སློབ་དཔོན་ཚེ་དགའ་དབང་རྒྱལ།
ཚིག་གི་འགྲོས་ལ་རིགས་པའི་མཚོན་སྤྲས་ནས།།
དྲང་པོའི་ལམ་ནས་བདེན་པ་བདར་བྱས་ཏེ།།
སྟོང་བཤད་ལྕེ་བརྒྱ་ཅན་གྱི་སེར་དམར་ཚོར།།
སྨྲ་སྒོ་རང་ལ་གཏོད་པའི་སྙིང་གཏམ་ཡིན།།
གཞན་སྐྱོན་སོར་མོ་གང་པོ་མཁའ་ལ་འཕྱར་ཞིང་རང་སྐྱོན་ལག་མགོ་གང་འདི་ཁོག་ཏུ་སྦེད་པའི་ཉེར་གཅིག་གི་དུས་རབས་འདིར། བསྟན་པ་དང་རང་རིགས་ལ་ཤ་ཞེན་གྱི་དུང་བ་ཡོད་མདོག་གིས་གཞན་གྱི་སྐྱོན་དང་ཞན་ཆ་རྐྱང་རྐྱང་བསྔོགས་ནས་མ་འགྲིག་མ་བལྟོས་ཀྱིས་སྟོང་བཤད་ལྕེ་བརྒྱར་སྤྲུལ་བའི་སེར་མོ་བའི་གཟུགས་བརྙན་འཆང་བ་འགའ་ཤས་ལ་ཚིག་མཚོན་གྱི་མདའ་མོ་མི་འཕེན་ཐབས་མེད་བྱུང་།
གཞན་སྐྱོན་ཁོ་ན་བསྔོགས་པས་ལམ་ནོར་གྱི་བཀག་རྒྱ་གྲོལ་ཐབས་མེད།
འཇིག་རྟེན་འདིར་མི་ལ་སྐྱོན་མེད་དང་ཤིང་ལ་འཛེར་མེད་ཅིག་ཡོད་མི་སྲིད་པས་སྐྱོན་བརྗོད་ཁོ་ནའི་ཁྲོད་ནས་ལམ་ནོར་གྱི་བློ་ཁ་སྒྱུར་ཐབས་མེད། མི་སུམ་ཅུ་ལ་བསམ་པ་སུམ་ཅུ་མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ་ཟེར་བ་ལྟར། བསམ་པ་མི་གཅིག་པའི་དབང་གིས་སོ་སོའི་མིག་ངོར་མི་མཛེས་པ་དང་སེམས་ལ་མ་དགའ་བ་ཞིག་མཐོང་བ་ཙམ་གྱིས་སྐྱོན་ཡོན་གྱི་ཁ་ཕྱོགས་ལ་ཁྱོན་ནས་མ་དཔྱད་པར་སྐྱོན་གྱི་མཚང་འབྲུ་བྱེད་པ་ནི་བླུན་པོའི་བརྟུལ་ཞུགས་ལས་མ་འདས། མི་ལ་མིའི་འགྲོ་སྟངས་དང་། མི་ལ་མིའི་བྱ་སྤྱོད་ཡོད། མིའི་འདུ་ཤེས་ཀྱི་བྱ་རྩོལ་ཐམས་ཅད་རང་གི་མིག་ངོར་མཛའ་བའི་ངེས་པ་མེད། རང་གི་སྣང་ངོ་ལ་མི་མཐུན་པ་ཙམ་གྱིས་ཕར་ཕྱོགས་ཀྱིས་བྱས་ཚད་སྐྱོན་དུ་ལྟ་བ་ནི་ཀླད་མེད་བྱིས་པའི་ངང་ཚུལ་དུ་སེམས། འཇིག་རྟེན་གྱི་སྣོད་བཅུད་ཆེན་པོ་འདི་ཡི་ནང་དུ་མིའི་གོམས་གཤིས་མི་འདྲ་བ་ལ་བརྟེན