེ་ཚོམ་གྱི་རྙི་ལས་ཐར་མི་སྲིད་པས་བག་ལྷོད་པོར་བཞུགས་ཤིག
ཟུར་གཉིས་པ་མི་ཡི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་མཁན་པོ་གཞན་ལ་མ་ལྟོས་པར་ཞེས་པ་དེས་ཐོགས་མེད་ལ་འགོག་སྲུང་བྱས་པའི་ཁུལ་ཡིན་ཡང་། འཕགས་པ་ཐོགས་མེད་ལྟ་བུ་ལ་ཚིག་དེ་འདྲ་ཞིག་གིས་ཤིང་རྟའི་སྲོལ་འབྱེད་དུ་གྱུར་པ་ལ་ཕན་གནོད་ཅི་ཞིག་ཡོད། དེས་ན་འགྲེལ་བྱེད་མཁན་པོ་གཞན་ལ་བལྟོས་ཚར་ན་མི་ཡི་ཤ་ཚུགས་ཅན་ཡིན་མིན་ལ་བཟང་ངན་ཅི་ཡོད་དེ་མེད་དོ། །དེར་བརྟེན་མི་ཡི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་མཁན་པོ་གཞན་ལ་མ་བལྟོས་པ་ཞེས་པ་དེར་དགོས་ནུས་གང་ཡང་མེད་དོ། །ཀླུ་སྒྲུབ་ཀྱིས་ཡུམ་གྱི་དགོངས་དོན་བཀྲལ་བ་ལ་རང་གི་བླ་མ་ལ་མ་ལྟོས་ན་བླ་མ་བསྟེན་པར་དོན་མེད་དེ། ཟབ་མོ་མདོའི་དགོངས་དོན་རྟོགས་པ་ལ་བླ་མས་སློབ་སྟོན་མ་དགོས་ན། དེ་ལས་རགས་པ་རྟོགས་པ་ལ་ལྟ་ཅི་སྨོས། དེས་ན་སློབ་སྟོན་སྣེ་གཅིག་བྱེད་མི་དགོས་པའི་སློབ་མ་དེས་བླ་མ་བསྟེན་པ་མཚར་རོ།།
ཟུར་གསུམ་པ་བཀའ་ཡི་དགོངས་པ་རང་སྟོབས་ཀྱིས་འགྲེལ་ནུས་པ་ཞེས་པའི་ཟུར་འདིས་འགྲེལ་བྱེད་མཁན་པོ་གཞན་ལ་མ་བལྟོས་པ་ཞེས་གོང་གི་ཟུར་གཉིས་པའི་གཅད་བྱ་ལས་ལོགས་སུ་མེད་པས་ཟློས་སྐྱོན་དུ་གྱུར་པ་མ་ཟད། མཚན་ཉིད་དེས་མཚོན་བྱ་མཐའ་དག་ལ་མ་ཁྱབ་པས་མཚན་ཉིད་ལ་ཁྱབ་ཆུང་བའི་སྐྱོན་དུ་ཡང་འགྱུར་ཏེ། ཤིང་རྟའི་སྲོལ་འབྱེད་ཡིན་ན། བཀའ་ཡི་དགོངས་དོན་རང་སྟོབས་ཀྱིས་འགྲེལ་དགོས་པས་མ་ཁྱབ་སྟེ། རིག་པའི་གནས་ལྔ་རེ་རེ་ལ་ཤིང་རྟའི་སྲོལ་འབྱེད་རེ་ཡོད་པས་དེ་དག་གིས་བཀའི་དགོངས་པ་རང་སྟོབས་ཀྱིས་བཀྲལ་བར་དམ་བཅའ་དཀའོ།།
ཟུར་བཞི་པ་བྱང་འཕགས་ཞེས་པ་དེས། མ་འོངས་པའི་སངས་རྒྱས་ས་བཅུ་སེམས་དཔའི་ཚུལ་བཟུང་བ་རྒྱལ་ཚབ་བྱམས་པ་མགོན་པོ་ནི་མཚོན་བྱ་དེ་གཅོད་པའི་ཆེད་ཡིན་ཡང་། དེ་མི་རིགས་ཏེ་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་མིན་ན། སྦས་དོན་མངོན་རྟོགས་ཀྱི་རིམ་པ་དེ་སུས་བཀྲལ་སོམས་ཤིག