སྤྱི་ལོ་ ༢༠༡༩ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག

རྩོམ་སྒྲིག་པ།


གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།


སྤྱི་ལོ་ ༢༠༡༩ ཟླ་བ་ ༠༡ ཚེས་ ༢༣ ཉིན་སྔར་རྒྱུན་ལྟར་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་ཆེན་པོ་ཀུན་མཁྱེན་ཀློང་ཆེན་པའི་འདས་མཆོད་འཚོགས་ཡོད། ཉིན་མོའི་ཆར་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆོ་ག་དང་། དགོང་མོའི་ཆར་བླ་སྒྲུབ་ཐིག་ལེའི་རྒྱ་ཅན་གྱི་ལས་བྱང་གིས་གཞུང་བསྲངས་ཏེ་ཚོགས་མཆོད་ཕུལ་བ་དང་། སེར་སྐྱ་མི་མང་ཡོངས་ནས་མགོན་པོ་གང་ཉིད་ཀྱི་སྐུ་ཐང་ཆེན་མོའི་མདུན་མཇལ་དར་ཕུལ་རྗེས་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་བཤད་གྲྭའི་སློབ་གཉེར་བ་རྣམ་པས་འཆད་རྩོད་ཀྱི་ལས་རིམ་དང་སྦྲགས་བཀྲ་ཤིས་བསྔོ་སྨོན་བཟང་པོས་མཐའ་བརྒྱན་ཏེ་འདས་མཆོད་མཐའ་གྲུབ།
སྤྱི་ལོ་ ༢༠༡༩ ཟླ་བ་ ༠༡ ཚེས་ ༣༠ ཉིན་ནས་བཟུང་དགུ་གཏོར་ཆེན་མོ་དབུ་བཙུགས་ཏེ་ཕུར་པ། གུར་དྲག སེང་གདོང་། བཀའ་བརྒྱད་སོགས་ཀྱི་སྒོ་ནས་དགུ་གཏོར་འཚོགས་ཤིང་། སྤྱི་ཟླ་ ༠༢ ཚེས་ ༠༣ ཉིན་མནན་བསྲེགས་འཕངས་གསུམ་དང་། དགུ་གཏོར་གྱི་འཆམ་སྣ་ཁག་བདུན་གྱི་མཇལ་ཁ་དང་། སྤྱི་ཚེས་ ༠༤ ཉིན་ཚེ་ཆོག་འཆི་བསླུའི་སྒོ་ནས་གླུད་མདོས་འཕངས་ཏེ། བོད་རྒྱལ་ལོ་ ༢༡༤༥ མཇུག་རྫོགས།
བོད་ཟླ་དང་པོ་སྔ་མའི་ཚེས་ ༠༡ སྤྱི་ལོ་ ༢༠༡༩ ཟླ་བ་ ༠༢ ཚེས་ ༠༥ གནམ་ལོ་གསར་དུ་ཚེས་པའི་ཉིན། སྔ་དྲོ་ཆུ་ཚོད་ལྔ་པའི་ཐོག་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་དབུས་མཁན་སློབ་བླ་སྤྲུལ་གྲྭ་བཙུན་འདུས་སྡེ་ཡོངས་རྫོགས་འདུ་ཁང་ཆེན་མོའི་ནང་ཚོགས་གྲལ་དུ་འཁོད་དེ། འདུས་མང་ཡོངས་ནས་བཀྲ་ཤིས་བརྒྱད་པ་དང་ཐུབ་ཆོག་བྱིན་རླབས་གཏེར་མཛོད་སོགས་གསུངས་རྗེས་སེར་སྐྱ་ཡོངས་ཀྱིས་༸གོང་ས་མཆོག་དང་། ༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་བཅས་ཀྱི་བཞུགས་ཁྲིའི་མདུན་མཇལ་དར་ཕུལ་བ་སོགས་སྔར་སྲོལ་བཞིན་ལོ་གསར་སྲུང་བརྩི་བསྡུས་ཙམ་ཞུས་ཡོད།
སྤྱི་ཟླ་ ༠༢ ཚེས་ ༡༢ ཉིན་ནས་སྒྲུབ་ཆེན་དབུ་བཙུགས་ཏེ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་འདུ་ཁང་ཆེན་མོའི་ནང་ཐུགས་སྒྲུབ་ཡང་སྙིང་འདུས་པ། དེ་བཞིན་ཚོགས་ཁག་གཞན་རྣམས་སུ་ཚེ་ཆོག ཕུར་པ། ཞི་ཁྲོ། གནམ་ཆོས་གསོལ་ཁ། སྙིང་ཐིག་གསོལ་ཁ། དགྲ་ལྷ་བསང་མཆོད་བཅས་ཉིན་བརྒྱད་ཀྱི་རིང་འཚོགས་ཡོད། སྐབས་དེར་སྔར་སྲོལ་བཞིན་བོད་ཚེས་ ༠༩ སྤྱི་ཚེས་ ༡༤ ཉིན་གུ་རུའི་གོས་སྐུ་མཐོང་གྲོལ་ཆེན་མོ་དང་གུ་རུ་མཚན་བརྒྱད་ཀྱི་གར་འཆམ་མཇལ་ཁ་གནང་། བོད་ཚེས་ ༡༥ སྤྱི་ཚེས་ ༡༩ ཉིན་ཚེ་ལྷ་རྣམ་གསུམ་གྱི་གོས་སྐུ་ཆེན་མོ་དང་། མི་མང་ཡོངས་ལ་འཆམ་ཆེན་སྣ་ལྔ་མཇལ་ཁ་དང་སྒྲུབ་དབང་གནང་། མཐར་སེར་སྐྱ་མི་མང་ཡོངས་ནས་མར་མེའི་སྨོན་ལམ་དང་བཅས་པའི་སྒོ་ནས་སྒྲུབ་ཆེན་མཐའ་གྲུབ།
