བསྟན་འཛིན་ཆོས་འཕེལ། ལོ་རིམ་བདུན་པ།
ཁོ་བོ་ནི་དང་ཐོག་མཐོ་སྒང་གི་ལུང་ཁུག་ཅིག་ན་ཡིག་འབྲུ་ན་གཅིག་དང་ལྷན་པ་དམར་སེར་ཞིག་མཐོང་བ་ཙམ་ལའང་། དག་སྣང་སྦྱོང་བཞིན་ཆོས་བརྒྱུད་དང་གྲུབ་མཐའི་འཐེན་ཁྱེར་གང་ལའང་ལུང་དུ་མ་བསྟན་པའི་བླུན་རྨོངས་ཤིག་ཡིན་ནའང་། ད་ནི་ཁོ་བོའི་རྒྱུད་ལའང་ཆོས་བརྒྱུད་དང་གྲུབ་མཐའ་ཞེས་པའི་སྒྲོམ་གཞི་སྟེ་ཆོས་ཀྱིས་མ་ཐུལ་བའི་འཛིན་པ་ཨ་འཐས་ཅན་གྱི་དུག་སྡོང་གི་ཚེར་མའི་རྣོ་ངར་དེ་འགོ་འབུས་ཀྱིན་འདུག་པས། དེའི་ཐད་ནས་ངས་སྐད་ཆ་ཚིག་འགའ་བཤད་རྒྱུ་ཡིན། དང་ཐོག་ཤ་ཚ་བའི་གཏམ་ལ་སྙན་པོ་མེད་ཟེར་བ་དེ་ཁྱོད་ཀྱི་སེམས་ལ་ངེས་པ་བྱོས་དང་། མཇུག་ནས་གནས་ལུགས་རེའང་མཐོང་སྲིད་དོ།།
ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ།
ངེས་པ་དོན་གྱི་ཤེས་ཡོན་པ་དག་ནི་ཀློང་ཡངས་པའི་མཐའི་རྒྱ་མཚོ་ཆེན་པོ་དང་འདྲ་བར་ཤེས་བྱའི་རོ་བཅུད་ཀྱི་ཆུ་ཀླུང་དང་ཆུ་ཕྲན་ཇི་ཙམ་བཞུར་ནའང་། དལ་མེར་རེར་འབྱམས་སུ་ཀླས་པ་ལས། ཁྲོན་ཆུ་ལྟ་བུ་ཆུ་ཕྲན་གྱི་ཅ་ཅོས་ཡང་ཡང་སྐྱོམ་ཞིང་། གཞན་ཟེར་རྗེས་ཟློས་ཀྱི་རྙོག་པས་བསླད་པ་ཞིག་མིན་པ་ནི་ལོ་རྒྱུས་ཀྱི་གླེགས་བམ་མཐུག་པོས་བདེན་དཔང་བྱས་ཡོད་པ་རེད།
དེ་ལས་ལྡོག་སྟེ་བློ་རྩེ་ཁབ་མིག་ལས་དོག་ཅིང་། སྐེད་པ་འཇག་མ་ལས་ཕྲ་བའི་ཀླད་སྟོང་ཅོལ་ཆུང་བ་དག་ནི་སྒེར་ཚུགས་ཀྱི་ལྟ་བ་དང་། མི་གཤིས་ཀྱི་སྒལ་ཚིགས། དཔྱོད་ཤེས་ཀྱི་བློ་མིག་ལྡོངས་པས་གཞན་ཟེར་རྗེས་ཟློས་དང་གཡམ་རྒྱུག་གི་རང་བཞིན་ལས་མ་འདས་ཕྱིར། འགྲོ་བ་མིའི་རིགས་ཀྱི་གཉུག་གཤིས་ཀྱི་ངོས་ནས་བཤད་ན། དེ་དག་ལ་ཆོས་གཞུང་ནས་བཤད་པ་ལྟར་སྙིང་རྗེ་ཙམ་བསྒོམ་རྒྱུ་ལས་གཞན་ཟེར་རྒྱུས་ཕོངས་སོང་། དེས་ན་ད་ཡོད་སློབ་གླིང་འདིའི་ནང་དུའང་“ནགས་ལ་གནས་པའི་སྤྲེའུ་དག །ལྗོན་པའི་ཤིང་ལ་མི་གཙང་འཐོར་”མཁན་གྱི་ཁ་སྟོང་ནང་གི་ཚིག་སྟོང་། ཚིག་སྟོང་ནང་གི་དོན་སྟོང་སྟེ་སྟོང་པ་གསུམ་ལྡན་གཞན་ཟེར་རྗེས་ཟློས་གཡམ་རྒྱུག་ཅན་གྱི་རྟོག་གེ་པ་འཆལ་པོ་མང་དུ་འགྲོ་བཞིན་འདུག
