སྤང་བྱ་རྟོག་པ་ལ་དཔྱད་པ་བྱིས་པའི་འཆར་སྣང་།

པདྨ་རྒྱལ་མཚན། འཛིན་རིམ་དྲུག་པ།

རྒྱལ་ཀུན་མཁྱེན་པའི་རང་གཟུགས་འཇམ་དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ།།

དེ་ཡང་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་ཉིད། དང་པོ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། བར་དུ་ཡུལ་མ་ག་དྷ་རུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། མཐར་སྔོན་སློབ་པ་ལམ་གྱི་སྐབས་སུ་ཇི་ལྟར་ཐུགས་བསྐྱེད་པ་བཞིན་དུ་འགྲོ་ཀུན་བདེ་ནས་བདེ་བར་འདྲེན་པའི་རྒྱུ་གཅིག་པུ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བར་མཛད་པ་ལས། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི། གཞི་ཤེར་ཕྱིན་དངོས་ཀྱི་བརྗོད་བྱ་གཙོ་བོར་བསྟན་ཅིང་། ཤུགས་ལ་ལམ་ཤེར་ཕྱིན་སོགས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བསྟན་པའི་ཡུམ་སྲས་བཅུ་བདུན་ལ་སོགས་པའི་ཤེར་ཕྱིན་གྱི་མདོ་སྡེ་དག་གོ །དེའི་དགོངས་པ་འགྲེལ་བའི་འགྲེལ་བྱེད་མཁན་པོ་གྲངས་དང་ཚད་མེད་པ་ནམ་མཁའི་རྒྱུ་སྐར་བཞིན་དུ་མཆིས་ན་ཡང་། རྣམ་དཔྱོད་དང་ཤེས་རབ་འགྲན་ཟླ་བྲལ་བའི་འགྲེལ་བྱེད་མཁན་པོ་རབ་དང་ཕུལ་དུ་བྱུང་བའི་ནང་ནས་ཉི་ཟླ་ལྟར་གྲགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་རྒྱལ་ཚབ་བྱམས་མགོན་གཉིས་ཡིན་ལ། དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། ཆོས་ཐམས་ཅད་ཡེ་ནས་ཡོད་མེད་སྐྱེ་འགག་ལ་སོགས་པའི་དགག་སྒྲུབ་ཀྱི་སྤྲོས་པ་ཀུན་དང་བྲལ་ཞིང་། སྨྲ་བསམ་བརྗོད་པ་ལས་འདས་པ་ཤེར་ཕྱིན་མདོ་ཡི་དངོས་བསྟན་གནས་ལུགས་དེ་བཞིན་ཉིད་དམ་བདེ་གཤེགས་སྙིང་པོའི་ངོ་བོ་སྟོང་ཆ་རྣམ་གྲངས་མིན་པའི་དོན་དམ་གསལ་བར་མཛད་པ་དང་། རྒྱལ་ཚབ་བྱམས་མགོན་གྱིས། ཤེར་ཕྱིན་མདོ་ཡི་སྦས་དོན་མངོན་རྟོགས་ཀྱི་རིམ་པ་དག་དངོས་པོ་བརྒྱད་དུ་བསྡུས་ཏེ། ཐེག་པ་གསུམ་གྱི་རྟོགས་རིགས་རྣམས་མ་འདྲེས་པར་ནམ་མཁའི་འཇའ་ཚོན་བཞིན་དུ་སྣང་སྟོང་ཟུང་དུ་འཇུག་པའི་ཡ་གྱལ་བདེ་གཤེགས་སྙིང་པོའི་ཡོན་ཏན་སྣང་ཆའི་སྒོ་ནས་གསལ་བར་བསྟན་པས། སྣང་སྟོང་གང་རུང་དངོས་ཤུགས་རྩལ་འདོན་གྱིས་གཏན་ལ་འབེབས་ཚུལ་ཙམ་ལས། ཤིང་རྟ་ཆེན་པོ་གཉིས་ཀྱི་དགོངས་པ་གནད་གཅིག་ཏུ་བབས་པས་གཞུང་དེ་གཉིས་ཕན་ཚུན་འགལ་འདུ་མིན་པར་བུ་རམ་དང་སྦྲང་རྩི་བཞིན་བློ་ལྡན་དག་གིས་ལྷན་ཅིག་ཏུ་མྱངས་ནས་ཡིད་དགའ་བར་བྱ་སྟེ། ངེས་སྒྲོན་ལས། [1]ཀླུ་སྒྲུབ་ལུགས་དང་བྱམས་པའི་གཞུང་། །ཕན་ཚུན་བུ་རམ་སྦྲང་རྩི་བཞིན། །ལྷན་ཅིག་ཡིད་དགས་བདེར་འཇུ་ཡི། །གཞན་དུ་མི་འཕྲོད་ཟས་བཞིན་དུ། །ཞེས་སོ།།

འདི་ཡན་འཕྲོས་བཤད་ཀྱི་ཚུལ་དུ་བྱས་ནས། སྐབས་འདིར་རྒྱལ་ཚབ་བྱམས་མགོན་གྱིས་མདོ་ཡི་སྦས་དོན་ཐེག་པ་ཆེན་པོའི་མངོན་རྟོགས་མཐའ་དག་བརྒྱད་དུ་བསྡུས་ཏེ། གསལ་རྒྱས་རྫོགས་གསུམ་གྱི་སྒོ་ནས་བསྟན་པའི་མངོན་རྟོགས་རྒྱན་གྱི་བརྗོད་བྱའི་ཆ་ཤས་ཐེག་ཆེན་གྱི་ངེས་འབྱེད་ཡན་ལག་འདི་ཉིད། ཐེག་དམན་སྦྱོར་ལམ་ལས་ཁྱད་པར་འཕགས་ཆོས་བཞིའམ་ལྔར་གསུངས་པའི་མཚུངས་ལྡན་རྟོག་པ་ལས་འཕྲོས་པའི་སྤང་བྱ་རྟོག་པ་བཞི་ནི་གང་དཔྱད་པར་བྱ་བའི་གཞིའོ།།

སྤང་བྱ་རྟོག་པའི་ངོ་བོ།

འགྲོ་བ་མི་ཞིག་ཡིན་ནས་བཟུང་ཁམས་དང་མོས་པ་ཐ་དད་པ་དང་། དབང་པོའི་ཁྱད་པར་ལ་བརྟེན་ནས་རྣམ་དཔྱོད་ཀྱི་གོམ་རླབས་ཆེ་ཆུང་སྣ་ཚོགས་ཤིག་བྱུང་བས། སྤང་བྱ་རྟོག་པའི་ངོ་བོ་ངོས་འཛིན་སྟངས་ལ་ཡང་མཁས་པ་རྣམས་ཀྱི་བཞེད་པ་ཐ་དད་པར་བྱུང་སྟེ། ཁ་ཅིག་གིས། སྤྱིར་གཟུང་རྟོག་ནི། ཀུན་བྱང་གི་ཆོས་ལ་དམིགས་ནས་ལོངས་སྤྱད་བྱར་ཞེན་པ་དང་། འཛིན་རྟོག་ནི། གང་ཟག་གི་གདགས་གཞི་ལ་དམིགས་ནས་ལོངས་སྤྱོད་བྱེད་དུ་ཞེན་པ་དང་། བྱེ་བྲག་ཀུན་ཉོན་གཟུང་རྟོག་སོགས་རྟོག་པ་བཞི་རིམ་བཞིན། ཀུན་ཉོན་གྱི་ཆོས་ལ་དམིགས་ནས་དོར་བྱར་ཞེན་པ་དང་། རྣམ་བྱང་གི་ཆོས་ལ་དམིགས་ནས་བླང་བྱར་ཞེན་པ་གཟུང་རྟོག་གཉིས་དང་། གང་ཟག་གི་གདགས་གཞི་རྫས་གྲུབ་ལ་དམིགས་ནས་ལོངས་སྤྱོད་པ་པོར་ཞེན་པ་དང་། གང་ཟག་གི་གདགས་གཞི་བཏགས་པ་ཙམ་ལ་དམིགས་ནས་ལོངས་སྤྱོད་པ་པོར་ཞེན་པ་འཛིན་རྟོག་གཉིས་ཀྱི་ངོ་བོར་འདོད་དོ། །ཁ་ཅིག་གིས་རྟོག་པ་ལ་དགག་རྟོག་དང་སྒྲུབ་རྟོག་གཉིས་ཀ་ཡོད་པར་ཁས་བླངས་ནས། དགག་རྟོག་ནི་སྦྱོར་ལམ་མཉམ་གཞག་དང་མཚུངས་པར་ལྡན་པས་གོང་གི་དམིགས་པ་བཞི་པོ་རང་བཞིན་མེད་པར་ཞེན་པ་དང་། སྒྲུབ་རྟོག་བཞི་ནི་སྦྱོར་ལམ་རྗེས་ཐོབ་ཀྱི་སྐབས་སུ་ལྡན་པས་གོང་གི་ཞེན་པ་དང་འདྲ་བར་བླང་དོར་དུ་ཞེན་པ་དང་ལོངས་སྤྱོད་པ་པོར་ཞེན་པ་ནི་སྤང་བྱ་རྟོག་པའི་ངོ་བོར་འདོད་དོ།།

འདི་དག་ནི་མཁས་པ་དག་གིས་རང་རང་གི་རྣམ་དཔྱོད་ལས་འཁྲུངས་པའི་གོ་བ་ལེན་ཕྱོགས་རེ་ཡིན་པ་ལས་རྒྱལ་བའི་མདོ་དང་། རྒྱ་གར་མཁས་པའི་བསྟན་བཅོས་རྣམས་ལ་ཁུངས་སུ་བྱས་ཏེ་བཤད་མི་འདུག་ཅིང་། ཁྱད་པར་དུ་དེ་འདྲའི་སྤང་བྱ་རྟོག་པའི་ངོ་བོ་འཕགས་སེང་གཉིས་ཀྱི་གཞུང་གང་དུའང་གསལ་ཁ་མི་སྣང་ངོ་། །དེས་ན་གོང་གི་རྟོག་པའི་ངོ་བོ་འཇོག་སྟངས་དག་ལ་བརྟགས་ན་བླང་དོར་རྣ་བར་མ་གོ་བའི་འགྲོ་བ་དག་ལ་གཟུང་རྟོག་དང་པོ་གཉིས་མེད་པར་འགྱུར་ཏེ། གཟུང་རྟོག་རྣམས་བླང་དོར་དུ་ཞེན་དགོས་པ་གང་ཞིག་དེ་དག་གིས་བླང་དོར་གོ་ཡང་མ་མྱོང་བའི་ཕྱིར། བླང་དོར་མི་ཤེས་པས་བླང་དོར་དུ་ཇི་ལྟར་ཞེན་ཏེ་ཞེན་མི་རིགས་སོ། །ཡང་ཡུལ་ལ་བདེན་པར་ཞེན་པའི་རྣམ་རྟོག་ཡིན་ན་སྐབས་འདིའི་གཟུང་རྟོག་མ་ཡིན་པར་འགྱུར་ཏེ། བླང་དོར་དུ་མ་ཞེན་པའི་ཕྱིར་རོ།།

