སྒྲུང་ཐུང་ཁག་གཉིས།

སློབ་དཔོན་འགྱུར་མེད།


བྱེད་འབྲེལ་ལས་ཚིག་དང་། བྱེད་མེད་ལས་ཚིག


རྒད་པོ་འཛིན་ཁང་གི་སྒོ་འགྲམ་ན་མགོ་བོ་གུག་གུག་གིས་གཉིད་གྲབས་ཡོད་དུས། དགེ་རྒན་མིག་ཤེལ་ཅན་དེས། “ཝེ་རྒད་པོ། ཡར་ལོངས་ལ་རླུང་འཁོར་སྐོར།” ཅེས་བཀའ་བཏང་། རྒད་པོས་ཅུང་མཚེར་སྣང་དང་བཅས་ཡར་ལངས་ཏེ་རླུང་འཁོར་གྱི་གློག་སྒོ་ཕྱེ་བ་དང་། རླུང་འཁོར་ཤུར་སྒྲ་དང་བཅས་ཏེ་འཁོར། དེ་དུས་དགེ་རྒན་གྱིས་སློབ་མ་ཡོངས་ལ་གཟབ་ནན་ངང་ནས།
“ཡ་གིར་འཁོར་བཞིན་པའི་རླུང་འཁོར་སྟེང་དུ་བྱ་བ་ཡོད་དམ་མེད།”
སློབ་མ་ཚོས། “ཡོད།”
“བྱ་བ་དེ་བྱ་ཚིག་གང་གིས་མཚོན་ནུས་སམ།” “འཁོར།”
“འཁོར་ཞེས་པའི་བྱ་ཚིག་དེ་བྱེད་འབྲེལ་ལས་ཚིག་ཡིན་ནམ།” “མིན།”
“འཁོར་བའི་བྱ་བ་འབྱུང་གཞིའི་བྱེད་འབྲེལ་ལས་ཚིག་ཡོད་དམ།” “ཡོད།”
“གང་རེད།” “སྐོར།”
“སྐོར་ཞེས་པའི་བྱ་ཚིག་དེ་བྱེད་མེད་ལས་ཚིག་ཡིན་ནམ།”
“མིན།” “བྱེད་འབྲེལ་ལས་ཚིག་ཡིན།”
སློབ་མ་ཚོས་ལན་ཁ་གསལ་པོར་བཏབ་པས་དགེ་རྒན་གྱི་ངོར་འཛུམ་ཆུང་མངོན་སྟངས་ལ་བལྟས་ན། སློབ་མ་ཚོས་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་ཁྱད་པར་ཅུང་ཟད་ཤེས་འདུག་སྙམ་པ་འདྲ། དེར་ཡོད་སློབ་མ་རྣམས་ཀྱིས་ཤེས་སོང་བའི་བརྡ་རུ་གྲུང་སིང་སིང་དུ་བསྡད་ཡོད་པའི་ནང་ནས་རྒད་པོ་ནི་དེ་འདྲ་མིན་ཏེ། དགེ་རྒན་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་ཏེ་ག་འདྲའི་སྒོ་ནས་བསླབས་ནའང་གོ་བརྡ་གསལ་པོ་ཞིག་འཕྲོད་པའི་སྐབས་ཧ་ཅང་ཉུང་། དེ་བས་དགེ་རྒན་གྱིས་སློབ་ཁྲིད་ཉམས་མཚར་པོ་དང་གོ་བདེ་པོ་ཅི་འདྲ་ཁྲིད་ཀྱང་རྒད་པོའི་ངོ་གདོང་ལ་རྣམ་འགྱུར་དམིགས་བསལ་བ་གང་ཡང་མེད། དེ་རིང་ཡང་དགེ་རྒན་གྱིས་ཆུ་ཚོད་གཅིག་ལྷག་གི་རིང་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གི་སྐོར་ལ་ངག་ཐོག་དང་དཀར་པང་། ད་དུང་དཔེ་མཚོན་འདྲ་མིན་གྱི་སྟེང་ནས་གང་ཐུབ་གསལ་ཁ་བཏོད་ནའང་། རྒད་པོའི་བསམ་བློའི་ནང་འདི་རེད་སྙམ་པའི་གཞི་འཛིན་ས་ཞིག་མ་རྙེད།