དེ་ཚོས་ཆུ་མགོ་གང་ལ་ཐུག་ས་རྒྱ་གར་གྱི་ནང་པའི་མཁས་པ་དག་གིས་མཛད་ཅིང་། བོད་ཡིག་ཐོག་བཞུགས་པའི་དབུ་འདུལ་ཚད་ཕར་གྱི་བཀའ་བསྟན་ཇི་ཙམ་ཡོད་མེད་ཀྱི་དཀར་ཆག་ཙམ་ཡང་མཐོང་མ་མྱོང་ནའང་། ད་དུང་རྒྱལ་བའི་བཀའ་མདོ་རྒྱུད་ཡོངས་རྫོགས་ལ་བྱང་ཆུབ་པ་ལྟ་བུའི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཐོག་གི་ཆོས་བརྒྱུད་ཆེན་པོ་བཞིའམ་ལྔའི་གྲུབ་མཐའ་ལ། དེ་བཟང་དང་འདི་མི་བཟང་གི་སྡོམ་ཚིག་གི་སྐད་ཆ་སྦོམ་པོ་རེ་བཞག་ནས་ཁ་ཕོ་དུང་ཆེན་ལྟར་འབུད་ནའང་། དོན་དམ་པར་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞིའམ་ལྔའི་ལྟ་གྲུབ་གང་ལའང་ངེས་ཤེས་གཏིང་ཚུགས་པ་ཞིག་མེད་ཅིང་། “ཐོས་རྟགས་ང་རྒྱལ་ཆེ་བའི་”དན་རྟགས་སུ་གནམ་མ་གཏོགས་ས་མི་མཐོང་ཞིང་བར་སྣང་ལ་ལྡིང་ནས་འགྲོ་བའི་ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་དེ་དག་ལ་ངས་འདི་ནས་སྐད་ཆ་ཚིག་འགའ་གྲོས་སུ་འདེབས་ཀྱི་ཡོད།
༡༽ ཀུན་མཁྱེན་རོང་ཟོམ་པའི་ལྟ་བ་རང་རྒྱུད་པ་ལས་མ་མཐོང་བའི་ལོང་བ་མཁར་རྒྱུག་ཅན་གྱི་རྟོག་གེ་པ་འཆལ་པོ།
བོད་ཀྱི་བཙན་པོའི་རྒྱལ་རབས་འཐོར་ཞིག་སོང་བའི་རྗེས་སུ་བོད་ཀྱི་མཁས་པ་ཚོ་སོ་སོས་བཀའ་བསྟན་བསྒྱུར་ཞུས་ཀྱི་ལས་ལ་བྲེལ་བྲེལ་འཚུབ་འཚུབ་བྱེད་པའི་སྒང་དེར། རོང་པ་ཆོས་ཀྱི་བཟང་པོ་ཞེས་པ་མདོ་སྔགས་རིག་གནས་དང་བཅས་པར་ཕ་མཐར་སོན་ཅིང་། མི་འཇིགས་པའི་སྤོབས་པ་གཟེངས་སུ་མཐོ་ཞིང་རིགས་པའི་མེ་ལྕེ་དགུང་དུ་མཆེད་དེ། མཁྱེན་དཔྱོད་ཀྱི་གཤོག་རྩལ་རབ་ཏུ་རྒྱས་ནས་ནམ་འཕང་གཅོད་མཁན་གྱི་སྐྱེས་བུ་ཞིག་བྱུང་སྟེ། བཙན་པོའི་རྒྱལ་རབས་འཐོར་ཞིག་རྗེས་ཀྱི་བོད་མཁས་པའི་ནང་ནས་བསྟན་བཅོས་ཐོག་མ་བརྩམས་ཤིང་། རྒྱ་གར་གྱི་དབུ་མ་འཇུག་པ་བོད་དུ་བསྒྱུར་མེད་ནའང་། ཐེག་ཆེན་ཚུལ་འཇུག་ལ་སོགས་པར་འཕགས་ཡུལ་དཔལ་ལྡན་ཟླ་བ་དང་། །བོད་ན་རོང་ཟོམ་ཆོས་བཟང་གཉིས། །དགོངས་པ་གཅིག་དང་དབྱངས་གཅིག་གིས། །ཀ་དག་སྟོང་པ་ཆེན་པོའི་འོད་མདངས་བསིལ་ལྡན་ཁ་བའི་ལྗོངས་ཀྱི་མཁའ་དབྱིངས་ནས་སྤྲོས་པ་དེས། ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་འུག་པའི་མིག་ཅན་དག་ནི་ལོང་བར་གྱུར་ཏེ། ཀ་དག་སྟོང་པ་ཆེན་པོ་མ་གོ་བའི་རྣམ་འགྱུར་ཡ་མ་ཟུང་སྣ་ཚོགས་སྟོན་གྱིན་འདུག་པས། ཁོང་གི་ལྟ་བ་རང་རྒྱུད་པའི་ལྟ་བ་ཙམ་ལས་མི་མཐོང་བའི་ལོང་བ་མཁར་རྒྱུག་ཅན་ཚོ་ལུས་རྟེན་ཕྱི་མར་རོང་ཟོམ་པའི་ཀ་དག་སྟོང་པ་ཆེན་པོའི་རང་མདངས་ལ་བཟོད་ཐུབ་པའི་སྐྱེ་བ་ཞིག་ལེན་པར་སྨོན་ནོ།།
༢༽ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གྲུབ་མཐའ་མཛོད་ཕྱྭ་པ་ཆོས་སེང་གི་གྲུབ་མཐའ་ནས་རྐུ་བཤུས་བརྒྱབས་པར་མཐོང་མཁན་བླུན་པོ་ཆུ་སྣ་གར་ཁྲིད་ཅན་གྱི་རྟོག་གེ་པ་འཆལ་པོ།
སྒལ་ཚིགས་མེད་པའི་ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་གཞན་ཟེར་རྗེས་ཟློས་ལ་དགའ་བ་ཚོས། ཀུན་མཁྱེན་ཀློང་ཆེན་པ་ལ་སྙད་གདགས་རྒྱུ་མ་རག་པར། ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་མཛོད་ནི་ཕྱྭ་པ་ཆོས་སེང་གི་གྲུབ་མཐའ་ལས་རྐུ་བཤུས་བརྒྱབས་པ་རེད་ཅེས་སྒྲོ་འདོགས་ཀྱིས་ཁྱི་ལྡོམ་ཚོས་ཀུ་ཅོ་གང་སར་སྒྲོག་པ་དེ་རེད། མ་གཞི་སྐད་ཆ་དེ་ནི་ཁོང་ཚོས་ཞིབ་འཇུག་ཡིན་ཟེར་མཁན་ནུབ་ཕྱོགས་ཀྱི་རིག་གནས་བཙན་འཛུལ་བ་ཚོའི་འཆལ་གཏམ་ལ་འཁྲུལ་བ་རེད། བཙན་འཛུལ་བ་དེ་ཚོར་ཕྱྭ་པ་ཆོས་སེང་གི་གྲུབ་མཐའ་ཞེས་པ་ཞིག་མིག་མཐོང་ལག་ཟིན་དུ་བསྟན་རྒྱུ་མེད་ཅིང་། གལ་ཏེ་ཁོང་ཚོས་ཡིག་རྙིང་གསལ་ལ་མི་གསལ་བ་ཞིག་བསྟན་པའི་དབང་དུ་བཏང་ནའང་། དེ་ཕྱྭ་པ་ཆོས་སེང་གི་གྲུབ་མཐའ་ཡིན་མིན་ཡང་བསྐྱར་སྒྲུབ་བྱེད་རྣམ་དག་མེད་དེ། ཁོང་ཚོའི་ངག་ནས་“ཡུལ་ལུང་དེ་གར་དེ་འདྲ་ཟེར་གྱི་འདུག ཕལ་ཆེར་འདི་འདྲ་ཡིན་ས་རེད་”ཅེས་པའི་ཐོག་མའི་མ་རིག་པའི་ཆོ་འཕྲུལ་ལས་སྤྲུལ་བའི་ཐེ་ཚོམ་གྱི་བློ་ཞིག་རང་རྒྱུད་ལ་ཁ་སྣོན་ཙམ་བྱས་པ་རེད།
དེས་ན་སེང་གེའི་དཔང་པོར་གླང་ཆེན། གླང་ཆེན་གྱི་དཔང་པོར་ཝ་མོ། ཝ་མོའི་དཔང་པོར་ཞི་མི། ཞི་མིའི་དཔང་པོར་ཙི་ཙི། ཙི་ཙིའི་དཔང་པོར་ཅི་ཡང་མེད་པར་སྟོང་པ་ཕྱང་ཆད་དུ་འགྲོ་བའི་རྣམ་ཐར། བླུན་པོ་ཆུ་སྣ་གར་ཁྲིད་བརྟུལ་ཞུགས་ཀྱི་མལ་དུ་ཡུན་རིང་གཉིད་པའི་ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་ཚོ་ད་ནི་གཉིད་ཡུན་རིང་དྲགས་སོང་སད་དགོས་ཞེས་དྲན་སྐུལ་ཙམ་བྱས་པའོ།།
༣༽ སྔ་འགྱུར་བའི་གཞུང་ལ་གསལ་ཁ་མི་མཐོང་བའི་ལིང་ཏོག་གི་མིག་ཤེལ་མཐུག་པོ་གྱོན་པའི་རྟོག་གེ་པ་འཆལ་པོ།
ཡང་དེང་སང་སློབ་གླིང་འདིའི་ནང་སྔ་འགྱུར་བའི་གཞུང་ལ་གསལ་ཁ་མི་འདུག་ཅེས་རང་གི་ལྟོ་ཕོར་ནང་ལ་མི་གཙང་བ་འདོར་མཁན་ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་མང་དག་ཅིག་འབྱུང་གིན་པ་དེ་རེད། ཁོང་ཚོས་སྔ་འགྱུར་བའི་གཞུང་ལ་གསལ་ཁ་མི་མཐོང་བའི་རྒྱུ་མཚན་གཅིག་རང་ཡོད་པ་ནི། དེ་སྒྲ་བརྩེགས་མའི་གཞུང་ལུགས་ཚིག་གི་སྦུན་པ་དགུ་བརྩེགས་ཅན་གྱི་ལིང་ཏོག་མཐུག་པོས་ཁོང་ཚོའི་མིག་ཟུང་བསྒྲིབས་ཤིང་། རྣ་བ་འོན་པར་བཏང་བས་རེད། དེས་ན་ཁོང་ཚོར་ངས་བཤད་འདོད་པ་ནི། གསང་ཆེན་སྔ་འགྱུར་བའི་ངེས་ཤེས་རིན་པོ་ཆེའི་སྒྲོན་མེ་དེ་སྤོར་དང་། སྟོང་ཐུན་སེང་གེའི་ང་རོ་ལ་ཉོན་དང་། ལེགས་བཤད་སྣང་བའི་གཏེར་ཆེན་པོ་དེ་སྔོགས་དང་། གྲུབ་མཐའ་དང་ཡིད་བཞིན་གྱི་མཛོད་ཁང་ནང་ལ་འཛུལ་དང་། ཐེག་པ་ཆེན་པོའི་ཚུལ་ལ་འཇུག་པའི་ལམ་ལ་ཞུགས་དང་། ཁྱོད་ཚོའི་ལིང་ཏོག་གི་མིག་ཤེལ་མཐུག་པོའི་སྒྲིབ་གཡོགས་དེ་སྲབ་ཏུ་འགྲོ་སྲིད་དོ།།
༤༽ ཀུན་མཁྱེན་མི་ཕམ་པའི་གཞུང་ལ་ཡོད་མེད་ཀྱི་ཚིག་འབྲུ་གཉིས་ལས་མི་མཐོང་བའི་ཚིག་གི་སྦུན་པས་དཔྲལ་མགོ་གཡོགས་པའི་རྟོག་གེ་པ་འཆལ་པོ།
དུས་རབས་ཉི་ཤུའི་ནང་ཁ་བ་གངས་ཅན་ལྗོངས་ཀྱི་མཁའ་དབྱིངས་སུ་གནས་ལྔའི་རིག་པའི་པཎྜི་ཏའི་སྐར་ཆེན་ཞིག་འོད་དུ་འཚེར་ནས། རྟག་ཆད་ཀྱི་ལྟ་བ་བླུག་སའི་ཚིག་གི་ལྷན་པ་དགུ་བརྩེགས་ཅན་གྱི་ལྟོ་ཕད་དེ་ཚལ་བ་ཚལ་བུར་དབྲལ་དུས། ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོའི་ལྟོ་ཕོར་ལ་ཕོག་ཐུག་བཏང་བ་རེད། བཏང་ནས་ཀྱང་ཁོང་ཚོ་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཀུན་མཁྱེན་མི་ཕམ་པའི་ཐར་གླིང་བགྲོད་པའི་ཟབ་ཅིང་རྒྱ་ཆེ་ཟུང་འཇུག་གི་རྒྱ་ལམ་ལ་མཚར་མཚར་གྱིས་འཇུག་དུས། ཁོང་ཚོས་ལམ་ཟུར་དེ་ནས་“ཡོད་”དང་“མེད་”ཅེས་པའི་ཚིག་འབྲུ་གཉིས་ལས་མ་མཐོང་བ་དེ་རེད། དེེས་ན་ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་ཁོང་ཚོས་ནམ་རྒྱུན་འདི་ལྟར་ཤོད་ཀྱིན་ཡོད་དེ། “མི་ཕམ་པའི་གཞུང་ལ་འགལ་བ་འདུག ཡ་གིའི་སྒང་ལ་ཡོད་ལབ་འདུག མ་གིའི་འོག་ལ་མེད་ལབ་འདུག” ཅེས་པ་དེ་རེད། དོན་དམ་པར་དེ་ལྟར་ལབ་དོན་ནི་ཁོང་ཚོའི་ལྟོ་ཕོར་ལ་ཕོག་ཐུག་ཤོར་བས་རེད། དེས་ན་རང་གི་ལྟོ་ཕོར་ཙམ་གྱི་དོན་དུ་ཆོས་སྤོང་གི་ལས་བསགས་ཏེ་དམྱལ་བ་མནར་མེད་ཀྱི་ལྕགས་སྒམ་སྒོ་མེད་དང་། ཁྲོ་ཆུ་ཁོལ་མའི་ནང་འཛུལ་ཆེད་མྱུར་བ་མྱུར་བར་འགྲོ་རྒྱུའི་རྒྱགས་ཕྱེ་མ་བསྒྲུབས་ན་བཟང་ཞེས་དྲན་སྐུལ་ཙམ་བྱས་པའོ།།
སྔ་འགྱུར་རྙིང་མའི་གཞུང་ལུགས་ལྟ་ཡི་ཡོད་དམ།