དེས་ན་ཁོ་བོས་ནི་འཕགས་སེང་གཉིས་ཀྱི་གཞུང་ནས་ཇི་ལྟར་བྱུང་བ་ཁུངས་སུ་བྱས་ཏེ་ཅུང་ཟད་བཤད་ན། ཉི་ཁྲི་སྣང་བ་ལས། [2]རྣམ་པར་རྟོག་པ་རྣམ་པ་བཞི་སྟེ། ཇི་ལྟར་ཞེ་ན། གཟུང་བའི་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། དངོས་པོ་ཙམ་ལ་བརྟེན་པ་དང་། གཉེན་པོའི་ཕྱོགས་ལ་བརྟེན་པའོ། །ཙམ་སྨོས་པ་ནི་ཁྱད་པར་གསལ་བའི་དོན་དུ་ཡིན་ནོ། །འཛིན་པའི་རྣམ་པར་རྟོག་པ་རྣམ་པ་གཉིས་ཏེ། གང་ཟག་རྫས་སུ་ཡོད་པའི་རྟེན་ཅན་དང་། སྐྱེས་བུ་བཏགས་པར་ཡོད་པའི་རྟེན་ཅན་ནོ། །ཞེས་སྤྱིར་རྟོག་པའི་དབྱེ་ངོ་ཙམ་ཞིག་བསྟན་ནས་བྱེ་བྲག་རྟོག་པ་དགུ་པོ་སོ་སོའི་ངོ་བོ་ནི། དེ་ཉིད་ལས། [3]དེ་ལ་དང་པོ་གཟུང་བའི་རྣམ་པའི་རྣམ་པར་རྟོག་པའི་རྣམ་པ་དགུར་འགྱུར་བ་ལས། མ་རིག་པའི་རྣམ་པར་རྟོག་པ་ནི་མ་རིག་པའི་སྟོབས་ཀྱིས་ཇི་ལྟ་བ་མ་ཡིན་པར་མངོན་པར་ཞེན་པ་སྟེ། དེ་ནི་ཤཱ་རིའི་བུ་ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཇི་ལྟར་མངོན་པར་ཞེན་པ་དེ་ལྟར་ཡོད་པ་མ་ཡིན་ནོ། །ཞེས་དང་། དེ་ཉིད་ལས། [4]གཟུགས་ལ་སོགས་པའི་ཕུང་པོའི་རྣམ་པར་རྟོག་པ་ནི། ཞེས་དང་། རྒྱན་སྣང་ལས། [5]འདི་སྙམ་དུ་མ་རིག་པའི་རྣམ་པར་རྟོག་པའི་སྟོབས་ཀྱིས་ཡོད་པ་ཉིད་དུ་ཉེ་བར་དམིགས་པས་ཇི་ལྟར་མངོན་པར་ཆགས་པ་དེ་བཞིན་དུ་ཡོད་པ་མ་ཡིན་ཏེ། ཞེས་དང་། དེ་ཉིད་ལས། [6]དེ་ལ་མངོན་པར་ཞེན་པའི་རྣམ་པར་རྟོག་པ་དང་ལྡན་པས་ཕྱིན་ཅི་ལོག་ཏུ་བསྒྲུབ་པའི་ཕྱིར། རང་གི་ངོ་བོ་ཉམས་སུ་མྱོང་བ་མེད་པས་མི་དད་ཅིང་ལྷག་པར་མི་མོས་སོ། །ཞེས་གསུངས་པ་ལྟར་གཟུང་རྟོག་གཉིས་ནི། མདོར་ན་ཀུན་བྱང་གི་ཆོས་ཅི་རིགས་ལ་དམིགས་ནས་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པའམ་མངོན་པར་ཞེན་པ་ཡིན་དགོས་པ་ནི་འཕགས་སེང་གཉིས་ཀྱི་གཞུང་དུ་གསལ་ཁ་སྣང་བ་ཉི་ཤར་སྦར་མོས་བཀབ་ཀྱང་མི་ཁེབས་པ་ཞིག་ཡིན་པས་ན། ཁོ་བོས་ཀྱང་སྤྱིར་གཟུང་རྟོག་གི་ངོ་བོ་ནི། ཀུན་བྱང་གི་ཆོས་ཅི་རིགས་ལ་དམིགས་ནས་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་དང་། བྱེ་བྲག་ཀུན་ཉོན་དང་རྣམ་བྱང་གི་གཟུང་རྟོག་ནི། ཀུན་ཉོན་གྱི་ཆོས་ལ་དམིགས་ནས་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་དང་། རྣམ་བྱང་གི་ཆོས་ལ་དམིགས་ནས་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པའོ།།

འཛིན་རྟོག་གི་ངོ་བོ་ནི། ཉི་ཁྲི་སྣང་བ་ལས། [7]བདག་རང་དབང་ཅན་གྱི་རྣམ་པར་རྟོག་པ་ནི། ཤཱ་རིའིི་བུ་བདག་ཉེ་བར་མི་དམིགས། སེམས་ཅན་དང་། སྲོག་དང་། གང་ཟག་ཉེ་བར་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་དང་། དེ་ཅིའི་ཕྱིར་ཞེ་ན། ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མེད་ཅིང་མི་དམིགས་སོ། །ཞེས་དང་། རྒྱན་སྣང་ལས། [8]བཏགས་པ་ཙམ་ཁོ་ནའི་སྐྱེས་བུ་ནི་འཛིན་པའོ་ཞེས་མངོན་པར་ཞེན་ན་ལོག་པར་སྣང་བ་ཡིན་པའི་ཕྱིར། ཞེས་དང་། [9]སྡུད་པ་རྒྱན་སྦྱར་ལས། དེ་གཉིས་ལ་འཛིན་པ་པོའམ་ལོངས་སྤྱོད་པ་པོ་གང་ཟག་རྫས་ཡོད་ཀྱིས་ལོངས་སྤྱོད་སྙམ་པའི་རྟོག་པ་དང་། རྫས་སུ་མེད་ཀྱང་བཏགས་པའི་སྐྱེས་བུ་ཙམ་ལོངས་སྤྱོད་པ་པོར་འཛིན་པ་སྟེ་གཉིས་སུ་ཡོད་པས་སྤྱིར་བཞི་དང་། ཞེས་གསུངས་པ་ལྟར་བདག་གི་རང་བཞིན་མ་དམིགས་པ་དངོས་སུ་བསྟན་ནས་ལྡོག་ཕྱོགས་བདག་གི་གདགས་གཞི་དམིགས་པའི་རྣམ་པ་ཅན་གྱི་རྣམ་རྟོག་ལ་རྫས་འཛིན་རྟོག་པ་དང་། གདགས་གཞི་དོན་ལ་མ་གྲུབ་ཀྱང་ཐ་སྙད་དུ་བཏགས་ཙམ་ལ་དམིགས་ནས་འཛིན་པ་པོའམ་ལོངས་སྤྱོད་པ་པོ་སོགས་མངོན་པར་ཞེན་པ་ལ་བཏགས་འཛིན་རྟོག་པར་གསུངས་པ་བཞིན་སྤྱིར་འཛིན་རྟོག་ནི་ཡུལ་ལ་ལོངས་སྤྱོད་པ་པོར་ཞེན་དགོས་པར་དངོས་སུ་གསུངས།

དེས་ན་འཛིན་རྟོག་གི་ངོ་བོ་ནི། གང་ཟག་རྫས་བཏགས་གང་རུང་ལ་དམིགས་ནས་ལོངས་སྤྱོད་པ་པོར་འཛིན་པའི་རྣམ་པར་རྟོག་པ་དང་། བྱེ་བྲག་རྫས་འཛིན་དང་བཏགས་འཛིན་རྟོག་པ་གཉིས་ཀྱི་དམིགས་ཡུལ་ཐ་དད་པ་ཙམ་ལས་འཛིན་ཚུལ་ལོངས་སྤྱོད་པ་པོར་འཛིན་པ་ལ་ཁྱད་པར་མེད་དོ། །ཕྱི་མ་ནི་བདེན་མེད་རྟོགས་ཟིན་པའི་གང་ཟག་ཁོ་ནའི་རྒྱུད་ལ་ཡོད་ཅིང་། རྟོག་པ་འདི་དག་ནང་ཕན་ཚུན་གཞི་མཐུན་མེད་པ་མིན་པས་ཕྱི་མ་གཉིས་སྔ་མར་གྱུར་པ་ཡོད་དོ། །བཞིར་བཞག་པ་ནི་ངེས་འབྱེད་ཡན་ལག་བཞི་ལ་རིམ་པས་སྤང་བྱར་ལྡན་པས་སོ། །འོ་ན་རྟོག་པ་འདི་དག་ངོ་བོ་དགག་རྟོག་དང་སྒྲུབ་རྟོག་གང་ཡིན་ཞེ་ན། མཁས་པ་ལ་ལས་དགག་རྟོག་དང་། ལ་ལས་སྒྲུབ་རྟོག ལ་ལས་གཉིས་ཀ་ཡོད་པར་བཞེད་པ་སྣ་ཚོགས་ཡོད་ཀྱང་ཕྱི་མ་ལྟར་འཐད་དེ། དགག་པའི་རྣམ་པ་ཅན་གྱི་རྣམ་རྟོག་ཤེས་སྒྲིབ་དང་། སྒྲུབ་པའི་རྣམ་པ་ཅན་གྱི་ཤེས་སྒྲིབ་མ་ལུས་པ་རྟོག་པ་བཞིར་འདུས་པས་སོ།།

གནས་ལུགས་མ་རྟོགས་པའི་རྣམ་རྟོག་ལ་སྒྲིབ་པས་ཁྱབ་པ།

དེ་ལ་ལམ་གྱི་རང་བཞིན་ཉོན་མོངས་མི་སྤོང་ཞེས་པའི་ཉོན་མོངས་ངོས་འཛིན་ཚུལ་ལ་མཁས་པ་ཕལ་མོ་ཆེས་ལམ་གྱི་རང་བཞིན་ཉོན་མོངས་དེ་ཐེག་ཆེན་ལམ་གྱི་ཐབས་ཀྱི་ཆར་གྱུར་པའི་ཀུན་རྫོབ་སེམས་བསྐྱེད་སོགས་ལ་ངོས་བཟུང་ནས་དེ་ཉིད་རྣམ་པ་ཀུན་ཏུ་ལམ་ཤེས་ཀྱིས་མི་སྤོང་ཞིང་། ཉོན་ཤེས་ཀྱི་སྒྲིབ་པ་གང་ཡང་མིན་པར་འདོད། དེས་ན་ཐབས་ཀྱི་ཆར་གྱུར་པའི་ལམ་དེ་དག་གནས་ལུགས་མ་རྟོགས་པའི་རྣམ་རྟོག་ཡིན་ཀྱང་སྒྲིབ་པ་མིན་པས་རྣམ་རྟོག་ལ་སྒྲིབ་པས་མ་ཁྱབ་པར་བཞེད་དོ།།

འོན་ཀྱང་རྒྱ་གར་མཁས་པའི་གཞུང་ཚིག་དག་འཁྱོག་བཤད་མ་བྱས་པར་ཐད་ཀར་དྲང་པོའི་ལམ་ནས་གཞིགས་ན། མངོན་ཞེན་ཅན་གྱི་བློའམ་དམིགས་པ་ཅན་གྱི་བློ་ཞིག་ཡིན་ནས་བཟུང་། གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་པས་ནང་གསེས་དགེ་སྡིག་ཅི་འདྲ་ཡོད་རུང་། གནས་ལུགས་ལ་སྒྲིབ་པ་གཅིག་མཚུངས་ཡིན་པས་བློ་དེ་དག་ངོ་བོ་མཐར་འཛིན་ལས་མ་འདས་ཏེ་སྤྲིན་དཀར་ནག་གང་ཡིན་ཀྱང་ཉི་མ་སྒྲིབ་པ་ལ་ཁྱད་མེད་པ་བཞིན་ནོ། །མཐར་འཛིན་ཞིག་ཡིན་ཕྱིན་སྒྲིབ་པ་མིན་པར་གཏན་ནས་མེད། དེས་ན་སྤྱིར་ཤེས་པ་ལ་རྣམ་པར་རྟོག་པ་དང་། རྣམ་པར་མི་རྟོག་པ་གཉིས་སུ་ངེས། དེ་ཡང་ཚད་མའི་སྐབས་ནས་སྒྲ་དོན་འདྲེས་རུང་ངམ་འདྲེས་པར་འཛིན་པ་ལ་རྟོག་པ་དང་། དེ་དང་བྲལ་བ་ལ་རྟོག་མེད་ཅེས་འཇོག་པའི་གོ་བ་ནི་འདིར་མི་འདོད་དེ། སྒྲ་དོན་འདྲེས་འཛིན་གྱི་རྟོག་པ་དང་བྲལ་བའི་སོ་སྐྱེ་རྒྱུད་ཀྱི་དབང་ཤེས་རྣམས་ཚད་མའི་སྐབས་ནས་བསྟན་པའི་རྟོག་མེད་ཡིན་ཀྱང་སྐབས་འདིར་རྣམ་རྟོག་དང་། གནས་ལུགས་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་རྟོག་པ་རྣམས་ནི་སྐབས་འདིར་རྣམ་པར་མི་རྟོག་པའོ།།

དེས་ན་རྣམ་པར་རྟོག་པའི་གོ་དོན་ནི། དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་གསུངས་པ་ལྟར་གནས་ལུགས་ཡང་དག་པར་རྟོགས་པ་མ་ཡིན་པའི་ཁམས་གསུམ་གྱི་སེམས་སེམས་བྱུང་གིས་བསྡུས་པའི་ཀུན་རྟོག་དང་། རྣམ་པར་མི་རྟོག་པ་ནི། སྒྲོ་འདོགས་སོ་གཉིས་དང་བྲལ་བའི་གནས་ལུགས་རྟོགས་པའི་ཤེས་རབ་སྟེ། ཉི་ཁྲི་སྣང་བ་ལས། [10]རྟོག་པ་མེད་པ་དང་རྣམ་པར་རྟོག་པ་མེད་པས་སོ། །ཞེས་གསུངས་སོ། །དེ་ལ་རྟོག་པ་དང་རྣམ་པར་རྟོག་པ་ནི་དངོས་པོ་དང་དེའི་མཚན་མ་ལ་མངོན་པར་ཞེན་པ་སྟེ། དེ་མེད་པའི་ཕྱིར་ཆགས་པ་མེད་པ་ཉིད་དུ་རིག་པར་བྱའོ། །ཞེས་དང་། གྲུབ་མཐའ་མཛོད་ལས། [11]འདི་ལྟར་སྦྱོར་ལམ་ཆ་བཞི་བསྒོམ་དུས་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཉམ་གཞག་གི་ཆ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། དེ་ལས་ལངས་པའི་རྗེས་ཐོབ་ནི་རྟོག་པ་རྟོག་མེད་ཅི་རིགས་སུ་ཡོད་དོ། །ཞེས་དང་། དབུ་མ་རྒྱན་འགྲེལ་ལས། [12]རྣམ་པར་མི་རྟོག་པ་ནི་སྤྲོས་པ་ཐམས་ཅད་ལས་ལོག་ཅིང་གཟུང་འཛིན་མེད་པས་རབ་ཏུ་ཕྱེ་བ་ཡིན་པས་ན། དེའི་སྤྱོད་ཡུལ་དུ་དམིགས་པ་བྱར་ཡོད་པར་མི་སྟོན་ཏེ། ཞེས་པ་བཞིན། མདོར་ན་རྣམ་པར་མི་རྟོག་པ་ནི་དགག་སྒྲུབ་ཀྱི་རྟོག་པ་ཐམས་ཅད་ལས་འདས་པའི་དེ་ཁོ་ན་ཉིད་ཡུལ་སྐྱེ་མེད་ཡིན་པ་ལ་བློ་ཡང་སྐྱེ་མེད་དུ་སོང་བའི་སོ་སོ་རང་རིག་པའི་ཡེ་ཤེས་ཏེ། ཤན་འབྱེད་བློ་གྲོས་སྣང་བ་ལས། [13]དེས་ན་དགག་རྟོག་སྒྲུབ་རྟོག་གང་ཡིན་ཀྱང་རྣམ་རྟོག་ལས་མི་འདའ་ལ། མི་རྟོག་པའི་ཡེ་ཤེས་ནི་དགག་རྟོག་སྒྲུབ་རྟོག་གང་ཡང་མིན་ཏེ་གང་དུའང་མི་རྟོག་པ་ཡིན་ནོ། །ཞེས་སོ།།

