ལོ་རིམ་བདུན་པའི་སློབ་གཉེར་བ། དངོས་གྲུབ་དབང་ཕྱུག
སྤྲིན་བྲལ་མཁའ་ལྟར་དྲི་མས་མ་གོས་སྟོང་ཉིད་སྤྲོས་བྲལ་དབྱིངས་རུམ་ནས།།
ཉ་རྒྱས་ཟླ་ལྟར་ལྟ་བས་མི་ངོམ་སྣང་བ་གཟུགས་སྐུའི་ཆོ་འཕྲུལ་དཔལ།།
དུས་གསུམ་རྒྱལ་བ་མ་ལུས་ཀུན་ཀྱི་ཟུང་འཇུག་ཡེ་ཤེས་སྐུ་ཡི་མཆོག།
གཞོམ་མེད་རྟག་བརྟན་བགྲེས་རྒུད་དང་བྲལ་སྐུ་གསུམ་ཀུན་འདུས་བླ་མར་འདུད།།
ལྷན་ཅིག་སྐྱེས་པའི་རིག་བྲལ་བྲག་སྟོང་ལ།།
སྦྱངས་པའི་རིག་པའི་ས་བོན་མ་ཐེབས་ཀྱང་།།
མཁས་པའི་གཞུང་བཟང་མིག་སྒྲོན་དག་ལ་གཏུགས།།
ཁོ་བོ་རེ་ཞིག་དཔྱད་བྱར་ཞུགས་ལ་སྤྲོ།།
ཞེས་མཆོད་པར་བརྗོད་པའི་བསྟོད་བསྔགས་ཀྱིས་མདུན་བསུས་ཏེ། གང་ཞིག་གླེང་བར་བྱ་བ་ནི་ཟབ་ལ་རྒྱ་ཆེ་བའི་སེམས་ཙམ་པའི་གྲུབ་མཐའ་ལས་ཕྱི་དོན་གྲུབ་མ་གྲུབ་ལ་དཔྱད་པར་བྱ་བའི་ལས་སུ་གཞུག་པར་བྱ་སྟེ། དེ་ལ་རྩ་བའི་ས་བཅད་ཀྱི་དབང་དུ་བྱས་ན། གནས་ཚུལ་གྱི་དབང་དུ་ཕྱི་དོན་མ་གྲུབ་ཚུལ། ཕྱི་དོན་གྲུབ་གྲུབ་ལྟར་གསུངས་པའི་ལུང་དག་དང་དགོངས་པ་མི་འགལ་ཚུལ། ཕྱི་དོན་ཕྱི་ནང་གང་དུ་ཡང་མ་གྲུབ་ཚུལ། ཕྱི་དོན་འགོག་པའི་རིགས་པ་འགོད་པ་དང་བཞི་ལས།
དང་པོ་གནས་ཚུལ་གྱི་དབང་དུ་ཕྱི་དོན་མ་གྲུབ་ཚུལ།
རང་གི་སེམས་ཉིད་ཕྱི་རོལ་གནས་དོན་ལུས་སོགས་སུ་སྣང་བའི་བག་ཆགས་བརྟས་པའི་ཤེས་པ་ཕྱི་རོལ་དུ་རྣམ་པར་སྣང་བ་ལས་ཕྱི་རོལ་ཡུལ་གྱི་ངོས་ནས་སེམས་ཀྱི་རང་སྣང་ལས་གཞན་དུ་གྱུར་པའི་ཕྱི་དོན་ཞེས་པ་གུད་ན་གྲུབ་པ་མེད་པས་ཕྱི་དོན་མེད་པར་འདོད་ཀྱི། དེ་ལྟར་མིན་པར་སེམས་ཀྱི་རང་སྣང་ལས་ཐ་དད་པའི་ཕྱི་རོལ་ཡུལ་གྱི་ངོས་ནས་སྣང་ལ་སྣང་བ་ལྟར་དུ་གྲུབ་པ་ཡོད་ན་སེམས་ཙམ་པས་ཕྱི་དོན་གྲུབ་པར་ཅིས་མི་འདོད། འོན་ཀྱང་དེ་ལྟ་བུའི་ཕྱི་དོན་ནི་ཇི་ལྟར་བཙལ་ཡང་རྙེད་རྒྱུ་མེད་པས་ཕྱི་དོན་མི་འདོད་པའི་གྲུབ་མཐར་འཇོག་པར་སྣང་ངོ་། །ལངྐར་གཤེགས་པ་ལས། ཕྱི་རོལ་གྱི་ནི་གཟུགས་མེད་དེ། །རང་གི་སེམས་ནི་ཕྱི་རོལ་སྣང་། །སེམས་ནི་ཁོང་དུ་མི་ཆུད་ཕྱིར། །བྱིས་པ་རྣམས་ནི་འདུས་བྱས་རྟོག །ཅེས་དང་། དེ་ཉིད་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །གཞན་གྱི་དབང་ནི་ཡོད་པ་སྟེ། །ཀུན་ཏུ་བརྟགས་པ་ཡོད་མ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་རླག་པར་འགྱུར། །ཞེས་དང་། མདོ་ཕལ་པོ་ཆེ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་དང་། ཆོས་ཉིད་རྣམ་འབྱེད་ལས།[1] ཕྱི་རོལ་གཟུང་བ་ཐུན་མོང་བར། །སྣང་བ་འཛིན་པའི་རྣམ་རིག་པའོ། །རྣམ་པར་ཤེས་ལས་ཕྱི་རོལ་དུ། །གྱུར་པའི་དོན་ཡོད་མ་ཡིན་ཏེ། །ཐུན་མོང་བ་ཉིད་ཡིན་ཕྱིར་རོ། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་ཉིད་རྣམ་འབྱེད་འགྲེལ་པ་ལས།[2] དེ་ལ་ཡང་དག་པ་མ་ཡིན་པའི་ངེས་པའི་ཚིག་ནི། མེད་པ་སྣང་བའི་ཕྱིར་ཡང་དག་པ་མ་ཡིན་པའོ། །གང་གི་ཕྱིར་ཆོས་འདི་ཡོད་པ་ནི་མ་ཡིན་ཏེ། ཀུན་ཏུ་སྒྲ་དང་རྟོག་པའི་སྒྲ་དག་གི་ངེས་པའི་ཚིག་ནི། ཐམས་ཅད་དུ་དོན་མེད་ཅིང་རྟོག་པ་ཙམ་ཡིན་པའི་ཕྱིར་ཀུན་ཏུ་རྟོག་པའོ། །ཞེས་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཆོས་ཉིད་རྣམ་འབྱེད་འགྲེལ་པ་ལས།[3] ཕྱི་རོལ་གྱི་གཟུང་བ་ཐུན་མོང་བར་སྣང་བ་འཛིན་པའི་རྣམ་པར་རིག་པ་ལ་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་དོན་མེད་དེ། ཐུན་མོང་བ་ཡིན་པའི་ཕྱིར་རོ། །ཞེས་བྱ་བ་ནི་གང་གི་ཕྱིར་སྣོད་ཀྱི་རྣམ་པར་རིག་པར་སྣང་བ་འཛིན་པའི་རྣམ་པ་རིག་པ་ཉིད་རྒྱུད་སོ་སོ་ལ་སྐྱེ་བ་དེའི་ཕྱིར་རོ། །འཛིན་པའི་རྣམ་པར་རིག་པར་གྱུར་པ་ལ་དེར་སྣང་བའི་རྣམ་པར་ཤེས་པ་ལས་ཕྱི་རོལ་དུ་གྱུར་པ་འཛིན་པའི་རྣམ་པར་རིག་པར་གྱུར་པ་གཞན་ཡོད་པ་མ་ཡིན་ལ། རྣམ་པར་རིག་པ་དེ་ཉིད་ཀྱང་གཞན་གྱི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །གང་གི་ཕྱིར་སྣོད་ཀྱི་རྣམ་པར་རིག་པ་ཐུན་མོང་བ་ཡིན་པས་ན་རྒྱུད་སོ་སོ་ལ་དེར་སྣང་བའི་རྣམ་པར་རིག་པ་སྐྱེ་བ་དེའི་ཕྱིར་གཅིག་གི་རྣམ་པར་རིག་པ་གང་ཡིན་པ་དེ་གཞན་གྱི་ཡུལ་དུ་འགྱུར་བ་མ་ཡིན་ནོ། །དེས་ན་དོན་མེད་དོ། །ཞེས་དང་། དེ་ཉིད་ལས།[4] རང་གི་རྣམ་པར་རིག་པ་ཉིད་ཡུལ་ཡིན་པའི་ཕྱིར། རྣམ་པར་ཤེས་པ་ལས་ཕྱི་རོལ་དུ་གྱུར་པའི་དོན་མེད་ལ། དེ་མེད་པའི་ཕྱིར་གཟུང་བར་སྣང་བ་མེད་དོ། །ཞེས་གསུངས་ལ། སློབ་དཔོན་ངོ་བོ་ཉིད་མེད་པས་མཛད་པའི་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ་ལས།[5] གཉིས་སུ་སྣང་བ་འདི་ཡང་རྣམ་པར་ཤེས་པ་ཁོ་ན་སྣང་བར་ཟད་ཀྱི་དམིགས་པ་གཟུགས་ལ་སོགས་པ་རྣམ་པར་ཤེས་པ་ལས་མ་གཏོགས་པར་རང་གི་ངོ་བོར་གཉིས་སུ་ཡོངས་སུ་གྲུབ་པས་གྲུབ་པ་ནི་མེད་དོ། །ཞེས་དང་། དེ་ཉིད་ལས།[6]འཛིན་པའི་དོན་ལས་གཟུང་བའི་དོན་ཐ་མི་དད་པར་མཐོང་ནའོ་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