དེས་ན་ས་བཅུའི་དབང་ཕྱུག་ཆེན་པོ་རྒྱལ་ཚབ་མ་ཕམ་པས། སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་རང་སྟོབས་ཀྱིས་ལེགས་པར་བཀྲལ་བས་ཤིང་རྟའི་སྲོལ་འབྱེད་ཡིན་པར་གནོད་པ་མེད་ལ་འཐད་པ་དང་ལྡན་པ་ཉིད་དོ། །སྒྲོམ་གཞི་དོག་པོའི་མཚན་ཉིད་དེའི་ནང་ནས་ཤར་སྐྱོད་བྱེད་མ་ཐུབ་ན་ལེགས་ཉེས་ཀྱི་ཆ་ཅི་ཡོད་མ་བལྟོས་པར། དགེ་རྒན་གྱི་མགོ་རྣ་ཤོར་འོང་སྙམ་པའི་རང་གཤིས་མཁྲེགས་པོ་རྡོ་འདྲ་ཞིག་ངོམས་པ་ནི་རིགས་པ་སྨྲ་བ་རྣམས་ཀྱི་བརྟུལ་ཞུགས་ལས་བརྒལ་ཏོ། །ལུང་རིགས་གང་ལ་ཡང་ཁུངས་མ་བཅོལ་བའི་གནས་སྐབས་ཀྱི་དམ་བཅའ་དང་ཡིག་ཆ་ཕྱོགས་རེ་བ་ལ་འཇིགས་ནས་ལྷན་པ་དགུ་བརྩེགས་ཅན་གྱི་མཚན་ཉིད་འདི་རིང་ནས་རིང་དུ་སྤོངས་ཤིག
གྲངས་ངེས་ལ་མ་ཁྱབ་པ།
ཤིང་རྟའི་སྲོལ་འབྱེད་ལ་གཉིས་སུ་གྲངས་ངེས་ཞེས་པ་ནི་ཁྲོན་པའི་སྦལ་པ་འབའ་ཞིག་གི་ངང་ཚུལ་ལས་མ་འདས་ཏེ། ཕྱོགས་རེས་མིག་ཡ་བསྒྲིབས་ནས་ཤིང་རྟའི་སྲོལ་འབྱེད་ལ་ཀླུ་ཐོགས་གཉིས་ལས་མེད་དེ། གཞན་ཞིག་ཡོད་ན། ངའི་དགེ་རྒན་གྱིས་བཞག་པའི་མཚན་ཉིད་དང་མི་མཐུན་པའི་ཕྱིར། དེས་ན་ཡོད་མི་སྲིད་དོ། །ཞེས་སོགས་སྒྲུབ་བྱེད་དྲངས་ནས་མིག་ཧྲིལ་ཧྲིལ་བྱས་ནས་འདུག་མཁན་རྣམས་ཀྱིས་སོམས་དང་། རྣམ་དཔྱོད་ཁབ་མིག་ལྟ་བུ་དེ་དོར་ཏེ་ཡངས་པའི་ཤེས་བྱའི་སྤང་ཐང་ལ་ཤེས་རིག་གི་བློ་སྒོ་རྒྱ་ཆེར་ཕྱེ་ནས་གནས་ལུགས་ཀྱི་ཚུལ་ལ་འཇུག་པ་ན། ཤེས་བྱ་ནམ་མཁའི་གཟའ་སྐར་འདྲ། །བསླབ་དགོས་གནས་ལ་ཟད་མཐའ་མེད། །ཅེས་པ་ལྟར། རྟོགས་བྱ་རིག་པའི་གནས་ཆེན་ལྔ་དང་། གནས་ཆུང་ལྔ་སྟེ་བཅུ་པོ་རེ་རེའི་སྲོལ་གཏོད་པ་པོ་ཤིང་རྟའི་སྲོལ་འབྱེད་རེ་ཡོད་པར་བསྙོན་དུ་མེད་དོ། །དེ་ལ་ནང་དོན་རིག་པའི་གཞུང་ལུགས་གཅིག་གཞིར་བཞག་ན་ཡང་དེས་ག་ལ་ཚད། དབུ་མ་ཐལ་འགྱུར་བའི་དགོངས་པ་རང་སྟོབས་ཀྱིས་འགྲེལ་བ་པོ་དཔལ་ལྡན་ཟླ་བ་གྲགས་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད་ལྟ་བུ་གཞུང་སོ་སོའི་ཤིང་རྟའི་སྲོལ་འབྱེད་རེ་ཡོད་པའི་ཕྱིར་རོ། །ཡང་དེ་ལ་ཐལ་རང་གང་རུང་གི་ཤིང་རྟའི་སྲོལ་འབྱེད་ཡིན་ན་ཤིང་རྟའི་སྲོལ་འབྱེད་ཡིན་པས་མ་ཁྱབ་ཅེ་ན། འོ་ན་ཆོས་ཀྱི་བྱེ་བྲག་རེ་རེའི་ཤིང་རྟའི་སྲོལ་འབྱེད་ལ་ཤིང་རྟའི་སྲོལ་འབྱེད་དུ་འཇོག་མ་ཐུབ་ན་བརྗོད་བྱ་གང་གི་ཡང་བྱེ་བྲག་ཏུ་མ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ཅིག་བསྐལ་པའི་བར་དུ་བཙལ་ན་ཡང་རག་མི་སྲིད་པས། ཁྱོད་ཀྱི་ཤིང་རྟའི་སྲོལ་འབྱེད་དེ་བཙན་པོའི་བཀའ་དང་ཕྱུག་པོའི་རྒྱུ་མཛེས་མའི་གདོང་སོགས་ཀྱིས་བཞག་པ་མངོན་ནོ།།
འོ་ན་ཀུན་མཁྱེན་མི་ཕམ་པས་དབུ་མ་རྒྱན་འགྲེལ་གྱི་སྤྱི་དོན་ལས།[3] དེ་ཕྱིར་ཚུལ་གཉིས་ཤིང་རྟའི་ལམ་སྲོལ་དང་། །དེ་དག་གཅིག་ཏུ་བསྒྲུབས་པའི་སྲོལ་ཆེན་ཏེ། །ཐུབ་པའི་ཐེག་མཆོག་བསྟན་པའི་འཇུག་ངོགས་ལ། །གསུམ་པོ་འདི་ལས་གཞན་པའི་སྲོལ་མི་སྲིད། །ཅེས་ཤིང་རྟའི་སྲོལ་འབྱེད་ལ་གསུམ་དུ་གྲངས་ངེས་པར་གསུངས་པ་དེ་ཁྱོད་ཀྱིས་ཁས་མི་ལེན་ནམ་ཞེ་ན། ལེན་ཏེ་དེའི་དོན་ནི་གོང་དུ་བཤད་པའི་ཟབ་རྒྱས་ཟུང་འཇུག་གི་ཤིང་རྟའི་སྲོལ་འབྱེད་ལ་ཀླུ་ཐོགས་མཁན་གསུམ་གྱིས་གྲངས་ངེས་པར་མཛད་པ་ལས། སྤྱིར་ཤིང་རྟའི་སྲོལ་འབྱེད་ལ་གསུམ་གྱིས་གྲངས་ངེས་པའི་དོན་མ་ཡིན་པར། ཐུབ་པའི་ཐེག་མཆོག་བསྟན་པའི་འཇུག་ངོགས་ལ་ཞེས་པ་འདིས་གསལ་ཏེ། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཐེག་པ་ལ། ཉན་རང་བྱང་སེམས་གསུམ་དུ་ངེས་ལ། དེ་ཡི་ནང་ནས་མཆོག་ཏུ་གྱུར་པ་ནི་ཟབ་རྒྱས་ཟུང་འཇུག་གི་ཐེག་པ་འདི་ཡིན་ལ་འདིའི་དབང་དུ་བྱས་ན་ཤིང་རྟའི་སྲོལ་འབྱེད་ལ་གསུམ་དུ་ངེས་ཞེས་པའི་དོན་ནོ།།
དོན་བསྡུ་བ།
སྤྱིར་ཤིང་རྟའི་སྲོལ་འབྱེད་ཅེས་པ་འདི། གོང་དུ་བཤད་པ་ལྟར་འདི་ཤོར་ན་རང་ལུགས་ཤོར་བ་དང་འདི་བཟུང་ན་རང་ལུགས་འཛིན་ཐུབ་པ་ལྟ་བུ་གལ་འགངས་ཆེན་པོ་ཞིག་མིན་ཡང་། མཁས་མིང་འདི་མི་སུ་འདྲ་ཞིག་ལ་འཇུག་ཅེ་ན། ལྷ་ཆོས་དང་མི་ཆོས་གང་རུང་གི་རླབས་ཆེ་བའི་བྱ་གཞག་ཅིག་རང་སྟོབས་ཀྱིས་གསར་གཏོད་བྱས་པའི་གང་ཟག་ཅིག་ལ་འཇུག་གོ །མིང་འདི་དེང་སང་ཆོས་ལུགས་པ་ཁ་ཤས་ཤིག་གིས་མ་གཏོགས་བེད་སྤྱོད་གཏོང་མཁན་མེད་པ་ལྟ་བུར་གྱུར་ཡོད་ཀྱང་། མིང་འདི་དང་འཇུག་ཚུལ་མཚུངས་པའི་དེང་གི་སྤྱོད་སྒོ་ཆེ་བའི་ཐ་སྙད་གཞན་ཞིག་ཡོད་པ་ནི། གསར་གཏོད་པ་ཞེས་པ་འདི་ཡིན་ནོ།།
[1] TBRC གློག་རྡུལ་ཡིག་ཆ། བཀའ་འགྱུར་དཔེ་བསྡུར་མ། པོད། ༤༩ ཤོག་གྲངས། ༤༢༤ པར་གསལ།
[2] འདིའི་ལུང་ཁུངས་འཇལ་དཔལ་རྩ་རྒྱུད་ཡིན་པར་གྲགས་ཀྱང་དཔྱད་དགོས་སོ།།
[3] སྔ་འགྱུར་རིག་འཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་ཕྲེང་། ༢༧ ཤོག་གྲངས། ༡༢ པར་གསལ།