གནད་འདི་དག་ལེགས་པར་མ་ཟིན་པའི་སྟོབས་ཀྱིས་རྒྱུན་དུ་དཔྱད་གཞི་འདི་དག་འབྱུང་བ་སྟེ། སློབ་པའི་ཀུན་རྫོབ་སེམས་བསྐྱེད་དང་། ཉན་རང་གི་རྒྱུད་ཀྱི་གང་ཟག་བདག་མེད་རྟོགས་པའི་བློ་དང་། སོ་སྐྱེ་རྒྱུད་ཀྱི་དབང་ཤེས་རྣམས་རྣམ་རྟོག་ཇི་ལྟར་ཡིན་པའི་ཚུལ་དང་། སྒྲིབ་པར་ཇི་ལྟར་འགྲོ་ཚུལ་དག་ནི་དཀའ་བའི་གནད་ཀྱི་དོན་ཏེ། འདི་དག་ལ་འཕགས་སེང་གཉིས་དང་ཀུན་མཁྱེན་ཡབ་སྲས་ཀྱི་ཚད་ལྡན་ཡིག་ཆ་དག་ཁུངས་སུ་བྱས་ཏེ་ཅུང་ཟད་བཤད་ན། དེ་ཡང་ཀུན་རྫོབ་སེམས་བསྐྱེད་ནི་ཡུལ་ལ་མངོན་ཞེན་ཅན་དང་། གནས་ལུགས་ལ་རྨོངས་པའི་རྨོངས་པ་དང་། རྫོགས་བྱང་ལ་ཆགས་པའི་ངོ་བོར་གསུངས་ཏེ། རྒྱན་སྣང་ལས། [14]ཇི་ལྟར་ན་སེམས་བསྐྱེད་པ་ཆགས་པ་ཡིན་ཞེས་སྨྲས་པ་ནི། འཕགས་པ་རབ་འབྱོར་རྣམ་གྲངས་གང་གིས་ཡིན་ཞེས་བྱ་བ་ལ་སོགས་པའོ། །ཕྱིན་ཅི་ལོག་ཏུ་འཇུག་པས་ན་ཀཽ་ཤི་ཀ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞེས་དང་། དེ་ཉིད་ལས། [15]དེ་བཞིན་གཤེགས་པ་ལ་སོགས་པ་ཡིད་ལ་བྱེད་པ་ལ་སོགས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱིས་གཉེན་པོ་ཡིན་ན་ཡང་ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་གཉེན་པོའི་ཕྱོགས་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཞེས་སོ། །སྤྱོད་འཇུག་ལས། [16]སྡུག་བསྔལ་ཉེ་བར་ཞི་དོན་དུ། །འབྲས་བུའི་རྨོངས་པ་བཟློག་མི་བྱ། །ཞེས་དང་། དེའི་འགྲེལ་པ་ཀེ་ཏ་ཀ་ལས། [17]རེ་ཞིག་ཆོས་ཉིད་མངོན་དུ་འགྱུར་བའི་སངས་མ་རྒྱས་ཀྱི་བར་དུ་འབྲས་བུ་མི་གནས་པའི་མྱང་འདས་ལ་ཀུན་རྫོབ་ཙམ་དུ་འཐོབ་བྱར་ལྟ་བའི་རྨོངས་པ་ནི་བཟློག་པར་མི་བྱ་སྟེ། ཞེས་དང་། གྲུབ་མཐའ་མཛོད་ལས། [18]འཁོར་གསུམ་ལ་བདེན་ཞེན་དང་མ་བྲལ་བ་གང་དགེ་བ་ཟག་བཅས་སམ་མ་བསྒྲིབས་ལུང་མ་བསྟན་གྱི་ངོ་བོ་གཟུང་འཛིན་གྱི་རྟོག་པ་ཡུལ་ཡུལ་ཅན་ནི་ཤེས་སྒྲིབ་ཡིན་ནོ། །ཞེས་པ་ལྟར་སློབ་པའི་ཀུན་རྫོབ་སེམས་བསྐྱེད་དང་སྙིང་རྗེ་སོགས་ཡུལ་ལ་མངོན་ཞེན་ཅན་གྱི་དགེ་བ་ཟག་བཅས་ཡིན་པས་སེམས་བསྐྱེད་ནི་རྣམ་བྱང་གཟུང་རྟོག་ལས་མ་འདས་པས་ཤེས་སྒྲིབ་བོ།།