པ་ནི་རྣམ་པར་ཤེས་པ་ཁོ་ནར་ཟད་ཀྱི་རྣམ་པར་ཤེས་པ་ལས་མ་གཏོགས་པ་བྱིས་པས་ཀུན་བརྟགས་པ་མི་ལ་སོགས་པ་འཛིན་པའི་དོན་ནི་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྟེ། དེའི་ཕྱིར་དོན་དུ་སྣང་བ་ཐམས་ཅད་སེམས་ཁོ་ན་ཡིན་པར་བལྟའི། དོན་སེམས་ལས་གཞན་པར་མི་བལྟའོ། །ཞེས་དང་། དེ་ཉིད་ལས།[7] གཞན་གྱི་དབང་གི་གཉིས་སུ་སྣང་བ་གང་ཡིན་པ་དེ་ཉིད་རྣམ་པར་ཤེས་པ་ལས་མ་གཏོགས་པའི་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཡོད་པ་ཉིད་དུ་ཀུན་བརྟགས་པའི་བདག་ཉིད་ཀྱིས་མེད་པ་ཡིན་ལ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཀུན་བརྟགས་པའི་བདག་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ཉིད་རྣམ་པར་རིག་པ་ཙམ་ཡིན་ཏེ། ཞེས་དང་། དེ་ཉིད་ལས།[8]སེམས་ཙམ་པོ་འདི་གཟུང་བར་སྣང་བ་དང་འཛིན་པར་སྣང་བ་དང་གཉིས་སུ་སྣང་བར་འདོད་དེ། ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ །ཞེས་སོ། །དེ་ལྟར་སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་རང་བཞིན་གསུམ་ངེས་པར་བསྟན་པ་ལས།[9] སྔགས་མཐུས་སྒྱུ་མ་བྱས་པ་ཡིས། །ཇི་ནས་གླང་པོ་སྣང་གྱུར་པ། །རྣམ་པ་ཙམ་ཞིག་སྣང་བར་འདོད། །གླང་པོ་ཀུན་དུ་ཡོད་མ་ཡིན། །ཞེས་དང་། དེ་ཉིད་ལས།[10] རྩ་བའི་སེམས་ལས་གཉིས་བདག་ཏུ། །ཡང་དག་མ་ཡིན་ཀུན་རྟོག་སྣང་། །གཉིས་པོ་ཤིན་ཏུ་མེད་པས་ན། །དེ་ནི་རྣམ་པ་ཙམ་དུ་ཡོད། །ཅེས་དང་། སློབ་དཔོན་རཏྣ་ཨ་ཀར་ཤཱནྟིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ལས།[11] འདི་དག་ནི་སེམས་ཙམ་སྟེ། དོན་འདི་དག་མེད་བཞིན་དུ་དོན་སྣང་བ་ལ་དོན་དུ་མངོན་པར་ཞེན་པའི་བག་ཆགས་ཀྱི་དབང་གིས་སྐྱེས་པར་སྣང་སྟེ། རྒྱན་པོ་ལ་གོམས་པའི་དབང་གིས་རྨི་ལམ་ན་རྒྱན་པོ་རྩེ་བར་སྣང་བ་བཞིན་ནོ། །དེ་བས་ན་གློ་བུར་དུ་མིང་དུ་བསྡེབས་ཏེ་བཏགས་པའི་དོན་འདི་དག་སེམས་ཙམ་ཡིན་གྱི། ཕྱི་རོལ་དུ་གྱུར་པའི་གཟུང་བའི་དོན་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་དང་། ཡིད་བཞིན་མཛོད་འགྲེལ་ལས།[12] ཕྱི་རོལ་སྣོད་བཅུད་ཀྱིས་བསྡུས་པའི་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ། ཕྱི་ནང་གང་ནའང་མེད་ཀྱང་ཕྱི་རོལ་ན་ཡོད་པ་ལྟར་སྣང་བ་སེམས་ལ་ཤར་ནས་དེ་དག་ལ་མངོན་པར་ཞེན་པ་སྟེ། ཞེས་དང་། ཡིད་བཞིན་མཛོད་འགྲེལ་ལས།[13] དེ་ཡང་ཕྱི་རོལ་དོན་དུ་སྣང་བའི་བག་ཆགས་བརྟས་པའི་ཤེས་པ་ཕྱི་རོལ་ཏུ་སྣང་བ་དང་། ནང་གི་ཤེས་པ་དེ་འཛིན་པའི་ཆ་ལ་ལྟོས་པའི་གཞན་དབང་དུ་ཡོད་པར་བཞག་པ་ཡིན་ནོ། །དེས་ན་ཕྱིའི་དོན་གཞན་དུ་གྲུབ་པ་མེད་དེ། རྣམ་པར་ཤེས་པ་སོ་སོ་བའི་རྒྱུ་བྱེད་པར་སྣང་བའི་ཕྱིར་རོ། །ཞེས་དང་། ཆོས་ཉིད་རྣམ་འབྱེད་ཀྱི་འགྲེལ་པ་ཡེ་ཤེས་སྣང་བ་ལས།[14] གཟུང་འཛིན་གཉིས་སུ་སྣང་བ་དེ་ནི། སྣང་བ་ལྟར་དོན་ལ་གྲུབ་པ་མེད་པས་ན་དཔེར་ན་སྐྲ་ཤད་ལ་སོགས་པར་སྣང་བ་བཞིན་དུ་ཡང་དག་པ་མ་ཡིན་པའི་རང་གི་ཀུན་ཏུ་རྟོག་པ་ཙམ་སྟེ། ཡུལ་མེད་བཞིན་དུ་སེམས་ལ་སྣང་བའི་ཕྱིར་རོ། །ཞེས་དང་། དེ་ཉིད་ལས།[15] གཉིས་སྣང་དང་གཉིས་ཞེན་གྱི་ཆོས་ཐམས་ཅད་ཀུན་བཏགས་ཙམ་ལས་རང་གི་ངོ་བོ་ཉིད་མེད་བཞིན་སྣང་བར་བསྟན་ཏོ། །ཞེས་དང་། དེ་ཉིད་ལས།[16] ཕྱི་རོལ་གྱི་གཟུང་བ་གང་ཞིག་ཐུན་མོང་བར་སྣང་བ་རི་ལ་སོགས་པ་ཆོས་ཅན། ནང་གི་ཤེས་པ་ལས་ཐ་དད་པའི་ཕྱི་དོན་བེམ་པོའི་ངོ་བོར་གྲུབ་པ་མེད་དེ། བག་ཆགས་མཐུན་པར་སད་པ་རྣམས་ཀྱི་ནང་གི་འཛིན་པའི་རྣམ་པར་རིག་པ་ཉིད་ཕྱི་རོལ་གྱི་དོན་དེ་དང་དེའི་རྣམ་པར་སྣང་བ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་གཟུགས་ལྟ་བུའོ། །ཞེས་དང་། དབུས་མཐའ་རྣམ་འབྱེད་འགྲེལ་པ་འོད་ཟེར་ཕྲེང་བ་ལས།[17] གཞན་དབང་གི་རྣམ་ཤེས་སམ་ཀུན་ཏུ་རྟོག་པ་དེ་ལ་ཇི་ལྟར་སྣང་བ་ལྟར་གྱི་གཟུང་འཛིན་གཉིས་པོ་ནི་དེ་ལྟར་གྲུབ་པ་ཡོད་པ་མ་ཡིན་ཏེ་རི་མོ་ལ་མཐོ་དམན་དུ་སྣང་བ་དང་། ཐོ་ཡོར་ལ་མིར་སྣང་བ་ལ་སོགས་པ་བཞིན་དུ་ཀུན་ཏུ་བཏགས་པ་ཙམ་ལས་རང་གི་ངོ་བོ་ཉིད་དུ་མེད་པའོ། །ཞེས་དང་། གཞུང་སྤྱིའི་དཀའ་གནད་ལས།[18] དེ་ལྟར་ན་མཐར་ཐུག་གི་དོན་ལ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་རང་སེམས་ཀྱི་རང་སྣང་ཡིན་ལ། དེ་ལ་ཡུལ་དང་ཡུལ་ཅན་བདེ་དང་སྡུག་བསྔལ་སྣ་ཚོགས་སུ་རྟོག་པས་བཏགས་སོ། །དེའི་ཕྱིར་སེམས་ཙམ་ཡང་གྲུབ་བོ། །ཞེས་སོགས་ཀྱིས་འདི་ལྟར་གནས་དོན་ལུས་སོགས་སྣང་ཞིང་སྲིད་པའི་ཆོས་ཡོད་དོ་ཅོག་རང་གི་སེམས་ཉིད་བག་ཆགས་ཀྱི་དབང་ལས་ཕྱི་རོལ་དུ་སྣང་བ་ཙམ་ལས་ཕྱི་རོལ་ཡུལ་གྱི་ངོས་ནས་བདེན་བདེན་གྲུབ་གྲུབ་ཅིག་མི་རྙེད་པས་གནས་ཚུལ་ཡང་དག་པར་དཔྱད་པའི་དབང་དུ་བྱས་ན་གཟུགས་ལ་སོགས་པ་བེམ་པོས་བསྡུས་པའི་ཕྱི་དོན་མེད་པར་དངོས་སྟོབས་རིགས་པས་ཅིས་མི་འགྲུབ་སྟེ་འགྲུབ་པར་འགྱུར་རོ།།