་ནས། བསམ་པའི་འཁོར་ཕྱོགས་མི་འདྲ་བ། བསམ་པའི་འཁོར་ཕྱོགས་མི་འདྲ་བ་ལ་བརྟེན་ནས། འཚོ་བའི་ལམ་བུ་མི་འདྲ་བ། འཚོ་བའི་ལམ་བུ་མི་འདྲ་བ་བརྒྱུད་ནས་བདེ་སྡུག་དང་བཟང་ངན་གྱི་ལྟ་ཕྱོགས་མི་འདྲ་བ་སྣ་ཚོགས་སྣང་བ་ནི་སྲིད་པའི་རང་བཞིན་དུ་གྲུབ་ཟིན་པས། དེ་ལ་ཐུན་མིན་གྱི་ལྟ་ཚུལ་མི་འདྲ་བ་གང་ཡིན་ནའང་ཡོང་ཆོག་སྟེ། རང་གི་ལྟ་ཚུལ་གྱི་དབང་དུ་ཤོར་ནས་སྒེར་གཅོད་ཀྱི་དགག་སྒྲུབ་བྱེད་པ་ནི་ནོར་འཁྲུལ་གྱི་གནས་སུ་མཆིས། ཐུན་མོང་དང་ཐུན་མིན་གྱི་ལས་སྣང་ལས་གྲུབ་པའི་ཟླུམ་གཟུགས་གོ་ལ་འདིར་ཀུན་དང་མཐུན་པའི་མི་གཤིས་ཤིག་དང་ཀུན་ལ་མཛའ་བའི་འཛུམ་མདངས་ཤིག་སུ་ལའང་ལྡན་མི་སྲིད། རེ་འགའ་ཡི་མདུན་ལ་མཛེས་ཀྱང་། རེ་འགའ་ཡི་ངོ་ལ་མི་མཛེས་པ་སྣ་ཚོགས་ཡོད་པས། ང་ཚོས་གཞན་དག་གི་སྐྱོན་བརྗོད་ཕལ་ཆེར་རང་ཉིད་སྒེར་པ་ཞིག་གི་མིག་ངོ་ལ་མཛའ་མི་མཛའ་ཙམ་དང་། རང་ཉིད་ཀྱི་བྱ་སྤྱོད་དང་མི་མཐུན་པ་ཙམ་གྱིས་སྐྱོན་བརྗོད་བྱེད་པ་མང་བས། ཕྱོགས་ལྷུང་གི་སྐྱོན་བརྗོད་དེ་འདྲས་ལོག་ལམ་གྱི་བཀག་རྒྱ་གྲོལ་ཐབས་མེད། རང་ཉིད་ཀྱི་འཚོ་བའི་ཆེད་དུ་སྤྱི་ཚོགས་དང་མི་གཤིས་ལས་འགལ་བའི་བྱ་བ་སྒྲུབ་མཁན་མང་བས། རང་གི་བདེ་དོན་གྱི་ཆེད་ལས་འབྲས་ཁྱད་དུ་གསོད་མཁན་གྱི་གང་ཟག་དེ་དག་ལ་སྐྱོན་བརྗོད་ཀྱི་ལམ་སྟོན་ཇི་ལྟར་བྱས་ཀྱང་ཕན་པར་དཀའོ།།
སྐྱོན་བརྗོད་ཀྱིས་དུས་ནམ་ཡང་བསྟན་པ་དང་རང་རིགས་ལ་དུངས་ཞེན་མཚོན་མི་ཐུབ།
སྤྱིར་བཏང་སྐྱོན་བརྗོད་ཀྱིས་རང་གི་བྱ་སྤྱོད་འཇིག་རྟེན་པའི་བླང་དོར་དང་མི་མཐུན་པ་དག་ངག་བརྗོད་ཀྱི་ཐོག་ནས་ཞན་ཆ་སྟོན་པ་ཡིན་མོད། སྟོན་ཚུལ་མི་འདྲ་བ་ལ་བརྟེན་ནས་བསམ་བློའི་འཁྱེར་སོ་མི་འདྲ་བའི་ཐོག་རྣམ་འགྱུར་འདྲ་མིན་མངོན་འོང་བ་ནི་གང་ཟག་ཚང་མའི་རང་གཤིས་སུ་ཡོད་པའི་སྤྱོད་ཚུལ་ཞིག་ཡིན། ཡིན་ནའང་སྐྱོན་བརྗོད་ཁོ་ནས་ལམ་ནོར་གྱི་བློ་ཁ་བསྒྱུར་རྒྱུ་དཀའ་བའི་གནས་སུ་སེམས་ཏེ། རང་ཉིད་ཀྱི་ཞན་ཆ་རང་ཉིད་ཀྱིས་མི་མཐོང་བ་ཇི་སྲིད། དེ་སྲིད་དུ་སྐྱོན་བརྗོད་ཀྱི་ཕན་འབྲས་མངོན་གྱུར་ཡོང་ཐབས་མེད། སྤྱིར་བཏང་སྐྱེ་བོ་བློ་ལྡན་དག་གིས་སྐྱོན་བརྗོད་ཀྱི་ཁྲོད་ནས་སྐྱོན་སེལ་བྱེད་ཐུབ་མོད། གང་ཟག་བློ་ཆུང་དག་གི་ངོར་སྐྱོན་བརྗོད་ནི་མཚང་འབྲུ་ཡི་གནས་སུ་མཐོང་ནས་འཁྲུག་འཛིང་གི་ལག་ཆར་ཡང་འགྱུར་སྲིད་པས། ང་ཚོས་ཁ་ཕྱི་བལྟས་རྐྱང་རྐྱང་བྱས་ནས་ལོག་ལམ་གྱི་འགལ་རྐྱེན་སུབ་ཐབས་མེད། དགའ་ཞེན་གྱི་དུང་བ་ཆ་མི་སྙོམས་པའི་གནམ་འོག་འདིར་སོ་སོར་སྐྱིད་ཕྱོགས་མི་འདྲ་བ། སྡུག་ལུགས་མི་འདྲ་བ། མི་གཤིས་མི་འདྲ་བ། འཚོ་ལམ་མི་འདྲ་བའི་ཐོག་ནས་རང་འཚམས་ཀྱིས་ལམ་སྣེ་རེ་བཟུང་ནས་འགྲོ་བཞིན་ཡོད་པས། རིང་ལ་ཐུང་བའི་མི་ཚེ་རིང་མོའི་འགྲུལ་བཞུད་ནང་དུ་ཞན་ཆ་སུ་ལའང་ཡོད་ཆོག་ལ་ནོར་འཁྲུལ་སུ་ལའང་ཡོང་ངེས། ནོར་འཁྲུལ་ཟུར་ཙམ་ཞིག་གིས་ཕར་ཕྱོགས་དེ་ནག་པོ་བཟོ་ཐབས་མེད། ཐ་མལ་པ་ཞིག་གི་ངོས་ནས་བཤད་ན་ངར་འཛིན་ཉོན་མོངས་ཀྱིས་བཅིངས་ཕྱིར་སྐྱོན་གྱི་ཉག་ཉོག་གཏན་ནས་མེད་པ་མི་སྲིད་པས། ཞན་ཆ་ཟུར་གཅིག་གིས་གང་ཟག་དེ་ངན་པ་ཡིན་པའི་སྒྲུབ་བྱེད་ཡང་དག་ཏུ་ནམ་ཡང་འགྲོ་མི་ཐུབ། ཀུན་དང་མཉམ་པ་དང་ཀུན་ལ་མཛའ་བའི་གང་ཟག་ཅིག་འཇིག་རྟེན་འདི་ན་ཧ་ཅང་དཀོན་པས་མི་ཡི་གཤིས་ཀ་ཡིན་ནའང་འདྲ། མིའི་སྤྱོད་ལམ་ཡིན་ནའང་འདྲ། གང་ལྟར་ཀུན་ཀྱི་སྣང་བ་ལ་འབབ་པའི་མཛེས་སྡུག་ཅན་ཞིག་ཡོང་ཐབས་མེད། ལྟ་ལུགས་གཅིག་ལ་མཐོང་ལུགས་མི་འདྲ་བའི་འཇིག་རྟེན་འདིར