གསང་ཆེན་སྔ་འགྱུར་བའི་སློབ་གླིང་འདིའི་ནང་ཐོས་བསམ་དང་སྒྲོ་འདོགས་གཅོད་ས་གཙོ་བོ་ཀུན་མཁྱེན་རྣམ་པའི་གཞུང་ནས་གསལ་བའི་སྔ་འགྱུར་བའི་ལྟ་གྲུབ་ཡིན་པ་ལས། དེ་ཆོས་ཅན། དེ་ཡིན་ཏེ། དེ་ཡིན་པའི་ཕྱིར། དེར་ཐལ། དེའི་ཕྱིར་ལྟ་བུའི་དེ་སྒྲ་བརྩེགས་མའི་གཞུང་ལུགས། ཚིག་གི་སྦུན་པ་དགུ་བརྩེགས་མི་ཚེ་ཕུད་བྱེད་ཙམ་དང་། སྨྲ་བའི་སྒོ་མོ་འཆལ་བྱེད་དག་ལ་མཚར་མཚར་གྱིས་མིག་ཟུང་རིག་རིག་བྱེད་པ་ནི་ཆོས་གཞུང་ནས་བཤད་པ་ལྟར། རྩ་བ་བོར་ཏེ་ཡལ་ག་འཚོལ་བ་རང་ཡིན་པར་སྙམ།
ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་དེ་ཚོས་རྒྱུན་ལྡན་གྱི་འཆད་རྩོད་སྐབས་དང་། ཐ་ན་ཡིག་རྒྱུགས་ཆེན་མོའི་སྐབས་སུའང་། དེ་སྒྲ་ཁོ་ན་བརྩེག་པར་དགའ་བས། མཇུག་མཐར་ལོ་རིམ་དགུ་ཚར་ཡོང་དུས། ཁོང་ཚོར་ཡོད་པ་ནི་“ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་”ཀྱི་དེ་སྒྲའི་ཁུར་པོ་ཞིག་འཁུར་རྒྱུ་ཡོད་པ་ལས། གསང་ཆེན་སྔ་འགྱུར་བའི་ཀུན་མཁྱེན་རྣམ་པའི་གཞུང་ལུགས་གང་ལའང་འཛིན་མཚམས་དང་ངེས་ཆ་མེད་ནའང་། ད་དུང་ཀུན་མཁྱེན་མི་ཕམ་གཅིག་གཅིག་དང་། ཀུན་མཁྱེན་ཀློང་ཆེན་གཉིས་གཉིས་ཞེས་བཞད་གད་སློང་བའི་སྐད་ཆ་སྦོམ་པོ་རེ་བཤད་འོང་བ་ནི་རང་ཉིད་རང་ལ་མི་ཁྲེལ་ལམ།
དེས་ན་གསང་ཆེན་སྔ་འགྱུར་བའི་སློབ་གླིང་འདིའི་ནང་ཐོས་བསམ་ལ་གཞོལ་དུས་སྔ་འགྱུར་བའི་ཀུན་མཁྱེན་རྣམ་པའི་གཞུང་རྩ་བར་བཟུང་ནས། དེ་དག་ལ་ངེས་པ་བསྐྱེད་དགོས་པ་ལས། གཞན་ཡལ་གར་བཟུང་ཆེས་ན་ནམ་ཞིག་ཐུར་དུ་ལྷུང་སྲིད་ཅེས་གཙོ་བོ་ལས་དང་པོ་བློ་གྲོས་གསར་བུ་པ་རྣམ་པར་འབོད་སྐུལ་ཞིག་གམ། ཡང་ན་གྲོས་སུ་བཏབ་པ་ཡིན་པས། སྐད་ཆ་ལ་གནས་ལུགས་ཡོད་མེད་ནི་རང་གིས་རང་ཉིད་ལ་དྲིས་དང་།
ཀུན་མཁྱེན་མི་ཕམ་རིན་པོ་ཆེས།
དེ་དག་ཚིག་ལ་འཆེལ་ཞིང་སྨྲ་ལ་དགའ། །རང་ཆེ་འབྱིན་ཅིང་གཞན་དག་ཁྱད་དུ་གསོད།།