གཉིས་པ་ཕྱི་དོན་གྲུབ་གྲུབ་ལྟར་གསུངས་པའི་ལུང་དག་དང་དགོངས་པ་མི་འགལ་ཚུལ་ནི།
འོ་ན་ཕྱི་དོན་ཞེས་པ་ཞིག་ཡུལ་རང་ངོས་ནས་གྲུབ་པ་ཞིག་མེད་ན་འཇིག་རྟེན་ཐུན་མོང་དུ་གྲགས་པའི་ཀ་བུམ་སོགས་ཀྱང་མེད་པར་ཐལ་བས་ཐ་སྙད་ལ་སྐུར་འདེབས་ཆེན་པོར་འགྱུར་རོ་ཞེ་ན། དེ་ལྟར་ག་ལ་འགྱུར་ཏེ། ཕྱི་དོན་ཐ་སྙད་དུ་ཡང་མེད་ཅེས་པ་ཐ་སྙད་གནས་ཚུལ་ལ་དཔྱོད་པའི་དབང་དུ་བྱས་པ་ལས་ཐ་སྙད་སྣང་ཚུལ་ལ་འཁྲུལ་བའི་སྣང་བ་འགོག་མེད་དུ་འཆར་དུ་ཡོད་པར་སུས་ཀྱང་ཁས་ལེན་པས་འཁྲུལ་སྣང་ཙམ་དུ་ཡང་མེད་པ་མོ་གཤམ་གྱི་བུ་ལྟ་བུ་མ་ཡིན་པས་སོ། །དེ་ལྟ་ན་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ་ལས།[19] གཉིས་སུ་སྣང་བ་ཡོད་པ་གང་ཡིན་པ་དེ་ནི་མེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན། དེ་ནི་ཡོད་པ་ཁོ་ནའོ། །ཞེས་དང་། ཡིད་བཞིན་མཛོད་འགྲེལ་ལས།[20] དེས་ན་སྣང་ཡུལ་རི་ལ་སོགས་པ་སེམས་མ་ཡིན་ཏེ། སེམས་ལས་ཐ་དད་པའི་རྒྱུ་འབྲས་སྐྱེ་འགག་ལ་སོགས་པར་གྲུབ་པའི་ཕྱིར་རོ། །ཞེས་དང་། དམ་ཆོས་དོགས་སེལ་ལས།[21] སེམས་ཙམ་པའི་ལུགས་ལ་ཐ་སྙད་སྣང་ཚུལ་དང་བསྟུན་ན་ཕུང་པོའི་ལྔའི་རྣམ་གཞག་ཀྱང་ཡོད། བེམ་ཤེས་ཀྱི་རྣམ་གཞག་ཀྱང་ཡོད། ཕྱི་དོན་དང་ནང་གི་འཛིན་པའི་རྣམ་གཞག་ཀྱང་ཡོད་པ་ལ་སོགས་སྣང་ཚུལ་ཐམས་ཅད་མ་ཉམས་པར་འཇོག་ཤེས་དགོས་ཀྱི། དེ་མེད་ཅེས་སུ་ཞིག་གིས་སྨྲས། ཞེས་དང་། དེ་ཉིད་ལས།[22] ཐ་སྙད་སྣང་ཚུལ་གྱི་དབང་དུ་ན་ཕྱི་དོན་གྱི་ཐ་སྙད་ཀྱང་མི་བྱ་ན། མདོ་སྡེ་རྒྱན་ལས། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །ཞེས་གསུངས་པའི་རྣམ་གསུམ་ནང་གི་དོན་དང་། ལུས་ཞེས་གསུངས་པ་སྟེ་ཐ་སྙད་དུ་སེམས་ལས་གཞན་པའི་ཕྱི་དོན་མིན་ན་ལུས་སེམས་རྫས་གཅིག་པ་རྒྱང་འཕེན་པའི་གྲུབ་མཐའ་ཁས་ལེན་དགོས་ན་དེ་འདྲའི་སེམས་ཙམ་པ་སུ་ཞིག་ཡོད། དེས་ན་གནས་སྣང་སོགས་མི་ཕྱེད་པར་རི་ལ་སོགས་པ་སེམས་ཡིན་ནོ་ཞེས་ཟེར་བའི་བླུན་པོ་རྣམས་ལ་དགོངས་ནས་སྐྱོང་བྱེད་ཀྱི་ལུགས་ངན་ཞེས་ཡིད་བཞིན་མཛོད་དུ་རྒྱས་པར་བཀག་པ་ཡིན་ནོ། །ཞེས་ཕྱི་དོན་སེམས་ལས་གུད་ན་གྲུབ་པ་ཡོད་པར་གསུངས་པའི་ལུང་སོགས་དང་འགལ་ལོ་ཞེ་ན། ཤིན་ཏུ་ནས་ཀྱང་མི་འགལ་ཏེ། ཐ་སྙད་སྣང་ཚུལ་གྱི་དབང་དུ་བྱས་ནས་ཕྱི་དོན་གྱི་རྣམ་གཞག་བྱས་པ་ཙམ་གྱིས་སྤྱིར་ཕྱི་དོན་གྲུབ་དགོས་དོན་མེད་དེ། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ལ་གཉིས་སུ་འཁྲུལ་བ་གློ་བུར་བའི་སྣང་བ་ཡིན་པའི་ཕྱིར་རོ། །དེ་ཡང་གཞུང་སྤྱིའི་དཀའ་གནད་ལས།[23] ཕྱི་དོན་ཡོད་ཡོད་ལྟ་བུར་བསྒྲུབ་པའི་གཞུང་ཐམས་ཅད་རེ་ཞིག་སྣང་ངོའི་དབང་དུ་བྱས་ཏེ་ཡོད་པར་བཞག་པ་རྨི་ལམ་རང་ངོའི་རྟ་གླང་བཞིན་ནོ། །ཞེས་གསུངས་པས་སོ།།
འོ་ན་ཕྱི་དོན་གྲུབ་ན་གནས་ཚུལ་དུ་གྲུབ་དགོས་སམ་ཞེ་ན་དཔྱད་པ་མེད་པའི་བླུན་པོའི་གཏམ་ཞིག་ལོས་ཡིན་ཏེ། དེ་ལྟར་ཡང་གྲུབ་མི་དགོས་ཏེ། ཕྱི་རོལ་དུ་སྣང་བ་ཐམས་ཅད་བག་ཆགས་ཀྱིས་སྣང་བ་ཡིན་པར་དངོས་སྟོབས་ཀྱི་རིགས་པས་འགྲུབ་པའི་ཕྱིར་རོ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་ཉིད་དུ་མཐོང་། །ཞེས་གསུངས་པས་ལེགས་པར་འགྲུབ་པར་སྣང་ངོ་། །དེས་ན་ཕྱི་དོན་ཡོད་ཡོད་གྲུབ་གྲུབ་ལྟར་གསུངས་པ་ཐམས་ཅད་ཀྱང་ཐ་སྙད་དུ་རང་གི་སེམས་ཉིད་བག་ཆགས་ཀྱི་དབང་ལས་གནས་དོན་ལུས་གསུམ་ལ་སོགས་པར་འཁྲུལ་བའི་སྣང་བ་ཙམ་ཞིག་ཡོད་པར་འདོད་པས་སྣང་ཚུལ་དུ་ཡོད་ཅེས་གསུངས་པ་ལས་ཐ་སྙད་སྣང་ཚུལ་དུ་ཡོད་ན་སྤྱིར་ཡོད་དགོས་པའི་དགོངས་པར་བླངས་ན་མི་རུང་བར་སེམས་ཏེ། སློབ་དཔོན་ངོ་བོ་ཉིད་མེད་པས་མཛད་པའི་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ་ལས།[24] གླང་པོ་ཆེ་ལྟ་བུ་ཡོད་པ་གང་ཡིན་པ་དེ་ཉིད་གླང་པོ་ཆེ་ལ་སོགས་པ་མེད་པ་ཡིན་ནོ། །དེ་ལ་འདྲ་བ་ཙམ་དང་འཁྲུལ་པ་ཙམ་ཡོད་ཀྱི། ཡང་དག་པ་ཉིད་དུ་གླང་པོ་ཆེ་ཡོད་པ་མ་ཡིན་པས། ཞེས་དང་། དེ་ཉིད་ལས།[25] ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ངོ་བོ་ཉིད་དེ་ལ་རྣམ་པར་ཤེས་པའི་གཉིས་སུ་སྣང་བ་གང་ཡིན་པ་དེ་ནི་དེ་ལ་ཡོད་ལ། ཞེས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་ལས།[26] སྣང་བ་དེ་ཡང་བློས་བསླད་པའི་དབང་གིས་ཡང་དག་པ་མ་ཡིན་པའི་སྣང་བ་ཡིན་ཡང་། ཡང་དག་པ་མ་ཡིན་པ་དེ་ཉིད་དམིགས་པར་སྣང་བས་འཁྲུལ་པའི་དམིགས་པ་ཞེས་བརྗོད་དོ། །ཞེས་དང་། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་འོད་ཟེར་ཕྲེང་བ་ལས།[27] གཟུང་འཛིན་གཉིས་སུ་སྣང་བ་ཡོད་ཀྱང་གཉིས་སུ་གྲུབ་པ་མེད་པ་དེའི་ཕྱིར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་དེ་ནི་རྫས་སུ་གྲུབ་པའམ་ཡོད་ཅེས་པའི་དོན་དེ་ལྟར་ཡིན་ཏེ། ཞེས་དང་། དེ་ཉིད་ལས།[28] སྣང་བ་ལྟར་གཉིས་སུ་གྲུབ་པ་ཞིག་ན་ཡང་དག་མིན་རྟོག་ཏུ་ཡང་བཞག་ཏུ་མེད་པའི་ཕྱིར་རོ། །ཞེས་དང་། མདོ་སྡེའི་རྒྱན་འགྲེལ་ཐེག་མཆོག་བདུད་རྩིའི་དགའ་སྟོན་ལས།[29] ཕྱི་རོལ་གྱི་གཟུགས་སྒྲ་ལ་སོགས་པ་ལ་སྣང་བ་ཙམ་ཡོད་པ་དང་། སྣང་བ་ལྟར་གྲུབ་པ་མེད་པ་ཉིད་དུ་བརྗོད་དོ། །ཅིའི་ཕྱིར་ན་དེ་ལ་དེར་སྣང་བ་ཙམ་ཡོད་པ་ནི་མེད་པ་མ་ཡིན་ལ། སྣང་བ་ལྟར་གྱི་དོན་གཟུགས་སོགས་སུ་གྲུབ་པ་མེད་པ་དེ་ནི་ནམ་ཡང་ཡོད་པ་ཉིད་དུ་གྲུབ་པ་མ་ཡིན་ཏེ་ཟླ་བ་གཉིས་སྣང་བཞིན་ནོ། །ཞེས་དང་། དེ་ཉིད་ལས།[30] དེ་ལྟར་སེམས་ཀུན་གཞི་ཉིད་གཟུང་བ་ཡི་ཆོས་སྣ་ཚོགས་སུ་སྣང་བ་དང་འཛིན་པའི་རྣམ་པ་སྣ་ཚོགས་ཅན་དུ་འཇུག་པ་ཡིན་ལ། སེམས་དེ་ལ་དེ་ལྟར་གཟུང་འཛིན་དུ་སྣང་བ་ཙམ་དུ་ཡོད་པ་དང་། སྣང་བ་ལྟར་དོན་དུ་གྲུབ་པ་མེད་པ་དེའི་ཕྱིར་སེམས་ལས་ཐ་དད་པའི་ཆོས་སྣ་ཚོགས་ཀྱི་རང་བཞིན་དུ་ཡོད་པ་མ་ཡིན་པས་ཆོས་ཐམས་ཅད་སེམས་ལ་སྣང་བ་ཙམ་ཡིན་པས་སེམས་ཙམ་དུ་གྲུབ་པ་ཡིན་ནོ། །ཞེས་དང་། དེ་ཉིད་ལས།[31] སྣང་བ་དྲུག་པོ་དེ་ཐམས་ཅད་ཀུན་གཞི་རྣམ་ཤེས་ལ་བག་ཆགས་ཀྱི་ཁམས་ཡོད་པ་སད་པ་ལས་རྨི་ལམ་ལྟར་སྣང་བ་ཙམ་ལས་གཟུང་འཛིན་ཐ་དད་དུ་གྲུབ་པ་མེད་ཀྱང་ཡོད་པ་ལྟར་གཉིས་སུ་སྣང་བའི་ཕྱིར། ཞེས་གསུངས་པས་སོ། །དེའི་ཕྱིར་ན་འདི་པའི་ལུགས་ཀྱི་ཐ་སྙད་གནས་སྣང་ཞེས་པ་ཡང་མདོ་སྡེའི་རྒྱན་གྱི་རྒྱ་ཆེར་བཤད་པ་ལས།[32] བུམ་པ་དང་རས་ཡུག་དང་། གང་ཟག་ལ་སོགས་པ་བཤད་པ་ནི་ཀུན་རྫོབ་བདེན་པ་སྟེ། བརྗོད་པ་དང་དེ་ལས་གཞན་པ་ལ་ལྟོས་པའམ་དབང་པོའི་སྤྱོད་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དོན་དམ་པའི་བདེན་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །མདོར་བསྡུ་ན་ཀུན་ནས་ཉོན་མོངས་པའི་དམིགས་པ་ཕྱིན་ཅི་ལོག་གི་སྤྱོད་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། བཟློག་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ན། ཐ་སྙད་སྣང་ཚུལ་ཞེས་པ་ཀུན་ནས་ཉོན་མོངས་པའི་གཟུང་འཛིན་ཀུན་ཏུ་རྟོག་པའི་སྣང་བ་སྣང་ཡུལ་དང་བཅས་པ་ཐམས་ཅད་དང་། ཐ་སྙད་གནས་ཚུལ་ཞེས་པ་གཞན་དབང་གི་རྣམ་ཤེས་མཐར་ཐུག་སྟེ་ཆོས་ཅན་དོན་དམ་དེ་ལ་བཞག་ན་མི་འཐད་པ་མེད་པར་སེམས་ཀྱང་ཁོ་བོའི་གནད་མ་སྨིན་པའི་དཔྱད་པ་ནི་ཁྲོན་པའི་ནང་གི་སྦལ་པའི་ལྟ་ཚུལ་ཙམ་ལས་མེད་པས་ཡང་དག་ཏུ་འཛིན་པ་ནི་མི་རུང་ངོ་ཞེས་ཀྱང་ཐལ་ལོ།།
འོ་ན་གཟུང་འཛིན་གཉིས་སུ་སྣང་བ་དག་ཡོད་དམ་མེད་ཅེ་ན། མེད་ཅེས་ལན་འདེབས་དགོས་པར་སྣང་སྟེ། ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་མེད་བཞིན་དུ་རང་སེམས་འཁྲུལ་བའི་བག་ཆགས་ཀྱིས་ཕྱི་རོལ་གྱི་རྣམ་པ་སྣ་ཚོགས་པར་ཤར་བའི་ཕྱིར་རོ། །དེ་ལྟ་ན་གཟུང་འཛིན་གཉིས་སུ་ཡང་མི་སྣང་བར་ཐལ་ལོ་ཞེ་ན། ཤིན་ཏུ་ནས་ཀྱང་མི་ཐལ་ཏེ། གློ་བུར་བའི་རང་བཞིན་མེད་བཞིན་དུ་སྣང་བ་ཡོད་པའི་ཕྱིར་ཏེ། དཔེར་ན། མཁྲིས་ནད་ཅན་གྱི་མིག་ཤེས་ལ་གངས་རི་སེར་པོ་སྣང་བ་བཞིན་ནོ། །དེ་ཡང་ཡིད་བཞིན་མཛོད་ལས།[33] ཇི་ལྟར་དྷ་དུ་ར་ཡིས་མྱོས་པ་ལས། །སྣ་ཚོགས་སྣང་བ་མི་འདྲ་ཅི་ཤར་ཡང་། །ཐམས་ཅད་འཁྲུལ་པའི་གཟུགས་ཏེ་དོན་ལ་མེད། །ཅེས་དང་། དེའི་འགྲེལ་པ་པདྨ་དཀར་པོ་ལས།[34] འདི་ལྟར་དྷ་དུ་རའི་ཁུ་བ་འཐུངས་པ་དག་གིས་ནམ་མཁའ་དང་ས་གཞི་ཐམས་ཅད་སྐྱེས་པ་དང་བུད་མེད་ལ་སོགས་པས་གང་བར་མཐོང་ན་ཡང་མཐོང་བའི་དུས་ཉིད་ནས་དེ་དག་མེད་དོ། །འོན་ཀྱང་སྣང་བ་ནི་རྫས་དེས་སེམས་འཁྲུལ་བའི་དབང་གིས་ཕྱི་རོལ་སྣ་ཚོགས་པར་ཤར་བ་སྟེ་འཁྲུལ་སྣང་ཁོ་ནའོ། །ཞེས་དང་། དེ་དག་མེད་བཞིན་དུ་སྣང་བའི་དཔེར་ཡང་། ཡིད་བཞིན་མཛོད་ལས།[35] དེ་བཞིན་སེམས་འཁྲུལ་པ་ཡིས་སྦྱར་བ་ཡིས། །འགྲོ་དྲུག་འཁྲུལ་སྣང་མ་ལུས་ཇི་སྙེད་ཀུན། །མེད་སྣང་སྟོང་པའི་གཟུགས་བརྙན་ཤེས་པར་མཛོད། །ཅེས་དང་། དེའི་འགྲེལ་པ་པདྨ་དཀར་པོ་ལས།[36] སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་ལ་རྡུལ་གྱི་ཆ་ཕྲ་མོ་བརྒྱར་གཤགས་པ་ཙམ་དུ་ཡང་ཕྱི་སྣང་བའི་ཡུལ་གཞན་དང་། ནང་འཛིན་པའི་སེམས་རང་དང་། དེ་ལས་གཞན་པའི་ཆོས་གང་དུའང་གྲུབ་པ་མེད་དེ། གློ་བུར་བའི་རང་བཞིན་མེད་བཞིན་དུ་སྣང་བ་ཡིན་པའི་ཕྱིར་རོ། །གཅིག་ཏུ་ན་ཆང་གིས་མྱོས་པ་ན་ས་ཕྱོགས་འཁོར་བར་སྣང་ཡང་འཁོར་བ་མེད་པ་བཞིན་ཏེ། ཞེས་སོ། །དེ་བས་ན་རྣམ་རིག་སྨྲ་བའི་ལུགས་ལ་བྱིས་པ་སོ་སོ་སྐྱེ་བོའི་གཟུང་འཛིན་གཉིས་ཀྱི་སྣང་བ་ཐམས་ཅད་འཁྲུལ་སྣང་ཡིན་དགོས་པ། ཕྱི་དོན་སོགས་སུ་སྣང་བ་ཡོད་ནའང་མེད་དགོས་པ། ཕྱི་དོན་ཡོད་དགོས་ན་སྣང་ལ་སྣང་བ་ལྟར་དུ་དོན་ལ་གྲུབ་དགོས་པ་གཞན་དབང་གི་རྣམ་ཤེས་མཐར་ཐུག་པ་ལྟ་བུ་ཞིག་ཡིན་དགོས་པར་སྣང་ཡང་ཁོ་བོའི་གནད་མ་སྨིན་པའི་དཔྱད་པ་ཐར་ཐོར་ཞིག་ཡིན་པས་ཡང་དག་པའི་ལུང་རིགས་རྣོན་པོ་དག་ལ་ཁུངས་གཏུག་མཛད་དེ་རིགས་པ་སྨྲ་བ་དག་གིས་དཔྱད་པར་འཚལ་ལོ།།
གསུམ་པ་ཕྱི་དོན་ཕྱི་ནང་གང་དུ་ཡང་མ་གྲུབ་ཚུལ།
ཡང་ས་རྡོ་ལ་སོགས་པ་དག་ཏུ་སྣང་བ་རྣམས་སེམས་དང་དེ་ལས་གཞན་གང་རུང་ཞིག་ཏུ་གྲུབ་དགོས་ན་དེ་གཉིས་གང་ཡིན་ཞེ་ན། དེ་དག་སེམས་ཀྱང་མིན་ལ་སེམས་ལས་གཞན་ཡང་མིན་པར་འདོད་དགོས་པར་སྣང་སྟེ། ཅིའི་ཕྱིར་ན། དང་པོ་ལྟར་ན་གཟུང་ཆར་སྣང་བའི་མེད་སྣང་གློ་བུར་བ་ཡིན་པས་སེམས་མ་ཡིན་ལ། གཉིས་པ་ལྟར་ན་སེམས་ཀྱི་རང་སྣང་ལས་ཤར་བའམ་སེམས་ཀྱི་བདག་ཉིད་ཡིན་པས་སེམས་ལས་གཞན་ཡང་མིན་པར་སེམས་སོ། །སེམས་ཉིད་ངལ་གསོའི་ལེའུ་བཅུ་པ་ལས།[37] འདི་ལྟར་ཕྱི་རོལ་སྣང་བའི་དངོས་པོ་ཀུན། །སེམས་ལ་སྣང་ཡང་སེམས་སུ་གྲུབ་པ་མེད། །སེམས་ལས་གཞན་དུའང་གྲུབ་པ་འགའ་མེད་དེ། །བག་ཆགས་དབང་གིས་གཟུང་འཛིན་གཉིས་སྣང་ཡང་། །སྣང་དུས་ཉིད་ནས་གཟུང་འཛིན་གཉིས་མེད་པ། །བཞིན་དང་མེ་ལོང་ནང་གི་གཟུགས་བཞིན་ནོ། །ཞེས་དང་། དེའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས།[38] འདི་ལྟར་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ན། མེ་ལོང་དྭངས་པའི་ངོས་གཟུགས་བརྙན་འཆར་བའི་རྟེན་དུ་རུང་བ་དང་། བཞིན་ལ་རྣམ་པ་འཆར་བའམ་གཏོད་བྱེད་ཀྱི་ནུས་པ་ཡོད་པའིི་རྐྱེན་ལས་རང་གི་བཞིན་ཇི་ལྟ་བར་སྣང་དུས་བཞིན་གྱི་གཟུགས་བརྙན་དེ་བྱད་ཀྱང་མ་ཡིན། བྱད་ལས་གཞན་གྱི་རྣམ་པ་གཏོད་བྱེད་ཀྱང་མེད་པ་བཞིན་དུ་སྣ་ཚོགས་སུ་འཁྲུལ་ངོར་སྣང་བ་འདི་རྒྱུ་རྐྱེན་འཁྲུལ་པའི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྐྱེན་གྱིས་སྣང་དུས་སྣང་ཡུལ་རི་ལ་སོགས་པ་སྣ་ཚོགས་པ་འདི་དག་སེམས་ཀྱང་མ་ཡིན། སེམས་ཀྱི་བག་ཆགས་འཁྲུལ་པ་ལས་སྣང་བ་མ་གཏོགས་དོན་གཞན་བདེན་པར་གྲུབ་པ་ཡང་མེད་པས་འཁྲུལ་སྣང་གི་རྣམ་པ་སྟེ། རབ་རིབ་ཅན་ལ་སྐྲ་ཤད་འཛག་པ་ལྟར་སྣང་བ་དང་མཚུངས་པ་མེད་བཞིན་སྣང་བའོ། །ད་དུང་ཁ་ཅིག་ན་རེ། ས་རྡོ་ལ་སོགས་པར་སྣང་བ་འདི་དག་ཕྱི་ནང་གཉིས་གང་ཡང་མ་ཡིན་ན་ཅི་ཡིན་ཞེ་ན། གཉིས་འཛིན་ལས་གྲུབ་པས་ཁོ་ནར་ཞེན་པ་ཁྱོད་ལ་ཕག་ཡིན་ནོ་ཞེས་བརྗོད་པར་བྱའོ། །དེ་ལྟར་མོད་ཀྱི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་དུས་ནས་ཕྱི་ནང་བར་གསུམ་གང་དུའང་མ་གྲུབ་ལ་སྣང་བ་སྒྱུ་མའི་དཔེ་བརྒྱད་དང་མཚུངས་པར་བཤད་དེ། ཞེས་དང་། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས།[39] ཁོ་བོ་ཅག་ནི་སེམས་ལ་སྣང་བའི་བག་ཆགས་འཁྲུལ་པ་དྷ་དུ་ར་ལ་སོགས་པའི་སྣང་བ་ལྟར་ཕྱི་ནང་གང་ཡང་མ་ཡིན་གང་དུའང་མ་གྲུབ་ཀྱང་། མེད་བཞིན་སྣང་བ་གཞི་མེད་རྩ་བ་དང་བྲལ་བར་འདོད་པས་རང་བཞིན་མེད་པར་སྨྲ་བ་ཡིན་ནོ། །དེས་ན་སྣང་བ་དང་སྣང་ཡུལ་ཕྱེད་པ་ཤིན་ཏུ་གཅེས་སོ། །ཞེས་དང་། དབུས་མཐའ་རྣམ་འབྱེད་ཀྱི་འགྲེལ་པ་འོད་ཟེར་ཕྲེང་བ་ལས།[40] ཚོགས་དྲུག་གི་ཡུལ་དུ་གྱུར་པའི་དོན་ནི་གྲུབ་པ་མེད་དེ། ཆུ་གཅིག་ལ་ཡི་དྭགས་དང་མི་ལ་སོགས་པས་རྣག་དང་ཆུ་སོགས་སུ་མཐོང་བ་བཞིན་རང་སེམས་ཉིད་ཡུལ་དུ་སྣང་གི་འཛིན་པ་ལས་ཐ་དད་པའི་དོན་ཅུང་ཟད་ཀྱང་མ་གྲུབ་པས་ཕྱི་དོན་མ་གྲུབ་ཅེས་བྱའོ། །ཞེས་གསུངས་སོ། །འདི་པའི་ལུགས་ཀྱི་སེམས་ཀྱི་བདག་ཉིད་དམ་སེམས་ཀྱི་རང་སྣང་ཞེས་པ་དེ་ནི་སེམས་དང་ངོ་བོ་གཅིག་ཡིན་དགོས་པར་འདོད་ན་དེ་གོ་བ་རྣལ་མ་ཞིག་ག་ལ་ཡིན་ཏེ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[41] རང་གི་རྣམ་པར་ཤེས་པ་གསལ་རིག་ཙམ་འཇུག་ཤེས་སོ་སོའི་ཕྱོགས་སུ་མ་ལྷུངས་པ་ཞིག་ལ་བག་ཆགས་ཀྱི་རྟེན་དུ་གྱུར་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་གདགས་པ་སྟེ། ཞེས་དང་། དེ་ཉིད་ལས།[42]མདོར་ན་རང་འབྲས་ཕྱི་མ་སྐྱེད་ནུས་ཤིག་ཀུན་གཞི་ལ་བཞག་པ་དེ་ཉིད་མ་སྨིན་པ་ན་ས་བོན་གྱི་ཚུལ་དུ་གནས་ལ། སྨིན་པ་ན་ལུས་གནས་ལོངས་སྤྱོད་སྣ་ཚོགས་པར་སྣང་བ་སྟེ། ཞེས་དང་། དེ་ཉིད་ལས།[43] སྣང་བ་སྣ་ཚོགས་པ་སེམས་ཙམ་མོ་ཞེས་པའི་སེམས་དེ་ཡུལ་ཤེས་ལུས་ཀུན་གྱི་གཞི་ཡིན་དགོས་པས་སེམས་གསལ་རིག་ཙམ་ལས་འདའ་བ་མེད་དོ། །ཞེས་གསུངས་པའི་དོན་ལ་བསམ་གཞིག་ལེགས་པར་བྱས་ན་སེམས་ཀྱི་བདག་ཉིད་དམ་སེམས་ཀྱི་རང་སྣང་ཞེས་པ་ནི་འདི་ལྟར་སེམས་ཉིད་བག་ཆགས་གློ་བུར་བའི་སྟོབས་ལས་འཁྲུལ་བའི་གཟུང་འཛིན་གཉིས་སུ་རྣམ་པར་སྣང་བ་ལས་སེམས་ལས་གུད་ན་གཞན་དང་སེམས་ཉིད་རང་གི་ངོ་བོར་མ་གྲུབ་པ་ཞིག་ལ་འཇོག་དགོས་པ་དང་། སེམས་ཀྱི་བདག་ཉིད་ཅེས་པའི་སེམས་དེ་ཡང་གཟུང་འཛིན་འཁྲུལ་བས་སྣང་བའི་བག་ཆགས་སྣ་ཚོགས་པར་ཤར་བའི་གཞི་ཞིག་ལ་ངོས་འཛིན་དགོས་པར་འདུག་སེམས་ཀྱང་ཡིད་རྟོན་དུ་ག་ལ་རུང་སྟེ་དཔྱད་པར་བྱ་བའི་ཡུལ་ལོ།།