ཉིན་གུང་ཆུ་ཚོད་བཅུ་གཅིག་ཡོལ་བ་དང་རྒད་པོས་མཁན་པོ་དོན་གྲུབ་ཀྱི་བཞེས་ལག་ལེན་ཆེད་མཁན་སློབ་གསོལ་ཐབ་ཁང་ལ་བརྒྱུགས། ཉིན་གུང་ཉི་མའི་ཚ་ཟེར་ཐད་ཀར་རྒད་པོའི་སྤྱི་བོར་ཕོག་པས་སྲིན་ཚང་དང་ཐོད་པ་ནས་རྔུལ་ནག་ཟིལ་པ་ལྟར་འགྲིལ་ཡོང་ནའང་། ཁོས་ངོ་གདོང་རད་པ་དེ་གཟན་གྱིས་འབྱིད་ཙམ་བྱས་ཤིང་གོམ་སྟབས་མུ་མཐུད་དེ་བསྒྱུར་པ་ལས་རྣམ་འགྱུར་གཞན་གང་ཡང་མི་སྟོན།
མཁན་སློབ་གསོལ་ཐབ་ཁང་ནས་དགེ་རྒན་མང་ཤོས་ཞལ་ལག་མཆོད་བཞིན་པ་ཡིན་པས། རྒད་པོའི་སྣང་བར་མཁན་སློབ་གསོལ་ཐབ་ཁང་ནང་འཛུལ་བ་ནི་ཕྱི་ལོགས་ནས་ཉི་མའི་འོག་ཏུ་རྒྱུ་བ་ལས་ཚ་ངད་ཆེ་བར་སྣང་། ཁོས་ཕོར་པ་འཁྲུད་ས་ནས་ཟ་མ་བླུག་སྣོད་རེ་རེ་ནས་གཙང་བཤལ་བྱེད་བཞིན་པའི་ཚེ། འགྲམ་གྱི་དགེ་རྒན་རྡོ་རྗེའི་ལག་པ་འདག་ཆལ་ལ་འདྲེད་དེ་དཀར་ཡོལ་ཕོར་པ་ཞིག་སིལ་སྒྲ་དང་བཅས་ཏེ་འཁྲུད་གཞོང་ནང་དུ་ཐོར། དགེ་རྒན་རྡོ་རྗེའི་ངོ་གདོང་ཅུང་དམར་པོར་གྱུར་པ་དང་། “ཨ་ཡོ། འདག་ཆལ་འདི་ཡིན་ན། ཡང་དཀར་ཡོལ་ཞིག་‘ཆག་’སོང་།” ཟེར་གྱིན་དུམ་བུ་རྣམས་བསྡུས་ཏེ་ཕྱི་ལོགས་གད་སྣོད་ནང་བླུག་ཏུ་ཕྱིན།
རྒད་པོས་འབྲས་བླངས་ཟིན་ཏེ་ཚོད་མ་གཟར་བུ་རེ་རེ་ནས་ཟ་མ་བླུག་སྣོད་ནང་འཆུ་བཞིན་པའི་སྐབས་ཁོའི་མདུན་ནས་གྲང་ཚལ་ལེན་བཞིན་པའི་དགེ་རྒན་དེས་སྐད་ཅུང་ཆུང་ངུས། “དེ་རིང་ཡང་རྡོ་རྗེས་ཕོར་པ་ཞིག་‘བཅག་’སོང་། ད་བར་ཁོས་ཉུང་མཐའ་ལའང་ཕོར་པ་ལྔ་དྲུག་ཙམ་‘བཅག་’ཡོད་རྒྱུ་རེད།” ལབ་པ་ན། སུར་པན་ལེན་བཞིན་པའི་རྒན་ལགས་དེས། “ཕལ་ཆེར་ཡིན་ས