་ལས་སྣང་གི་བསླུ་བྲིད་དང་། སེམས་ཁམས་ཀྱི་འཆར་སྒོ་གཉིས་ལས་གཞན་དུ་མ་གྱུར་པས་ཅི་ཡང་སྣང་རུང་ལ་གང་ཡང་འཆར་ཆོག་སྟེ། གསང་སྙིང་ལས། དེ་ཚེ་མི་མཐུན་སྣ་ཚོགས་ལས། །སོ་སོར་འདྲ་བ་སྣང་བ་ན། །དེ་བཞིན་ཉིད་ལ་མ་གཡོས་ཀྱང་། །ལས་ཀྱི་དབང་གིས་སོ་སོར་སྣང་། །ཞེས་དང་། དུས་རབས་གསར་པའི་བརྡ་འཕྲིན་གྱི་མ་ལག་མཁས་ཅན་མརྐ་ཛཀྐར་བྷརྒ་ (Mark Zuckerberg) གི་ཞལ་ནས་ཀྱང་། ནང་ལ་གང་འདྲ་ཞིག་ཡོད་ན་འདི་ལ་འཇིག་རྟེན་ཡང་འདི་འདྲ་ཞིག་སྣང་ཞེས་འགྲེལ་བརྗོད་བྱས་པ་ལྟར་ཕྱི་རོལ་དགའ་སྡུག་གི་རྣམ་པ་ཐམས་ཅད་ནང་བསམ་བློའི་འཁྱེར་སོའི་སྟོབས་ལས་གྲུབ་པར་སྙམ།
རང་ཉིད་ཀྱི་སྐྱོན་ཆ་རང་ཉིད་ཀྱིས་སེལ་དགོས་པ་ལས་མཛུབ་མོ་གཞན་བཙུགས་ཀྱིས་རང་ཉིད་ཀྱི་སྐྱོན་ཆ་ནམ་ཡང་སེལ་མི་ཐུབ།
མི་གཞན་གྱི་ཁ་ཟས་ཀྱིས་རང་ཉིད་གྲོད་པ་མི་རྒྱགས་པ་ལྟར། སྨྲ་བརྗོད་རང་དབང་ཟེར་ནས་ཆབ་སྲིད་མགོ་འཚོས་མདོག་མདོག་གིས། ཕར་ཕྱོགས་ཀྱི་བཟས་ཚད་དང་ལས་ཚད་ཐམས་ཅད་ལ་མ་འགྲིག་མ་བལྟོས་ཀྱིས་ཁ་ལྕེ་རྐྱང་རྐྱང་བརྡར་ནས་ཉི་མ་སྐྱེལ་བའི་རྟོག་སད་པ་དང་། སྐྱོན་བརྗོད་པ་དག ཕྱོགས་ལྷུང་གིས་ཞན་ཆ་ཆུང་ཆུང་ཞིག་ལ་སྒྲོ་བཏགས་ཀྱི་རྒྱན་ཆ་ཕ་བོང་ཙམ་བཀལ་ནས་གཟུར་གནས་ཀྱི་བློ་ཁ་རིང་དུ་དོར་ཞིང་། གནས་ཚུལ་གྱི་བྱུང་རིམ་ལ་གང་ཡང་མི་དཔྱོད་པར་ཡིག་ངག་གཉིས་ཀྱི་ཐོག་ནས་དྲ་ལམ་དང་སྐད་འཕྲིན་ཐོག་ཏུ་སྨྱོ་གཏམ་ལུང་པ་གང་བཤད་དེ། བླ་མ་དང་སློབ་མའི་བར། དགེ་རྒན་དང་དགེ་ཕྲུག་བར། བཟའ་ཚེ་རོགས་དང་། གྲོགས་ཕོ་མོའི་བར། ཕན་ཚུན་དམ་ཚིག་དཀྲུགས་པ། མཛའ་གྲོགས་ཡལ་བ། ཡིད་ཆེས་བརླགས་པ་སོགས་ཀྱིས་གནོད་པ་ཚབས་ཆེན་ཕོག་བཞིན་ཡོད། དེང་སང་གི་དུས་འདིར་བློ་ཆུང་དག་ནི