དེ་ལྟར་འདི་པའི་ལུགས་ཀྱི་གཟུང་འཛིན་གཉིས་སུ་སྣང་བ་ཞེས་པའི་སྐབས་ཀྱི་གཟུང་འཛིན་གཉིས་ཀྱང་གཟུང་བ་ཀ་བུམ་ལ་སོགས་པའི་སྣང་བའམ་འཛིན་པ་རང་གི་ཤེས་པ་ལྟ་བུ་མ་ཡིན་པར་གཟུང་བ་སེམས་དང་འཛིན་པ་སེམས་བྱུང་ཞིག་ལ་ངོས་འཛིན་དགོས་པར་སྣང་སྟེ། སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས།[44] འདིར་གཟུང་བ་ནི་གཟུང་ཡུལ་ལས་སྐད་ཅིག་དང་པོར་སྐྱེས་པའི་རྟོག་པ་སྟེ་སེམས་ཉིད་གཟུང་བར་སྐྱེས་པ་ཅན་ཡིན་ལ། འཛིན་པ་ནི་རྗེས་ལས་སྐྱེས་ཀྱི་དཔྱོད་པའི་སེམས་ལས་བྱུང་བ་རྣམས་ཡིན་ཏེ། སྤྱན་རས་གཟིགས་བརྟུལ་ཞུགས་ལས། དེ་ལ་གཟུང་བ་ནི་ཡུལ་དུ་འཛིན་པའི་སེམས་དང་འཛིན་པ་ནི་དེ་ལ་དཔྱོད་པའི་སེམས་ལས་བྱུང་བའོ་ཞེས། ཤེས་པར་བྱ་བ་ཡིན་ན་གྲང་ཞེས་སོ། །འདིར་མི་མཁས་ཤིང་རྨོངས་ལ་མངོན་པའི་ང་རྒྱལ་ཅན་ཕལ་ན་རེ། གཟུང་བ་ནི་རི་ལ་སོགས་པའི་སྣང་བ་ཡིན་ལ། འཛིན་པ་རང་གི་ཤེས་པའོ་ཞེས་འཛེར་ཏེ། བ་ལང་རྫི་ཁྱོད་ཀྱི་ལོག་པར་རྟོག་པ་དེས་ཆོག ཅེས་གསུངས་པས་སོ།།
བཞི་པ་ཕྱི་དོན་འགོག་པའི་རིགས་པ་འགོད་པ་ལ།
ཚད་མ་དེ་ཁོ་ན་ཉིད་དུ་ཇི་ལྟར་འགོག་ཚུལ་དང་། གཞུང་གཞན་དུ་ཇི་ལྟར་འགོག་ཚུལ་གཉིས་ལས། དང་པོ་ལ་དགུ་ལས། དང་པོ་མངོན་སུམ་དུ་དུ་མར་མ་གྲུབ་པས་ཕྱི་དོན་མ་གྲུབ་ཚུལ་ནི། ཚད་མ་དེ་ཁོ་ན་ཉིད་ལས།[45] ཕྱི་རོལ་དོན་དུ་སྣང་བ་དེའི། །བདག་ཉིད་ཇི་ལྟར་སྣང་བ་ཡིན། །ཞེས་སོ། །སྦྱོར་ངག་ནི། ཕྱི་རོལ་དོན་དུ་གྲུབ་པ་རྣམས་ཆོས་ཅན། དུ་མའི་ངོ་བོར་མངོན་སུམ་དུ་མ་གྲུབ་སྟེ། མངོན་སུམ་ལ་དུ་མའི་རྣམ་པ་མི་ལྟོས་པའི་ཕྱིར། དཔེར་ན་ནམ་མཁའི་པདྨོ་བཞིན་ནོ།།
གཉིས་པ་དུ་མ་བརྩམས་པའི་རགས་པའི་ངོ་བོར་མ་གྲུབ་ཚུལ་ནི། དེ་ཉིད་ལས།[46] ཚད་མས་གྲུབ་པར་མ་གྱུར་ཀྱང་། །རྡུལ་ཕྲན་རྣམས་ལ་ཐེ་ཚོམ་ཟ། །འདི་དག་ལ་ནི་མེད་པ་ཡི། །རྟོག་ལྡན་ངེས་པ་ཇི་ལྟར་སྐྱེ། །ཞེས་སོ། །སྦྱོར་ངག་ནི། ཕྱི་རོལ་དོན་དུ་གྲུབ་པ་རྣམས་ཆོས་ཅན། དུ་མས་བརྩམས་པའི་རགས་པའི་ངོ་བོར་མ་གྲུབ་སྟེ། རྩོམ་གཞི་ཆ་མེད་མ་གྲུབ་པའི་ཕྱིར་རོ། །དཔེར་ན་ནམ་མཁའི་པདྨོ་བཞིན་ནོ།།
གསུམ་པ་མ་བརྩམས་པའི་རགས་པའི་ངོ་བོར་མ་གྲུབ་ཚུལ་ནི། དེ་ཉིད་ལས།[47]རྡུལ་ཕྲན་མི་རིགས་པ་ཡི་ཕྱིར། །ཡན་ལག་ཅན་ཡང་ཡོད་པ་མིན། །གང་ཕྱིར་དེ་ནི་རྡུལ་ཕྲན་གྱིས། །རྩོམ་པར་གཞན་དག་གིས་ཁས་བླངས། །ཞེས་སོ། །སྦྱོར་ངག་ནི། ཕྱི་རོལ་དོན་དུ་གྲུབ་པ་རྣམས་ཆོས་ཅན། དུ་མ་མ་བརྩམས་པའི་རགས་པའི་ངོ་བོར་མ་གྲུབ་སྟེ། ཕྱོགས་ཀྱི་ཆ་ཐ་དད་པའི་ཕྱིར། དཔེར་ན་རྡུལ་ཕྲ་རབ་བཞིན་ནོ།།
བཞི་པ་གཟུང་འཛིན་འགལ་བར་སྟོན་པ་ནི། དེ་ཉིད་ལས།[48] སྣང་བ་མེད་དང་སྣང་དང་བཅས། །གཞན་གྱིས་སྣང་བ་ཁོ་ན་ཡི། །རྣམ་པར་ཤེས་པས་ཕྱི་རོལ་དོན། །རྣམ་པ་གང་གིས་ཀྱང་མི་ཤེས། །ཞེས་སོ། །སྦྱོར་ངག་ནི། ཕྱི་དོན་འཛིན་པའི་ཤེས་པ་ཆོས་ཅན། གཟུང་འཛིན་དང་བཅས་པ་མ་ཡིན་ཏེ། གཟུང་བ་དང་འཛིན་པའི་མཚན་ཉིད་འགལ་བའི་ཕྱིར་རོ།།
ལྔ་པ་མྱོང་བ་གསལ་རིག་གི་རྟགས་ཀྱིས་སྒྲུབ་པ་ནི། དེ་ཉིད་ལས།[49] ཤེས་པ་རྣམ་བཅས་ཕྱོགས་ལ་ནི། །དངོས་སུ་དེ་ཉིད་ཐ་དད་ཀྱང་། །དེ་དང་གཟུགས་བརྙན་འདྲ་བས་ན། །གདགས་པ་ཙམ་གྱིས་ཚོར་བར་རུང་། །ཞེས་སོ། །སྦྱོར་ངག་ནི། གཟུང་ཆར་སྣང་བ་ཆོས་ཅན། བདག་ཉིད་རིག་པ་ལས་གཞན་གྱིས་བྱེད་པ་ལ་ལྟོས་པ་མ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར། དཔེར་ན་མཐའི་ཤེས་པ་བཞིན་ནོ།།
དྲུག་པ་ལྷན་ཅིག་དམིགས་ངེས་རྟགས་ཀྱིས་སྒྲུབ་པ་ནི། དེ་ཉིད་ལས།[50] གང་ཞིག་རིག་པ་ཉིད་འགྱུར་ན། །གང་ཞིག་རིག་པར་ངེས་པ་ཡིན། །དེ་ལས་དེ་ནི་ཐ་དད་མིན། །དེ་ལས་དེ་ཡང་དབྱེར་མེད་འགྱུར། །ཞེས་སོ། །སྦྱོར་ངག་ནི། ཡུལ་སྔོན་པོ་དང་སྔོ་འཛིན་བློ་གཉིས་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། དཔེར་ན་ཟླ་བ་གཉིས་སྣང་བཞིན་ནོ།།
བདུན་པ་སྐྱེས་ལ་འདྲ་བ་འགོག་པའི་རིགས་པས་སྒྲུབ་པ་ནི། དེ་ཉིད་ལས།[51] འདྲ་བ་དང་བཅས་རྣམ་ཤེས་ནི། །ཕྱི་རོལ་དོན་རིགས་འགྱུར་ཟད་མོད། །དེ་ཡང་ཐམས་ཅད་དུ་མེད་ཕྱིར། །དོན་རིགས་གནས་པ་རིགས་པ་མིན། །ཞེས་སོ། །སྦྱོར་ངག་ནི། ཁྲ་བོ་འཛིན་པའི་མིག་ཤེས་ཆོས་ཅན། ཁྱོད་ཀྱང་དུ་མ་ཡིན་པར་ཐལ། ཁྱོད་ཡུལ་ཁྲ་བོ་ལས་སྐྱེ་ཞིང་ཁྲ་བོའི་རྣམ་པ་ཅན་ཡིན་པའི་ཕྱིར། དཔེར་ན་ཡུལ་ཁྲ་བོ་བཞིན་ནོ།།
བརྒྱད་པ་ཕྱི་དོན་མངོན་སུམ་གྱིས་རིག་པར་མི་འཐད་ཚུལ་ནི། དེ་ཉིད་ལས།[52] དཀར་སོགས་ངོ་བོ་བློ་མིན་ན། །དེ་ནི་རེ་ཞིག་ཇི་ལྟར་འགྱུར། །བློ་ནི་དཀར་སོགས་དངོས་ཉིད་ན། །ཕྱི་དོན་ཚད་མ་གང་གིས་གྲུབ། །ཅེས་སོ། །སྦྱོར་ངག་ནི། ཕྱི་རོལ་དོན་དུ་གྲུབ་པ་དག་ཆོས་ཅན། མངོན་གསུམ་གྱིས་རིག་པ་མ་ཡིན་ཏེ། རྣམ་པ་མེད་པ་ནི་ཕྱི་དོན་རིག་པར་མི་འཐད་ལ་རྣམ་པ་དང་བཅས་ཀྱང་རྣམ་པས་བར་དུ་ཆོད་པའི་ཕྱིར་རོ།།