སོ་སྐྱེའི་རྒྱུད་ཀྱི་དབང་ཤེས་རྣམས་ཀྱང་ཡུལ་གྱི་གནས་ལུགས་ཇི་བཞིན་པར་མི་སྣང་བར་ཡུལ་བདེན་སྣང་ཅན་གྱི་ཤེས་པ་སྟེ། རྒྱུད་ལ་བདེན་འཛིན་མངོན་གྱུར་ཡོད་པའི་སྟོབས་ཀྱིས་དབང་ཤེས་ལ་ཡང་དོན་ལྔ་པོ་ཡོད་ཡོད་གྲུབ་གྲུབ་ལྟར་དུ་སྣང་ཞིང་འཛིན་པའི་ཕྱིར། རྣམ་འགྲེལ་ལས། [19]རྣམ་ཤེས་ཡུལ་འཛིན་པ་ཡི་ཆོས། །ཇི་ལྟར་ཡོད་དེ་འཛིན་པ་དང་། །ཞེས་གསུངས། དོན་དུ་དབང་ཤེས་ལ་སྣང་བ་ལྟར་གྲུབ་པ་མེད་ཀྱང་། ཕྱིན་ཅི་ལོག་གིས་བསླད་པའི་རྐྱེན་གྱིས་དམིགས་པའི་རྣམ་པ་ཅན་ནམ་མཚན་མར་འཛིན་པས་ན་གནས་ལུགས་རྟོགས་པའི་ཚད་མ་ལ་ལྟོས་ན་དེ་དག་ཚད་མ་མིན་པའི་གནད་ཀྱང་འདི་ལ་ཐུག་པ་སྟེ། དབུ་མ་ལ་འཇུག་པ་ལས། [20]གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པའང་མ་ཡིན་ནོ། །ཞེས་གསུངས་པ་བཞིན་མདོར་ན་ཡུལ་དོན་ལ་མ་གྲུབ་ཀྱང་གྲུབ་པ་ལྟར་སྣང་ཞིང་འཛིན་པའི་ཕྱིན་ཅི་ལོག་ཡིན་པས་ཤེས་བྱའི་སྒྲིབ་པ་ལས་མ་འདས་སོ།།

ཉན་རང་གི་རྒྱུད་ཀྱི་གཞི་ཤེས་ཀྱང་སྒྲོ་འདོགས་སོ་གཉིས་དང་མ་བྲལ་བར་བདག་དང་བདག་མེད་གཉིས་ལས་བདག་མེད་ལ་འཛིན་སྟངས་ཅན་གྱི་མཐའ་གཅིག་འཛིན་རྣམས་མཐར་འཛིན་དང་། མཚན་མར་འཛིན་པའི་རྣམ་པ་ཅན་ཡིན་པས་ན་རིང་བའི་གཞི་ཤེས་སུ་གྱུར་ནས་གནས་སྐབས་གཉེན་པོ་ཡིན་ཀྱང་བྱང་སེམས་ལམ་གྱི་སྤང་བྱར་མཚོན་པ་སྟེ། མངོན་རྟོགས་རྒྱན་ལས། [21]དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་སྟེ། །ཞེས་སོ། །མདོར་ན་གོང་དུ་བཤད་པའི་བློ་རྣམས་རྣམ་རྟོག་ཏུ་ཟད་ལ། རྣམ་རྟོག་ཅིག་ཡིན་ནས་བཟུང་འཛིན་སྟངས་ཅན་གྱི་བློ་ཡིན་པས་ཁྱབ། འཛིན་སྟངས་ཡོད་ཕྱིན་ཆད་མཐའ་བཞིའི་འཛིན་སྟངས་ལས་ལོགས་སུ་གྱུར་པ་མེད་པའི་ཕྱིར་ཏེ། ངེས་སྒྲོན་ལས། [22]མཐའ་བཞི་ལས་འདས་འཛིན་སྟངས་ཤིག །མེད་པས་འཛིན་སྟངས་མེད་པར་འདོད། །ཅེས་སོ། །དེས་ན་འཛིན་སྟངས་ཅན་གྱི་བློ་ལ་མཐར་འཛིན་དུ་ངེས་ཤིང་། མཐར་འཛིན་ལ་སྒྲིབ་པས་ཁྱབ་པ་ཀུན་ཀྱིས་ཤེས་པས་སོ། །འོ་ན་སློབ་པའི་ཀུན་རྫོབ་སེམས་བསྐྱེད་སྒྲིབ་པ་ཡིན་ན་རྣམ་མཁྱེན་ཐོབ་པ་ལ་གེགས་བྱེད་པར་འགྱུར་བས་རྣམ་མཁྱེན་གྱི་རྒྱུ་མ་ཡིན་པར་འགྱུར་ལ། དེ་ལྟར་ན་དབུ་མ་རྒྱན་འགྲེལ་ལས་རྣམ་མཁྱེན་གྱི་རྒྱུ་རྐྱེན་དུ་བཤད་པ་དང་འགལ་ལོ་ཞེ་ན། བདེན་མོད་ཀྱི། སྤྱིར་དབུ་མ་རྒྱན་གྱི་གཞུང་དུ་ཐ་སྙད་རྣམ་གཞག་སེམས་ཙམ་པ་ལྟར་བཞེད་པ་ཡིན་ལ། སེམས་ཙམ་པས་རྣམ་མཁྱེན་ཚད་མ་ཡིན་པས་འདུས་བྱས་སུ་ཁས་ལེན་པ་སྟེ། རྣམ་འགྲེལ་ལས། ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང་། །ཤེས་བྱ་མི་རྟག་པ་ཉིད་ཀྱིས། །དེ་ནི་མི་བརྟན་ཉིད་ཕྱིར་རོ། །ཞེས་གསུངས་པ་ལྟར་དབུ་མ་རྒྱན་འགྲེལ་དུ་རྒྱུ་ལས་སྐྱེས་པར་གསུངས་པའང་སེམས་ཙམ་པའི་ལུགས་ཡིན་ཞེས་བཤད་ན་མི་འགྲིག་པ་ཆེས་མི་སྣང་ཡང་། ཀུན་མཁྱེན་ཆེན་པོས་གྲུབ་མཐའ་མཛོད་ལས་ཐེག་ཆེན་གྱི་ལམ་ལྔ་པོ་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྒྱུ་རུ་གསུངས་ཡོད་པར་བསམས་ན། གདུལ་བྱ་གཞན་སྣང་གི་ངོ་ལ་རྣམ་མཁྱེན་རྒྱུ་ལས་སྐྱེས་པར་ལྟར་སྣང་བ་ལ་དགོངས་ནས་གསུངས་པ་སྟེ། གཞན་སྣང་གི་སངས་རྒྱས་སངས་རྒྱས་མ་ཡིན་པ་བཞིན་ནོ། །དོན་ལ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་བདེ་གཤེགས་སྙིང་པོའི་གསལ་ཆ་ཡོན་ཏན་གྱི་ཆ་རྫོགས་པར་མངོན་དུ་གྱུར་པ་ཞིག་ཡིན་པས་ཤེར་ཕྱིན་གྱི་སྐབས་སུ་རང་བྱུང་རྣམ་པ་ཞེས་གསུངས་པས་རྒྱུ་ལས་མ་སྐྱེས་པའི་རྟག་པ་ཆེན་པོར་འདོད་དགོས་ཏེ། འགྲེལ་པ་དོན་གསལ་ལས། [23]ཆོས་ཐམས་ཅད་ལ་མངའ་བསྒྱུར་པའི་རང་བྱུང་དང་། ཞེས་དང་། སྡུད་པ་རྒྱན་སྦྱར་ལས། [24]རང་གི་ངོ་བོ་ལ་ཆོས་ཉིད་དང་གཉིས་སུ་དབྱེ་བ་མེད་པའི་རང་བྱུང་ཡེ་ཤེས་ཀྱི་སྐུ་སྐྱེ་འགག་མེད་པའི་དོན་གྱིས་གཞལ་ནས། དུས་གསུམ་ཀུན་ཏུ་ཡང་ཆོས་ཉིད་ཀྱི་སྐུ་འཕོ་འགྱུར་མེད་པས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་འདུས་མ་བྱས་རྟག་པའོ་ཞེས་སུའང་མདོ་ལས་གསུངས་པ་ལྟར་སྔགས་རྒྱུད་རྣམས་སུའང་དེ་ལྟར་གསུངས་པ་ནི་སོ་སོ་རང་གིས་ཟབ་མོའི་དོན་ཁོང་དུ་ཆུད་པའི་རྗེས་ཀྱི་ངེས་པ་ལ་དེ་ལྟར་གནས་སོ། །ཞེས་པ་ལྟར་རོ།།