་ཆུ་སྣ་གར་འཁྲིད་ལྟར་གཞན་གྱི་འུར་སྒྲོག་གི་རྗེས་སུ་འཇུག་པ་མང་བ་ཙམ་ལས། ད་ལྟ་བར་དུ་སྐྱོན་བརྗོད་ཀྱི་ཁྲོད་ནས་སུ་དང་གང་གི་སྐྱོན་སེལ་ཐུབ་ཡོད། མགོ་བླ་ཆེན་དང་མི་ཆེན། འོག་གྲྭ་པ་དང་བཙུན་མའི་བར་སྐྱོན་བརྗོད་གནམ་ས་མ་གཡོགས་ཙམ་བྱས་སོང་སྟེ། ད་ལྟ་བར་དུ་གྲུབ་འབྲས་གང་ཞིག་ཐོན་སོང་། དྲི་བ་འདི་ལ་སྐྱོན་བརྗོད་ཀྱི་རྟོག་སད་པ་དག་གིས་ལན་དོན་མཐུན་ཞིག་ཡོད་དམ། གལ་ཏེ་ཕྱོགས་ལྷུང་སྐྱོན་བརྗོད་ཀྱི་སྟོབས་ཤུགས་འོག་ནས་སྤྱི་ཚོགས་དེ་དང་འདི། མི་སྣ་དེ་དང་འདི་ལ་སྐྱོན་བརྗོད་ཀྱི་སྟོབས་ལས་ཕན་འབྲས་འདི་བྱུང་། ནུས་པ་འདི་ཐོན་ཟེར་ནས་མཛུབ་མོ་རེ་རེ་བྱས་ནས་གཟུགས་རྒྱུ་ཡོད་ན། བདག་གི་ལག་གཉིས་ཐལ་མོ་སྦྱར་ནས་མུ་མཐུད་དེ་རྟོག་སད་པ་དག་གིས་སྐྱོན་བརྗོད་ཀྱི་བྱེད་སྒོ་མང་ཙམ་སྤེལ་བའི་རེ་འབོད་ཞུ་ངེས་ཡིན། སྤྱི་ཚོགས་འདི་བརྟན་བརླིང་དང་། ཁོར་ཡུག་འདི་ལྷིང་འཇགས་སུ་བསྐྲུན་ཐུབ་ན། སྐྱོན་བརྗོད་ལོས་བྱེད་དེ། འདི་ལས་ལྡོག་སྟེ། སྐྱོན་བརྗོད་ཀྱི་སྟོབས་ལས་ཕན་ཚུན་འཁོན་འཛིན་བཟོ་བ་དང་། མཛའ་གྲོགས་བརླགས་པ་སོགས་ཉེས་པ་ཚབས་ཆེན་འབྱུང་བཞིན་ཡོད། སྐྱོན་བརྗོད་པ་ཕལ་ཆེ་བས་ཕར་ཕྱོགས་ཀྱི་ཞན་ཆ་ཟུར་ཙམ་བསྟན་ནས་མེད་མུག་གིས་ནག་པོ་ནག་རྐྱང་བཟོ་བ་མང་བས། སྐྱོན་བརྗོད་འདི་འདྲའི་ཁྲོད་ནས་ཕར་ཕྱོགས་ཀྱི་ཞན་ཆ་འདོར་ཐུབ་ཐབས་མེད། སྐྱེས་བུ་སུ་འདྲ་ཞིག་ཡིན་རུང་ནོར་འཁྲུལ་དང་སྐྱོན་གྱི་ཆ་ཡོད་ངེས་པས། གྲྭ་པ་ཡིན་ནའང་འདྲ། མི་སྐྱ་ཡིན་ནའང་འདྲ། གང་ལྟར་བྱེད་སྟངས་འགའ་ཤས་ཀྱི་ཐད་ནས་དམ་པའི་ལྷ་ཆོས་དང་མི་མཐུན་པ་ཙམ་གྱིས་འཇིག་རྟེན་མི་ཆོས་ཀྱི་དམན་སར་གཡུག་ཐབས་མེད།