གྲུབ་མཐའི་ཁ་འཛིན་ཆགས་སྡང་མེ་ལྟར་འབར། །དེ་འདྲས་རྩོམ་པ་པོད་གྲངས་མང་པོ་བསོགས།།
ཞེས་གསུངས།
དུག་གི་ས་བོན་དགུ་འགྱུར་མ་འདེབས།
སློབ་གླིང་འདིའི་ནང་གི་ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་དེ་ཚོས་ལས་དང་པོ་བློ་གྲོས་གསར་བུ་པ་ཤོག་སྟོང་དཀར་སེང་ངེ་དེའི་ངོས་ལ། ལོ་རིམ་དགུའི་རིང་ལ་དག་ཏུ་མེད་པའི་ནག་ནོག་གི་དྲི་རིས་དུག་གི་ས་བོན་དགུ་འགྱུར་གྱི་འདྲ་རིས་སྣ་ཚོགས་འབྲི་བཞིན་པ་ནི་འདི་ལྟ་སྟེ།
མ་གཞི་ལས་དང་པོ་བློ་གྲོས་གསར་བུ་པ་དེ་ཚོར་གསང་ཆེན་སྔ་འགྱུར་བའི་ཀུན་མཁྱེན་རྣམ་པའི་གཞུང་གང་ལའང་ངེས་ཤེས་དང་འཛིན་མཚམས་གང་ཡང་མེད་ཁར། ལྡོག་ཕྱོགས་ནས་ཁོང་རྣམ་པའི་གཞུང་ལ་སྐྱོན་གང་ཡོད་འཚོལ་ཨེ་ཐུབ་ཤ་ཐང་རུས་ཐང་དུ་འབད་ཀྱིན་པའི་སྣང་ཚུལ་ཞིག་འབྱུང་གིན་པ་ནི། དོན་དམ་པར་ཅི་ཞིག་གིས་ལན་པ་ཡིན་ནམ། བསམ་ཞིང་བསམས་ན་དེའི་ཉེར་ལེན་ནི་ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་དེ་དག་ལ་ཐུག་འདུག་སྙམ་སྟེ། མ་གཞི་བློ་གྲོས་གསར་བུ་པ་དེ་ཚོར་རང་ཉིད་ལ་བདེན་རྫུན་དང་། བཟང་ངན་གྱི་སྒྲོ་འདོགས་གཅོད་པའི་དཔྱོད་ཤེས་གང་ཡང་མེད་ཁར། ཅོལ་ཆུང་དང་བབ་ཅོལ་གྱི་ཁོར་ཡུག་ཅིག་གི་དབང་གིས་ཁོང་ཚོ་ཡང་ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་དེ་ཚོའི་ཉི་མ་ཕུད་བྱེད་ཀྱི་གཉིད་ལབ་ཐན་ཐུན་དག་ལ་མཚར་སྣང་ཞིག་གམ། དགའ་ཞེན་ཆེ་དྲགས་པའམ། གང་ལྟར་འགྲོ་སྟངས་ཤིག་གི་ཐོག་ནས་གཞན་དབང་དུ་གྱུར་དུས། མཐའ་མར་ཁོང་ཚོར་སྡོམ་ཚིག་ཁ་ཤས་ཡོད་པ་ནི། གོང་བཤད་བཞིན་“ཀུན་མཁྱེན་མི་ཕམ་གཞུང་ལ་གོང་འོག་འགལ་བ་འདུག སྔ་འགྱུར་བའི་གཞུང་ལ་གསལ་ཁ་མི་འདུག” ཅེས་པ་དེ་རེད།