་ཡོད། ཧ་ཧ།” ལབ་པ་ཐོས་པ་ན་རྒད་པོའི་བསམ་བློའི་ནང་ཚིག་གཉིས་ཡང་ནས་བསྐྱར་དུ་སྐོར་བ་བརྒྱབ། དེ་ནི་“བཅག་”དང་“ཆག་”རེད། རྒད་པོས་“བཅག་”དང་“ཆག་”ལ་བསམ་བློ་གཏོང་གིན་གཏོང་གིན་ལམ་ནས་ལོག་དུས། འཛིན་ཁང་ནང་གི་དགེ་རྒན་གྱིས་དཔེ་སྟོན་གནང་བའི་“སྐོར་”དང་“འཁོར་”གཉིས་ལ་གཞི་ནས་གོ་བ་ཕོག་པའི་སྣང་བ་ཤར།
ཉིན་གུང་ཉི་མའི་ཚ་ཟེར་རྒད་པོའི་སྤྱི་གཙུག་ཏུ་ཐད་ཀར་ཕོག་སྟེ་སྲིན་ཚང་དང་ཡ་ཐོད་ནས་རྔུལ་ནག་ཟིལ་པ་ལྟར་འགྲིལ་ཡོང་ནའང་ཁོས་ཉི་མའི་ཚ་ངད་ལ་སྣང་དོགས་ཙམ་ཡང་མི་བྱེད། ཁོའི་ངོ་གདོང་རད་པ་དེར་འཛུམ་ཆུང་ཞིག་མངོན་ཏེ་ལམ་ལ་ཤར་རེར་སྐྱོད་སྟངས་ལ་བལྟས་ན་དོན་དག་ཅི་ཞིག་གི་གསང་བ་རྟོགས་སོང་བ་འདྲ། འོ་ན་རྒད་པོས་“བྱེད་འབྲེལ་ལས་ཚིག་”དང་“བྱེད་མེད་ལས་ཚིག་”གི་གསང་བ་རྟོགས་སོང་བ་ཡིན་ནམ།

ནམ་འགྲོ་རྒྱུ་ཡིན་ནམ།


ཐོ་ཐོས་སྡེ་ཚན་གསུམ་པ་ཡིན་པའི་ལོ་རིམ་དགུ་པའི་ཨང་ཐོབ་ཤོག་ལྷེ་དེ་བླངས་ནས་ཟླ་བ་གཅིག་གི་རྗེས་སུ། ད་ནི་འཛིན་གྲྭ་ཚར་སོང་སྙམ་པའི་སྣང་བ་མཐོན་པོ་ཞིག་དང་འགྲོགས་ཏེ་ཕ་ཡུལ་ལ་ཤར་རེར་བསྐྱོད། འགྲོ་ལམ་ནས་ཁོའི་གྲོགས་པོ་སློབ་དཔོན་རྡོ་ལེབ་ཀྱིས་བཤད་པའི་སྐད་ཆ་དེ་ཡང་ནས་བསྐྱར་དུ་བཟླས། “སོ་སོའི་སྒང་ལ་མགོ མགོའི་སྒང་ལ་སྐྲ། སྐྲའི་སྒང་ལ་གནམ། ཧ་ཧ། ད་ནི་གནམ་སྔོན་པོ་མ་གཏོགས་སོ་སོའི་སྒང་ལ་སུ་གཅིག་ཡོད་མ་རེད།”
སྐད་ཆ་འདི་ནི་རྡོ་ལེབ་ཀྱིས་ལོ་རིམ་དགུ་པའི་ཨང་ཐོབ་ཤོག་ལྷེ་བླངས་ནས་ས་ལ་བསྡད་མ་ཐག་འགྲམ་གྱི་གྲོགས་པོ་ཐོ་ཐོར་བཤད་པ་ཡིན་ཞིང་། དེ་ནི་ལོ་གཅིག་སྔོན་གྱི་སྐད་ཆ་རེད། གྲོགས་པོ་རྡོ་ལེབ་ཀྱིས་ཁོ་ལ་སྐད་ཆ་དེ་བཤད་པའི་ཉིན་བཅུའི་རྗེས་སུ་ཨ་ཞང་གི་རྒྱབ་སྐྱོར་ལ་བརྟེན་ནས་ཨ་རི་ལ་ཤར་རེར་བསྐྱོད་ཀྱང་། ཐོ་ཐོ་ལ་ཆ་བཞག་ན་ད་ལོ་འཛིན་གྲྭ་ཐོན་ནས་ཟླ་བ་གཅིག་ཟིན་ནའང་སྒེར་གྱི་འཇོན་ཐང་འོག་ནས་འགྲོ་ས་དམིགས་བསལ་ཞིག་ད་དུང་མ་རྙེད། དེ་བས་ཁོས་དགོན་པའི་གྲོགས་པོ་རྣམས་ལ་ཡིན་མདོག་ཁ་པོས་གྱེས་ཕྱག་ཕུལ་ནས་ཕ་ཡུལ་ལ་བསྐྱོད་དགོས་བྱུང་ཞིང་། རྡོ་ལེབ་ཀྱིས་བཤད་པའི་སྐད་ཆ་རྫིག་པོ་དེའང་ཕ་ཡུལ་ལ་འགྲོ་བའི་ལམ་བར་ནས་བཟླས་པ་རེད།
“ཐོ་ཐོ། ད་ཉལ་ནས་མ་སྡོད། ཡར་ལོངས། དུས་ཚོད་འདི་ལ་སྒོ་རྩའི་བོང་བུ་ཡིན་ནའང་རི་མགོ་ལ་རྩྭ་ཟ་རུ་ཐོན་འདུག”སྐད་ཆ་འདི་ནི་ཨ་མ་ཚེ་རིང་གིས་ནང་དུ་ཁ་སྦུབ་ལ་ཉལ་བསྡད་པའི་ཐོ་ཐོའི་སྒོ་རྡུང་གིན་བཤད། དེ་ནི་ཐོ་ཐོ་ཕ་ཡུལ་ལ་འབྱོར་ནས་ཉིན་བཅོ་ལྔ་ཙམ་གྱི་རྗེས་སུ་རེད། དང་ཐོག་ཕ་ཡུལ་གྱི་ཁྱིམ་མི་ཚོས་ཐོ་ཐོ་གདན་ས་ཆེན་པོ་ཞིག་ནས་འཛིན་གྲྭ་ཐོན་ཏེ་སླེབས་པར་དགའ་བསུ་ཆེན་པོས་བསུས་ཤིང་ཁྱིམ་གྱི་གྲལ་མགོ་རུ་བཞག་ནའང་། ཐོ་ཐོས་རང་ཉིད་གདན་སའི་སློབ་དཔོན་ཞིག་ལོས་ཡིན་སྙམ་པའི་ང་རྒྱལ་བཟུང་སྟེ་རྐང་བརྐྱངས་ལག་བརྐྱངས་ངང་སྡོད་པ་ལས་ཁྱིམ་མི་ཚོར་ལག་རོགས་ཅུང་ཙམ་ཡང་མ་བྱས། ཐ་ན་ཁྱིམ་མཚེས་དང་ཡུལ་མི་རེ་འགས་ཞབས་བརྟན་རིམ་གྲོ་ལ་གདན་ཞུ་བྱས་ཀྱང་། ཁོས་“ཞབས་བརྟན་ནི་གྲོང་པའི་སྔགས་པ་ཚོའི་ལས་ཀ་ཡིན་པ་ལས། ང་ཚོ་བཤད་གྲྭ་ཚར་སོང་མཁན་ཚོའི་ལས་ཀ་ག་ལ་ཡིན། ཅི་ཡང་མི་ཤེས་མཁན་ཁྱེད་ཚོས་ངའི་མདུན་ནས་ལྐུག་རྟགས་མ་སྟོན་རོགས།” ལབ་སྟེ་ཕར་འདེད་གང་ཐུབ་བྱས་པས་ཡུལ་མི་ཁྱིམ་མཚེས་ཚོ་ལའང་ཕན་གང་ཡང་མ་ཐོགས།
ཉིན་ཉི་ཤུའི་ཞོགས་པར་ཐོ་ཐོའི་ཨ་ཕས་གན་རྐྱལ་ལ་ཉལ་བསྡད་པའི་ཁོའི་སྒོ་ཤུགས་ཀྱིས་བརྡུངས་ཏེ་ནང་ལ་འཛུལ་བ་དང་། རྣམ་འགྱུར་ནག་རོག་གེ་བ་ཞིག་བསྟན་ནས། “ད་ཁྱོད་དགོན་པ་ལ་ནམ་འགྲོ་རྒྱུ་ཡིན་ནམ།” ཞེས་ཅུང་སྐད་མགོ་མཐོན་པོས་བཤད། ཁོ་ལ་ལན་འདི་རེད་བསམ་པ་ཞིག་བརྒྱག་རྒྱུ་མ་རྙེད་པས་མིག་འཕུར་གྱིན། “མགྱོགས་པོ་འགྲོ་རྒྱུ་ཡིན།” ཞེས་ཨ་ཕའི་རྣམ་འགྱུར་ལ་བལྟས་ཏེ་ཅུང་རྟབ་རྟབ་པོའི་ངང་ཁ་ནས་ཤོར།