དགུ་པ་རྗེས་དཔག་གིས་རིག་པར་མི་འཐད་ཚུལ་ནི། དེ་ཉིད་ལས།[53]མེ་སོགས་གསལ་བའི་གཟུགས་དང་ནི། །འདི་ནི་མཚུངས་པ་མ་ཡིན་ནོ། །གལ་ཏེ་ཡུལ་གྱི་རྣམ་བཅད་སྣང་། །ནང་གི་ཉམས་མྱོང་ལས་ཐ་དད། །ཅེས་སོ། །སྦྱོར་ངག་ནི། རྗེས་སུ་དཔག་པའི་ཤེས་པ་ཆོས་ཅན། ཕྱི་དོན་འཛིན་པའི་ཡུལ་ཅན་མ་ཡིན་ཏེ། ཕྱི་དོན་རྣམ་པས་སྟོང་པའི་ཕྱིར། དཔེར་ན་གཟུགས་འཛིན་གྱི་ཤེས་པ་ལ་སྒྲའི་རྣམ་པས་སྟོང་པས་སྒྲའི་ཡུལ་ཅན་མ་ཡིན་པ་བཞིན་ནོ། །ཞེས་པ་ལ་སོགས་པ་རིགས་པའི་ལམ་ནས་ཕྱི་དོན་མེད་པར་གྲུབ་བོ།།
གཉིས་པ་གཞུང་གཞན་དུ་ཇི་ལྟར་འགོག་ཚུལ་ལ། ཕྱོགས་སྔ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། དེའང་དོན་སྨྲ་བས། ངེས་པར་བློ་དང་ལྷན་ཅིག་ཏུ་མྱོང་བའི་ཡུལ་ཆོས་ཅན། ཡུལ་ཅན་གྱི་བློ་དེ་ལས་ཕྱི་རོལ་གྱི་དོན་དུ་ཡོད་དེ། མངོན་སུམ་གྱི་སྣང་བ་དེ་ཕྱི་རོལ་གྱི་དོན་ལས་སྐྱེས་ཤིང་དེ་དང་འདྲ་བའི་ཕྱིར་ཞེས་འདོད་དོ།།
གཉིས་པ་དེ་དགག་པ་ལ་གསུམ་ལས། དང་པོ་སྐྱེས་ལ་འདྲ་བ་འགོག་པའི་རིགས་པ་ནི། སྔོ་འཛིན་སྐད་ཅིག་གཉིས་པ་ཆོས་ཅན། ཁྱོད་ཀྱི་མཚུངས་པ་དེ་མ་ཐག་རྐྱེན་ཕྱི་དོན་ཉིད་དུ་ཐལ། དེ་ལས་སྐྱེས་ཤིང་དེ་དང་འདྲ་བ་ཡིན་པའི་ཕྱིར། ཞེས་སྒྲུབ་བྱེད་མ་ངེས་པར་བསྟན་ཏེ། ཚད་མ་རྣམ་འགྲེལ་མངོན་སུམ་ལེའུ་ལས།[54] དེ་འདྲ་བ་དང་དེ་ལས་བྱུང་། །གལ་ཏེ་མྱོང་བའི་མཚན་ཉིད་ཡིན། །དོན་མཚུངས་ཅན་གྱི་རྣམ་པར་ཤེས། །མཚུངས་པ་དེ་མ་ཐག་མྱོང་འགྱུར། །ཞེས་སོ།།
གཉིས་པ་སྣང་ཡུལ་མེད་པར་སྒྲུབ་པའི་རིགས་པ་ནི། རྡུལ་ཕྲ་རབ་ཆོས་ཅན། ཆ་བཅས་སུ་ཐལ་ཏེ། ཕྲ་རྡུལ་དྲུག་གིས་ཅིག་ཆར་སྦྱར་ནས་སྐོར་བའི་ཚེ་ཆ་སོ་སོ་ནས་ཡོད་པའི་ཕྱིར། ཞེས་སྣང་ཡུལ་མེད་པར་བསྒྲུབས་པས་ཕྱི་དོན་ཡང་མེད་པར་གྲུབ་སྟེ། ཉི་ཤུ་པ་ལས། དྲུག་གིས་ཅིག་ཆར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ནི་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ།།
གསུམ་པ་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ནི། ཅིག་ཆར་མྱོང་བར་ངེས་པའི་ཡུལ་སྔོན་པོ་དང་སྔོ་འཛིན་གྱི་བློ་དེ་གཉིས་ཆོས་ཅན། རྫས་གཞན་མ་ཡིན་ཏེ། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། དཔེར་ན་ཟླ་བ་གཉིས་སྣང་བཞིན་ནོ། །དེ་ཡང་རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང་། ཚད་མ་རྣམ་འགྲེལ་མངོན་སུམ་ལེའུ་ལས།[55] ངེས་པར་བློ་དང་ལྷན་ཅིག་ཏུ། །ཅིག་ཅར་དུ་ནི་མྱོང་འགྱུར་བའི། །ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ན་འགྲུབ་པར་འགྱུར། །རྣམ་ཤེས་འཁྲུལ་པས་ཟླ་བ་གཉིས། །མེད་པར་ཐ་དད་མཐོང་བ་བཞིན། །ཞེས་གསུངས་པས་སོ། །དེ་ལྟར་རྣམ་རིག་པའི་གཞུང་དག་ཏུ་ཕྱི་དོན་མ་གྲུབ་པར་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས་སྣ་ཚོགས་པར་གསུངས་ནའང་མདོར་ན་ཐ་སྙད་གནས་ཚུལ་ལ་ལྷན་ཅིག་དམིགས་ངེས་སོགས་ཀྱིས་ལྷན་ཅིག་པའི་གཟུང་འཛིན་རྫས་གཅིག་ཏུ་སྒྲུབ་པའི་རིགས་པ་ཡོད་དོ་ཅོག་གི་ཕུགས་གཏུགས་ནས་ཐག་གཅོད་ས་ནི། ཤེས་པ་ལ་དངོས་སུ་སྣང་བ་ཡིན་ཕན་ཆད་ཤེས་པ་ཡིན་དགོས་པ་འདི་ཡིན་ཏེ། མ་ཤེས་ན་རང་གིས་མྱོང་བར་ཡང་མི་རུང་བས་སོ། །དེ་ཡང་ཁྱབ་སྟེ། དབུ་མ་རྒྱན་ལས།[56]རྒྱུ་དང་འབྲས་བུར་གྱུར་པ་ཡང་། །ཤེས་པ་འབའ་ཞིག་ཁོ་ན་སྟེ། །རང་གིས་གྲུབ་པ་གང་ཡིན་པ། །དེ་ནི་ཤེས་པར་གནས་པ་ཡིན། །ཞེས་གསུངས་པས་ཐེ་ཚོམ་གྱི་དྲ་བ་ཐམས་ཅད་གདོོན་མི་ཟ་བར་རྩ་བ་ནས་ཆོད་པར་འགྱུར་རོ།།
སླར་སྨོན་པ།
སྐྱེས་སྦྱངས་ཤེས་རབ་གསུམ་བྲལ་ས་གཞི་རུ།།
འཆད་རྩོད་རྩོམ་པའི་མྱུ་གུ་མི་འཁྲུངས་ཀྱང་།།
མཁས་པའི་གཞུང་བཟང་འབྲས་བུའི་ལུང་རིགས་འགར།།
བརྟེན་ནས་བརྩོན་པའི་ཁུལ་གྱིས་འདི་བྱས་སོ།།
མ་ཤེས་ལོག་རྟོག་མ་འབྲེལ་ཆད་ལྷག་དང་།།
དགོས་མེད་བཤད་དང་ཟློས་སོགས་ཉེས་པའི་སྐྱོན།།
གང་མཆིས་དཀོན་མཆོག་རྩ་གསུམ་ཆོས་སྐྱོང་དང་།།
ཁྱད་པར་བླ་མ་ལ་འཆགས་བདག་ཚངས་སྩོལ།།
འདིར་འབད་དུས་གསུམ་བསོད་ནམས་ཅི་མཆིས་ཀྱང་།།
བསྟན་འཛིན་ཞབས་བརྟན་དགེ་འདུན་རིན་ཆེན་དང་།།
བཤད་སྒྲུབ་བསྟན་པ་མི་ཉམས་དར་ཞིང་རྒྱས།།
རྫོགས་ལྡན་གསར་དུ་ངོམ་པའི་དཔལ་རྙེད་ཤོག།
སརྦ་མངྒ་ལཾ། དགེའོ།།
[1] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༠ པར་གསལ།
[2] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤ པར་གསལ།
[3] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤ པར་གསལ།
[4] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༡ པར་གསལ།
[5] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༦༢ ཤོག་གྲངས། ༣༨༩ པར་གསལ།
[6] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༦༢ ཤོག་གྲངས། ༣༩༠ པར་གསལ།
[7] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༦༢ ཤོག་གྲངས། ༤༠༧ པར་གསལ།
[8] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༦༢ ཤོག་གྲངས། ༤༡༢ པར་གསལ།