དེས་ན་ལས་དང་པོ་བློ་གྲོས་གསར་བུ་པ་ཚོས་དུག་གི་ས་བོན་དགུ་འགྱུར་འཐུང་མི་འདོད་པ་དང་། དོན་དམ་པའི་གསང་ཆེན་སྔ་འགྱུར་རྙིང་མ་བ་ཞིག་བྱེད་འདོད་ན། ཀུན་མཁྱེན་རྣམ་པའི་གཞུང་ནས་གསལ་བའི་རྙིང་མའི་ལྟ་བ། རྙིང་མའི་སྒོམ་པ། རྙིང་མའི་སྤྱོད་པ། རྙིང་མའི་འབྲས་བུ་ལ་ཐོས་བསམ་དང་སྒྲོ་འདོགས་བཅད་ནས་ངེས་ཤེས་གཏིང་ཚུགས་པ་ཞིག་དང་། གཞན་གྱིས་དྲིང་དུ་མི་འཇོག་པའི་ལམ་ཁ་ཞིག་འདམ་ག་བྱ་རྒྱུ་ལས། ལུང་མ་བསྟན་གྱི་རྟོག་གེ་པ་འཆལ་པོ་དེ་ཚོའི་ཉི་མ་ཕུད་བྱེད་ཀྱི་གཉིད་ལབ་ཐན་ཐུན་ཙམ་ལ་མགོ་འཁོར་ཞིང་། དེ་དག་གི་རྗེས་ཟློས་བྱས་ནས་“ནགས་ལ་གནས་པའི་སྤྲེའུ་དག །ལྗོན་པའི་ཤིང་ལ་མི་གཙང་འཐོར་”མཁན་བྱེད་པ་ནི། གསང་ཆེན་སྔ་འགྱུར་བའི་སློབ་གླིང་ཆེན་མོ་འདིའི་ནང་གི་གོ་མ་ཆོད་པའི་མི་བཞི་པ་ཞིག་བྱ་རྒྱུ་ཡིན་ན་མ་གཏོགས། མི་ཚེའི་ཁ་ཕྱོགས་ནོར་འདུག་སྙམ་མོ།།
འོན་ཀྱང་རྒྱུ་འབྲས་ཀྱི་རྒྱ་མ་ནི་ནམ་དུའང་རང་སེམས་ན་ཡོད་པ་ལས། ངས་འདི་ཆོག་དང་དེ་མི་ཆོག་གི་ཁ་མཚོན་བཅད་ན་འགྲོ་བ་མིའི་མི་གཤིས་ལ་རྡོག་རོལ་དང་རྩིས་མེད་བཏང་བ་ཡིན་པས། ཁྱོད་ལ་གྲོས་སུ་བཏབ་པ་ཙམ་མོ།།
ད་ལན་སྐད་ཆ་འདི་ཙམ་གྱིས་འཐུས་པར་བྱ་རྒྱུ་ལས། རྗེས་སུ་མུ་མཐུད་ནས་བཤད་ཆོག་སྟེ། རྒྱུ་མཚན་ནི་འདི་འགོ་བཙུགས་པ་ཡིན་པ་ལས། མཇུག་བསྡུས་པ་གཏན་ནས་མིན།
སྐད་ཆ་འདི་ནི་མཁན་སློབ་ཆོས་གསུམ་གྱི་ངོས་ནས། སོ་ཟུར་གནུབས་གསུམ་གྱི་ངོས་ནས། རོང་ཀློང་རྣམ་གཉིས་ཀྱི་ངོས་ནས། ཀུན་མཁྱེན་མི་ཕམ་གྱི་ངོས་ནས་བཤད་པ་ལས། ང་གང་ཟག་སྒེར་པ་ཞིག་གི་ཁ་ཕོར་གྱི་དོན་དུ་བཤད་མེད་ལ། ཤོད་དགོས་དོན་མེད། མ་བཤད་ནའང་འགྲིག ཤོད་འདོད་ཀྱང་མི་འདུག
ཀུན་མཁྱེན་མི་ཕམ་རྒྱ་མཚོས།
དལ་འབྱོར་དོན་ཡོད་འགྱུར་པར་ཤེས་བྱས་ནས། །རྟག་ཏུ་ཚིག་གི་རྒྱལ་ཕམ་ཅུང་ཟད་ལ།།
རེ་བས་ཁ་ཤག་རྩོད་པས་མི་ཡི་ཚེ། །སྟོང་ཟད་ཐོས་པས་ཁ་ཁྱེར་མ་བྱེད་ཅིག།
ཅེས་གསུངས།