དེང་སང་དུས་ལ་སྤྲུལ་སྐུ་དང་བླ་མ་འགའ་ཤས་ཀྱི་སྤྱོད་ཚུལ་དམ་པའི་ལྷ་ཆོས་དང་ཕྱོགས་ཙམ་འགལ་བར་སྣང་ཡང་། མ་བརྟགས་མ་དཔྱད་པའི་ཐོག་ནས་དེ་ལ་སྐྱོན་བརྗོད་ཀྱིས་མཚང་འབྲུ་གཏན་ནས་བྱེད་མི་རུང་། ཅི་མཛད་ལེགས་པར་མཐོང་མི་ཐུབ་ན་ཡང་། སྔོན་ལ་ངེས་པར་བརྟག་དགོས་ཏེ། བླ་མའི་མཛད་པ་མིས་མི་ཤེས། །སེང་གེའི་ཉལ་སྟངས་ཁྱིས་མི་ཤེས། །ཟེར་བའི་དཔེ་ལྟར། ཚུར་མཐོང་གི་ངོ་ལ་རྣམ་པར་མ་དག་པ་ཙམ་གྱིས་དོར་ཆ་ཡིན་པའི་ངེས་པ་གཏན་ནས་མེད། གྲུབ་བརྙེས་ཀྱི་སྐྱེས་བུ་དམ་པའི་སྤྱོད་པ་ནི་བླང་དོར་གཉིས་དང་བྲལ་བས་ཡ་མ་ཟུང་གི་སྤྱོད་ཚུལ་ལས་མ་འདས་པས། མི་ཆོས་རིང་ལུགས་དང་འགལ་བའི་སྤྱོད་ཚུལ་བསྟན་ན་ཡང་། དེ་དག་གི་ཁྲོད་དུ་ས་ཐོབ་ཀྱི་སྐྱེས་མཆོག་མེད་པ་མི་སྲིད་པས་དད་པའི་གནས་སུ་མ་མཐོང་ནའང་རེ་ཞིག་བཏང་སྙོམས་སུ་བཞག་དགོས་པར་མཐོང་སྟེ། དེ་ཡང་དཔུང་བཟང་གིས་ཞུས་པའི་མདོ་ལས། གང་གི་རང་བཞིན་ཆགས་སྡང་དང་བྲལ་ཡང་། །ཆགས་སེམས་ཅན་ལ་ཆགས་ལྟར་སྟོན་པ་དང་། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོར་སྟོན་པ། །བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། འགྲོ་བའི་གཞན་དོན་ལ་དགོངས་པའི་རྒྱལ་སྲས་དག་གི་དག་དང་མ་དག་གི་སྤྲུལ་སྒྱུ་སྣ་ཚོགས་པར་སྣང་བས། འདི་དག་ང་ཚོའི་གཟུང་འཛིན་རྣམ་རྟོག་ཅན་གྱི་སྤྱོད་ཡུལ་དུ་གྱུར་པ་མ་ལགས་པས། བསོད་ནམས་མ་ཡིན་པའི་སྨྲ་བ་ངན་པ་ནི་རང་གཞན་ཐམས་ཅད་འཁོར་བའི་གཏིང་དུ་ལྷུང་བྱེད་ཀྱི་ས་བོན་ཡིན་པས་སྐུར་འདེབས་སྒྲོ་འདོགས་སོགས་དོར་དགོས་པ་གལ་ཆེན་དུ་སེམས། གང་ལྟར་རང་ཉིད་ཀྱི་ཞན་ཆ་རང་ཉིད་ཀྱིས་སེལ་དགོས་པ་ལས་ཕ་རོལ་གྱི་སྐྱོན་བརྗོད་ཁོ་ནས་སྐྱོན་ཡོན་གྱི་ཁ་མཚམས་ཆོད་ཐབས་མེད།