སྒྲིབ་པ་ཐམས་ཅད་རྟོག་པ་བཞི་རུ་བསྡུ་མིན་སྐོར།

སྔ་འགྱུར་བའི་མཁས་པ་བོད་སྤྲུལ་གྱིས་ཉོན་ཤེས་ཀྱི་སྒྲིབ་པ་ཀུན་སྤང་བྱ་རྟོག་པ་བཞིར་འདུས་པར་བཞེད་དེ། མ་ཕམ་ཞལ་ལུང་ལས། འདིར་བསྟན་གྱི་རྟོག་པ་བཞིས་མཐོང་སྒོམ་ལམ་གྱི་སྤང་བྱ་སྒྲིབ་གཉིས་རྫོགས་པར་བསྡུས་པ་ཡིན་པས། ཞེས་གསུངས་ཀྱང་དེ་ནི་ཅུང་མི་འཐད་པར་སེམས་ཏེ། སྐབས་འདིའི་སྤང་བྱ་རྟོག་པ་བཞི་པོ་ནི་ཐེག་དམན་སྦྱོར་ལམ་གྱི་སྤང་བྱར་མི་ལྡན་པར་ཐེག་ཆེན་སྦྱོར་ལམ་གྱི་སྤང་བྱའི་ཁྱད་ཆོས་ཡིན་པས། གལ་ཏེ་སྤང་བྱ་རྟོག་པ་ལ་ཉོན་སྒྲིབ་ཡོད་ན་དེ་ནི་དམན་པའི་སྦྱོར་ལམ་གྱི་སྤང་བྱའང་ལྡན་པ་ཡིན་པས་ཇི་ལྟར་ཐེག་ཆེན་སྦྱོར་ལམ་གྱི་སྤང་བྱའི་ཁྱད་ཆོས་སུ་འགྱུར་ཏེ། ཐེག་པ་ཆེ་ཆུང་གཉིས་ཀའི་སྦྱོར་ལམ་གྱི་སྤང་བྱ་ལྡན་པའི་ཕྱིར། ཁྱད་པར་དུ་སློབ་དཔོན་གྱི་དགོངས་པ་དང་འགལ་ཏེ། ཁྱད་ཆོས་ཀྱི་རྟོག་པ་བཞིས་ཐར་པ་ལ་གེགས་མི་བྱེད་པར་གསུངས་པས། གལ་ཏེ་རྟོག་པ་བཞི་ལ་ཉོན་སྒྲིབ་ཡོད་ན་ཐར་པ་ལ་གེགས་མི་བྱེད་པར་གསུངས་པ་དང་འགལ་བའི་ཕྱིར་ཏེ། རྒྱན་སྣང་ལས། [25]རྣམ་པར་རྟོག་པ་བཞི་པོ་ནི་རང་གི་བྱང་ཆུབ་ཀྱི་བགེགས་སུ་གྱུར་པ་མ་ཡིན་པས་ན་གང་གི་ཕྱིར་དེ་དང་འདྲེས་པར་གྱུར་ཀྱང་མ་འདྲེས་པར་སྐྱེ་བ་ཡིན་ནོ་ཞེས་རྣམ་པར་གཞག་གོ །ཞེས་གསུངས་པའི་ལུང་འདི་དག་ལ་བརྟེན་ནས་སྤང་བྱ་རྟོག་པ་བཞི་ལ་ཤེས་སྒྲིབ་ཀྱིས་ཁྱབ་པས་ཉོན་སྒྲིབ་ནི་སྤང་བྱ་རྟོག་པ་བཞི་པོ་གང་དུའང་མི་འདུས་སོ། །འོན་ཀྱང་ཉོན་སྒྲིབ་ཐེག་ཆེན་སྦྱོར་ལམ་གྱི་སྤང་བྱར་ལྡན་པ་ཡིན་ཏེ། རང་འབྲས་མཐོང་སྒོམ་གཉིས་ཀྱིས་སྤོང་བའི་ཕྱིར། སྐབས་འདིའི་སྤང་བྱར་ལྡན་པའི་དོན་ཡང་འདི་ལྟར་ཏེ། རྒྱན་སྣང་ལས། [26]མཐོང་བ་དང་སྒོམ་པའི་ལམ་གྱིས་སྤང་བར་བྱ་བའི་རྣམ་པར་རྟོག་པ་བཞི་པོ་རྣམས་ཀྱི་གྲངས་ཇི་ལྟ་བ་བཞིན་དུ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འདི་དག་ཀུན་ནས་ཉོན་མོངས་པ་ལ་བརྟེན་པར་བརྗོད་པར་བྱའོ། །ཞེས་གསུངས་སོ།།