ཉིན་གཉིས་ཀྱི་རྗེས་སུ་ཐོ་ཐོ་ཕ་ཡུལ་ནས་མཐོང་རྒྱུ་མེད་པར་གྱུར། མ་གཞི་ཐོ་ཐོ་ཡང་ཕ་ཡུལ་དུ་སྡོད་འདོད་ཡོད་མཁན་ཞིག་ག་ལ་ཡིན་ཏེ། གཡས་ལ་བུད་ན་བྲག་རི། མདུན་ལ་བལྟས་ན་གཙང་ཆུ། རྒྱབ་ལ་ཕྱིན་ན་མི་མེད་ལུང་སྟོང་ཡིན་པའི་ས་ཁུག་འདི་འདྲ་ནི་རི་དྭགས་འཕར་སྤྱང་འཁྱམ་ས་ཡིན་པ་ལས་མི་དཀྱུས་མ་ཚོ་སྡོད་ས་ཞིག་ག་ནས་ཡིན་སྙམ། དེ་བས་ཁོས་ཡང་བསྐྱར་གྲོགས་པོ་རྡོ་ལེབ་ཀྱི་སྐད་ཆར་ཆིག་ལབ་རྒྱག་གིན་ས་སྲོད་དེར་ཁུ་སིམ་སིམ་ངང་ཕ་ཡུལ་ལ་གྱེས་ཕྱག་ཕུལ། “སོ་སོའི་སྒང་ལ་མགོ མགོའི་སྒང་ལ་སྐྲ། སྐྲའི་སྒང་ལ་གནམ། ཧ་ཧ། ཕ་ཡུལ་དུ་སྡོད་ཡུན་རིང་ན་སོ་སོའི་མགོ་རྩ་ཆེན་འདིའང་མི་ལག་ལ་ཤོར་ཁོ་ཐག་རེད།”
ཐོ་ཐོས་ཕ་ཡུལ་ལ་གྱེས་ཕྱག་ཕུལ་བའི་རྗེས་སུ་ངོ་ཤེས་གྲོགས་པོ་ཞིག་གི་མཚམས་སྦྱོར་ལ་བརྟེན་ནས་རྒྱལ་སའི་དགོན་ཆུང་ཞིག་ནས་དགེ་རྒན་བྱེད་ས་ཞིག་རྙེད་སོང་བས་ཁོ་རེ་ཞིག་རིང་ལྷོད་ལ་བབ། དགོན་པ་དེ་ནས་ཐོ་ཐོའི་འཁྲིད་བྱ་ལེགས་བཤད་ལྗོན་དབང་ཡིན་ནའང་། ཁོས་བོད་ཡིག་ནི་སྦྱངས་ནའང་བེད་སྤྱོད་མེད་པ་དང་། བོད་ཡིག་སྦྱོང་མཁན་ནི་དཀར་རྡོ་མུར་མཁན་ཞིག་ཡིན་པ་མ་ཟད། རང་སྡུག་རང་གིས་ཉོ་མཁན་ཞིག་ལ་འདོད་ཀྱི་ཡོད་པས་ལོ་རིམ་དགུའི་རིང་དག་ཡིག་སུམ་རྟགས་ལ་དཔེར་བརྗོད་འབྲི་བ་ཕར་ཞོག ཐ་ན་དཔེ་ཀློག་ཡག་ཙམ་ཡང་རྒྱག་མྱོང་མེད། ཐོ་ཐོའི་སློབ་མ་མང་ཤོས་བོད་ཡིག་གསར་སློབ་པ་ཡིན་པས། “སུ་ར་རུ་དུ་ན་ལ་ཏུ།།” ལབ་ས་ལ། “སི་རི་རི་དི་ནི་ལི་ཏི།།” ལབ་ན་འགྲིག་མོད། ཡིན་ནའང་སློབ་མ་རེ་གཉིས་ཤིག་ཐོ་ཐོས་གར་ཁྲིད་ས་རུ་འགྲོ་མཁན་ཡང་མིན་པས། དགོན་ཆུང་དེ་ནས་ཐོ་ཐོའི་བཟོ་ལྟ་ཤོར་བ་ལ་ཡུན་རིང་པོ་ཞིག་མ་འགོར། དེ་བས་ཟླ་བ་གཅིག་ཙམ་རྗེས་ཀྱི་ཉིན་ཞིག་དགོན་པའི་ཕྱག་མཛོད་རེད་ཟེར་བའི་བླ་རྒན་རྒྱགས་ལུག་དེས་ཁ་བཏགས་ཤིག་དང་ཡིག་སྐོགས་ཤིག་མདུན་དུ་བཞག་ནས། “དགེ་རྒན་ལགས། བདུན་ཕྲག་ཕྱི་མ་ནས་བཟུང་ངེད་ཚོའི་གྲྭ་པ་རྣམས་ཟླ་བ་གཅིག་ལྷག་ཙམ་ཚོགས་པ་འཚོག་རྒྱུ་ཡིན་པས། ཁྱེད་རང་འདི་ནས་གནས་སྐབས་རིང་ཕེབས་ན་འགྲིག ཚུར་མ་ཕེབས་པའི་སྔོན་དུ་ང་ལ་ཁ་པར་ནས་འབྲེལ་བ་གནང་རོགས། བཀའ་དྲིན་ཆེ།” ཞེས་ལབ་སྟེ་འཛུམ་དམུལ་ལེར་ཕྱིན། ཕྱག་མཛོད་ཀྱིས་དེ་ལྟར་བཤད་པའི་རྗེས་སུའང་ཐོ་ཐོས་ཉིན་འགའ་ལ་ལྷོད་ལྷོད་བྱས་ཏེ་རྐང་བརྐྱངས་ལག་བརྐྱངས་ངང་དགོན་ཆུང་དེ་རུ་བསྡད། གཉེར་པའི་རྣམ་འགྱུར་ཉིན་རེ་ནས་ཉིན་རེར་ཇེ་བཙོག་ཡིན་པ་མ་ཟད། ཁོ་དང་ཐུག་ཚེ་སྔ་མ་སླེབས་མ་ཐག་པའི་སྐབས་བཞིན་“ཕེབས་བཞུགས་མཆོད་”ཀྱི་ཞེ་ཚིག་གང་ཡང་མེད་པར། “ད་ཁྱེད་ནམ་འགྲོ་རྒྱུ་ཡིན་ནམ།” ཞེས་ཡང་ཡང་དྲིས་འོང་། དེ་དུས་ཀྱང་ཐོ་ཐོས་གྲོགས་པོ་རྡོ་ལེབ་ཀྱི་སྐད་ཆ་དེ་དྲན་ཅིང་ངག་ནས་བཟླས།
“སོ་སོའི་སྒང་ལ་མགོ མགོའི་སྒང་ལ་སྐྲ། སྐྲའི་སྒང་ལ་གནམ།” “སྐྲའི་སྒང་ལ་གནམ་ཙམ་ཡིན་ནམ།” དེ་དུས་ཐོ་ཐོ་སྐད་ཆ་དེར་སོམ་ཉི་ཅུང་ཟད་ཟོས།
“ཝེ་ཐོ་ཐོ། ད་ཁྱོད་ནམ་འགྲོ་རྒྱུ་ཡིན་ནམ།” དེ་ནི་ཁོའི་གྲོགས་པོ་ཡ་མེད་ཀྱིས་ཀུན་ཕན་ཟ་ཁང་གི་ཕྱི་ལོགས་འདུག་སྟེགས་སྒང་ནས་འཁྱག་ཇ་ཁ་གང་ཧུར་གྱིས་བརྔུབས་ཏེ་མིད་པའི་རྗེས་སུ་དྲིས། ལོ་འཁོར་མོ་གཅིག་ལ་ཡར་འཁྱམས་མར་འཁྱམས་ཀྱིས་དུབ་སྟེ་དགོན་པར་འབྱོར་མ་ཐག་པའི་ཐོ་ཐོའི་མིག་མདངས་གཉོམ་པོ་དེར་བལྟས་ན། ལན་ནི་ཅི་ཞིག་ཡིན་པ་གསལ་ལེར་མངོན་ནའང་། ཁོས་གྲེ་བ་བསང་ཙམ་བྱས་ཏེ། “མགྱོགས་པོ་འགྲོ་རྒྱུ་ཡིན།” ལབ་པ་དང་ཇ་རིན་རྩིས་བརྒྱབས་ཏེ་གྲོགས་པོ་ཡ་མེད་དང་ཁ་གྱེས། ལྟོས་གྲུབ་ཡིན་པའི་མིའི་སྤྱི་ཚོགས་ནང་བདེན་གྲུབ་ཀྱི་གོམ་པ་སྤོ་ས་མེད་པ་ཧ་གོ་བའི་ཐོ་ཐོ་དགོན་པའི་རྒྱལ་སྒོ་ལས་ཐོན་ཏེ་སྐོར་ལམ་ལ་བུད། སྐོར་ལམ་ནང་གི་མ་ཎི་འཁོར་ལོ་རྣམས་རེ་རེ་ནས་ཐ་ར་རར་བསྐོར་ཏེ་འགྲོ་དུས་ཐོ་ཐོའི་སེམས་ནང་གྲོགས་པོ་རྡོ་ལེབ་ཀྱི་སྐད་ཆ་དེ་དྲན་ཅིང་། སྐད་ཆ་དེའི་ཁར་ཚིག་གཉིས་ཙམ་བསྣན་ཏེ་རང་ཉིད་གཅིག་པུས་ཆིག་ལབ་བརྒྱབས།
“སོ་སོའི་སྒང་ལ་མགོ མགོའི་སྒང་ལ་སྐྲ། སྐྲའི་སྒང་ལ་གནམ། ད་དུང་སྤྲིན་པ་དང་ཉི་ཟླ་སྐར་གསུམ་དང་། བཟློག་ཏུ་མེད་པའི་ལས་དབང་།”
ཚ་གདུག་ཆེ་བའི་ལྷོ་མཐའི་དབྱར་དུས་ཀྱི་བར་གསེང་ཞིག་ལ། ཐོ་ཐོ་གྲོགས་པོ་ཡ་མེད་ཀྱི་སྦག་སྦག་རྒྱབ་ལ་བསྡད་དེ་ཤྭ་བ་ཚལ་གྱི་ཕུ་རུ་ཆུ་རྐྱལ་རྒྱག་ཏུ་ཕྱིན། ཆུ་ཁར་སླེབས་པ་དང་ཐོ་ཐོས་གཅིན་པ་གཏོང་དུ་སོང་བའི་གྲོགས་པོ་ཡ་མེད་ལ་སྒུག་ལོང་ཡང་མེད་པར་ཚ་བ་ལས་གཡོལ་སླད་གཟན་ཤམ་རྡོ་ལེབ་སྟེང་བཞག་པ་དང་། ཕ་བོང་སྣེ་ནས་ཕྱག་རྒྱ་དང་བཅས་ཏེ་ཆུ་ནང་དུ་མཆོངས། ཡ་མེད་གཟན་ཤམ་ཕུད་དེ་རླབས་རིས་ཤིག་ཤིག་གཡོ་བའི་ཆུ་འགྲམ་ལ་སླེབས་དུས་རྡོ་ལེབ་སྟེང་གི་གཟན་ཤམ་ལས་ཐོ་ཐོ་མཐོང་ས་ན་མེད་པ་ཤེས།
འདི་ལྟར་ཐོ་ཐོ་ཁུ་སིམ་མེར་ཆུ་ནང་ལ་ཐིམ་པ་བཞིན་ཟླ་བ་གཅིག་གཉིས་ཀྱི་རྗེས་སུ་ཐོ་ཐོའི་མིང་བྱང་ཡང་ཁུ་སིམ་སིམ་ངང་མི་ཚོའི་ཁ་ནས་ཡལ་བར་གྱུར་ཅིང་། གྲོགས་པོ་ཡ་མེད་ཀྱིས་ཐོ་ཐོ་ཆུ་ལ་མཆོང་དུས་ཁ་ཡ་ཙམ་ཡང་བྱ་རྒྱུ་མ་བྱུང་བ་བཞིན། ཁོའི་ཉེ་སའི་མི་ཚོས་ཀྱང་ཁོ་རང་མི་ཡུལ་དང་གཏན་དུ་གྱེས་དུས་སུ་ཁ་ཡ་བྱ་རྒྱུ་ཅང་མ་བྱུང་ལ། ཐ་ན་ཐོ་ཐོའི་རྣ་བར་གཟན་པའི་སྐད་ཆ་སྟེ། “ཁྱེད་རང་ནམ་འགྲོ་རྒྱུ་ཡིན་ནམ།” ཞེས་འདྲི་མཁན་ཙམ་ཡང་མ་བྱུང་།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།