[9] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༧༤ ཤོག་གྲངས། ༥༤༨ པར་གསལ།
[10] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༧༤ ཤོག་གྲངས། ༥༤༨ པར་གསལ།
[11] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༧༧ ཤོག་གྲངས། ༤༣༧ པར་གསལ།
[12] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༡༣ ཤོག་གྲངས། ༧༥ པར་གསལ།
[13] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༡༤ ཤོག་གྲངས། ༧༢ པར་གསལ།
[14] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༥༣ པར་གསལ།
[15] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༥༣ པར་གསལ།
[16] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༦༠ པར་གསལ།
[17] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༣ པར་གསལ།
[18] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༦༠ པར་གསལ།
[19] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༦༢ ཤོག་གྲངས། ༤༠༦ པར་གསལ།
[20] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༡༣ ཤོག་གྲངས། ༧༩ པར་གསལ།
[21] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༣༩༦ པར་གསལ།
[22] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༣༩༧ པར་གསལ།
[23] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༥༢ པར་གསལ།
[24] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༦༢ ཤོག་གྲངས། ༤༠༤ པར་གསལ།
[25] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༦༢ ཤོག་གྲངས། ༤༠༩ པར་གསལ།
[26] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༧༧ ཤོག་གྲངས། ༤༣༨ པར་གསལ།
[27] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༦ པར་གསལ།
[28] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༦ པར་གསལ།
[29] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༣༩ པར་གསལ།
[30] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༤༩ པར་གསལ།
[31] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༥༤ པར་གསལ།
[32] ཡེ་ཤེས་སྡེའི་པར་མ། བསྟན་འགྱུར། སྤྱིའི་དེབ་གྲངས། ༡༦༢ ཤོག་གྲངས། ༣༨༥ པར་གསལ།
[33] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༡༣ ཤོག་གྲངས། ༢ པར་གསལ།
[34] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༡༣ ཤོག་གྲངས། ༨༢ པར་གསལ།
[35] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༡༣ ཤོག་གྲངས། ༢ པར་གསལ།
[36] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༡༣ ཤོག་གྲངས། ༨༢ པར་གསལ།
[37] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༢༠ ཤོག་གྲངས། ༦༣ པར་གསལ།
[38] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༢༡ ཤོག་གྲངས། ༢༦༨ པར་གསལ།
[39] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༡༣ ཤོག་གྲངས། ༧༩ པར་གསལ།
[40] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༦ པར་གསལ།
[41] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༦༨ པར་གསལ།
[42] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༦༨ པར་གསལ།
[43] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༦༩ པར་གསལ།
[44] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༢༡ ཤོག་གྲངས། ༢༦༩ པར་གསལ།
[45] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༦༦ པར་གསལ།
[46] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༦༨ པར་གསལ།
[47] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༦༨ པར་གསལ།
[48] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༦༨ པར་གསལ།
[49] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༦༩ པར་གསལ།
[50] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༧༡ པར་གསལ།
[51] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༧༢ པར་གསལ།
[52] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༧༣ པར་གསལ།
[53] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༧༣ པར་གསལ།
[54] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༨༤ པར་གསལ།
[55] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༢༤ པར་གསལ།
[56] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༩༩ པར་གསལ།