སྤང་བྱ་རྟོག་པ་དེ་དག་སྤོང་བའི་ཚུལ།

སྤང་བྱ་རྟོག་པ་བརྒྱ་དང་རྩ་བརྒྱད་དག་རགས་པའི་ཆ་ནི་མཐོང་སྤང་དང་། ཕྲ་བ་ལྷན་སྐྱེས་ཀྱི་ཆ་རྣམས་སྒོམ་སྤང་ངོ་། །དེ་དག་སྤོང་བའི་ཚུལ་ནི། འགྲེལ་པ་དོན་གསལ་ལས། [27]དེའི་འོག་ཏུ་དེ་དག་སྐྱེས་པའི་སྟོབས་ཀྱིས་རྐུན་པོ་ཕྱུང་བ་དང་སྒོ་འཕར་བཅད་པ་ལྟར་དུས་མཉམ་དུ་གཉེན་པོ་དང་མི་མཐུན་པའི་ཕྱོགས་སྐྱེ་བ་དང་འགག་པ་དག་གོ །དེའི་འོག་ཏུ་དེ་དག་མི་དམིགས་པས་དེ་དག་སྐྱེ་བ་དང་འགག་པ་དང་ལྡན་པའི་རྣམ་པར་རྟོག་པ་སྤངས་པའོ། །ཞེས་གསུངས་པ་ལྟར། དངོས་གཉེན་སྐྱེ་བ་དང་སྤང་བྱ་འགག་པ་དུས་མཉམ་པས་སྤང་གཉེན་འཕྲད་པ་གཏན་ནས་མེད་དོ། །འགྲེལ་པ་ཤིང་རྟ་ཆེན་པོ་ལས། [28]དེའང་བདེན་བཞི་སོ་སོའི་ཆོས་ཤེས་པའི་བཟོད་པའི་ཉེ་རྒྱུ་དང་དེའི་ངོ་སྐལ་གྱི་སྤང་བྱ་ནུས་ལྡན་གཉིས་པོ་དེ་ཕྲད། དུས་གཉིས་པ་ལ་དངོས་རྒྱུ་དང་དེའི་ངོ་སྐལ་གྱི་སྤང་བྱ་ནུས་མེད་གཉིས་པོ་དེ་ཕྲད། དུས་གསུམ་པ་ལ་ཆོས་བཟོད་བཞི་པོ་སྐྱེ་བ་དང་དེའི་ངོ་སྐལ་གྱི་སྤང་བྱའི་ས་བོན་ཕྲ་མོ་མཐའ་དག་འགག་པ་དུས་མཉམ་དུ་བྱས་པའི་ཚུལ་གྱིས་སྤོང་སྟེ། ཞེས་མཐོང་སྤང་སྤོང་ཚུལ་དང་། དེ་ཉིད་ལས། [29]སྤོང་ཚུལ་སྦྱོར་བས་མགོ་སྨད། བར་ཆད་མེད་པས་དངོས་སུ་སྤངས། རྣམ་གྲོལ་གྱིས་རྟེན་གཉེན་པོ་བྱས། ཁྱད་པར་ལམ་གྱིས་ཐག་བསྲིང་གི་གཉེན་པོ་བྱས་པའི་ཚུལ་གྱིས་ས་དགུ་པོ་རྣམས་སུ་མངོན་གྱུར་དང་ས་བོན་རྣམས་སྤངས་པ་ཡིན་ནོ། །ཞེས་སྒོམ་སྤང་སྤོང་ཚུལ་ལོ། །འོ་ན་སྤོང་ཚུལ་དེ་སྒྲིབ་པ་ཀུན་ལ་ངེས་སམ་ཞེ་ན། མི་རྟོག་ཡེ་ཤེས་ཀྱི་ངོ་བོར་མ་གྱུར་པ་དག་ལ་ངེས་ཀྱང་གྱུར་པ་ལ་ནི་སྤོང་ཚུལ་དེ་ལྟར་མ་ངེས་ཏེ། དེ་ནི་ངོ་བོ་འགྱུར་བའི་སྟོབས་ཀྱིས་མེད་པ་ཆགས་པས་དངོས་གཉེན་བྱས་པའི་ཚུལ་གྱིས་སྤངས་པ་ནི་མ་ཡིན་ནོ། །དེ་ལྟར་ན་རྣམ་རྟོག་མི་རྟོག་པའི་ངོ་བོར་འགྲོ་བ་ཡོད་དམ་ཞེ་ན་ཡོད་དེ། དབུ་མ་རྒྱན་འགྲེལ་ལས། [30]རྣམ་པར་རྟོག་པ་ལ་བརྟེན་ནས་མི་རྟོག་པའི་ཡེ་ཤེས་འབྱུང་བ་དང་། ཞེས་གསུངས། འོ་ན་ཀོ་ཊ་པ་ཡི་ས་བོན་ལས་ནས་ཀྱི་མྱུ་གུ་མི་འབྱུང་བ་བཞིན་རྣམ་པར་རྟོག་བཅས་ལས་རྣམ་པར་རྟོག་མེད་མི་འབྱུང་བའི་དོན་གང་ཡིན་ཞེ་ན། དེ་ནི་རྣམ་པར་རྟོག་པ་ལ་བརྟེན་ནས་མི་རྟོག་པའི་ཡེ་ཤེས་མངོན་སུམ་མི་འབྱུང་ཞེས་པའི་དོན་ལས་རྣམ་རྟོག་ལ་བརྟེན་ནས་མི་རྟོག་པའི་ཡེ་ཤེས་མི་འབྱུང་བའི་དོན་མིན་ནོ།།

དེ་ལྟར་ངལ་བས་བགྱིས་པའི་དགེ་བ་ཡིས། །དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་རྫོགས་ནས།།

བདག་ཀྱང་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །དཔལ་ལྡན་བླ་མས་རྗེས་སུ་གཟུང་དུ་གསོལ།།


[1]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༥༧ པར་གསལ།

[2]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༨༧ པར་གསལ།

[3]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༨༨ པར་གསལ།

[4]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༨༨ པར་གསལ།

[5]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༩༠ པར་གསལ།

[6]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༩༢ པར་གསལ།

[7]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༩༢ པར་གསལ།

[8]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༩༤ པར་གསལ།

[9]  ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༣༥༤ པར་གསལ།

[10]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༡༠༦ པར་གསལ།

[11]  ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༤༨༧ པར་གསལ།

[12]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༦༢ པར་གསལ།

[13]  ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༡༣༦ པར་གསལ།

[14]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༣༦༧ པར་གསལ།

[15]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༣༦༩ པར་གསལ།

[16]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་ཕྲེང་། ༡༥ ཤོག་གྲངས། ༡༠༣ པར་གསལ།

[17]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༦༤ པར་གསལ།

[18]  ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༤༩༧ པར་གསལ།

[19]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༣༣༧ པར་གསལ།

[20]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༡༠༤ པར་གསལ།

[21]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༣༥༧ པར་གསལ།

[22]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༥༧ པར་གསལ།

[23]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༧༤ པར་གསལ།

[24]  ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༥༣༢ པར་གསལ།

[25]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༦༠ པར་གསལ།

[26]  སྒོ་མང་པར་མ། དེབ་གཟུགས། ཤོག་གྲངས། ༦༠ པར་གསལ།

[27]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༨ པར་གསལ།

[28]  ཐཱའི་ཝན་པར་མ། དེབ་ཕྲེང་། ༢༡ ཤོག་གྲངས། ༣༧༨ པར་གསལ།

[29]  ཐཱའི་ཝན་པར་མ། དེབ་ཕྲེང་།  ཤོག་གྲངས། ༣༨༤ པར་གསལ།

[30]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༥༨ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།