སྤྱི་ཟླ་ ༠༢ ཚེས་ ༢༢ ཉིན་ནས་ཟླ་གཅིག་གི་རིང་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་རྣམ་གསུམ་སྟེ་སྔོན་འགྲོ། རྩ་རླུང་། རྫོགས་ཆེན་གསུམ་ལས་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་སྔོན་འགྲོའི་ཆོས་ཁྲིད་དང་། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་ནས་རྩ་རླུང་དང་རྫོགས་ཆེན་གཉིས་ཀྱི་ཆོས་ཁྲིད་གནང་སྟེ། སྤྱི་ཟླ་ ༠༣ ཚེས་ ༢༣ ཉིན་ཟླ་ཆོས་ཚོགས་འཁོར་གཏང་རག་དང་བཅས་ཏེ་མཐའ་གྲུབ།
སྤྱི་ཟླ་ ༠༣ ཚེས་ ༠༡ ཉིན་རྒྱ་གར་ལྷོ་ཕྱོགས་ཀརྞ་ཊཱ་ཀ་མངའ་སྡེའི་བློན་ཆེན་ཤྲཱི་ཀུ་མཱར་སྭཱ་མི་ (Shri H.D. Kumaraswamy, Honorable Chief Minister of Karnataka ) མཆོག་གིས་གཙོས་ཀརྞ་ཊཱ་ཀ་མངའ་སྡེའི་གནད་ཡོད་མི་སྣ་ཁག་རྣམས་འདི་ག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་ཕེབས་ཡོད། དེའི་སྐབས་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་གིས་དབུས་ཁུངས་སོ་སོའི་རྒྱུན་ལས་དང་དགེ་འདུན་འདུས་མང་ཡོངས་ནས་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ་སྣེ་ལེན་ཞུས་ཡོད།
སྤྱི་ཟླ་ ༠༣ ཚེས་ ༢༤ དང་ ༢༥ དེ་བཞིན་སྤྱི་ཟླ་ ༠༤ ཚེས་ ༠༤ དང་ ༠༥ བཅས་སུ་༸སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེའི་དཀའ་དགོངས་ལྟར་རྣམ་གྲོལ་གླིང་སྤྱིའི་ཞབས་རིམ་ཆེད་དགེ་འདུན་བཙུན་མ་ཡོངས་ནས་གསེར་འོད་དམ་པའི་རྔ་སྒྲ་སོགས་ཚར་གྲངས་གནད་སྨིན་བསགས་གནང་ཡོད།
སྤྱི་ལོ་ ༢༠༡༩ ཟླ་བ་ ༠༣ ཚེས་ ༡༤ བོད་ཚེས་ ༠༨ ཉིན་འདུ་ཁང་ཆེན་མོའི་འོག་ཏུ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་བཙུན་དགོན་བཤད་གྲྭའི་སློབ་གཉེར་བ་རྣམས་ལ་ལོ་སྔོན་མའི་རྒྱུགས་སྤྲོད་ཆེན་མོའི་ཨང་ཐོབ་ཤོག་ལྷེ་སྤྲོད་པའི་སྐབས་དང་བསྟུན་གྲྭ་ཚང་གི་ལས་བྱེད་ཆེ་ཕྲ་འགའ་ཞིག་གསར་རྙིང་འཕོ་ལེན་བྱས་ཡོད།
སྤྱི་ཟླ་ ༠༥ ཚེས་ ༡༤ ཉིན་གནམ་ཆོས་སྔོན་འགྲོའི་འབུམ་ལྔ་བསགས་སྦྱང་དབུ་བཙུགས་ཡོད། ད་ལོའི་ཆར་བསགས་སྦྱང་གནང་མཁན་ལ་དགེ་འདུན་པ་ ༣༥ དང་མི་སྐྱ་ཕོ་མོ་ ༤༥ བཅས་ཁྱོན་བསྡོམས་མི་གྲངས་ ༨༠ བྱུང་ཡོད།
སྤྱི་ཟླ་ ༠༦ ཚེས་ ༠༧ སྔ་དྲོའི་ཆར་བཀའ་མའི་སྒྲུབ་མཆོད་ཀྱི་ས་ཆོག་དང་འབྲེལ་ཉིན་གུང་རྩ་འཆམ་ཆེན་མོའི་མཇལ་ཁ་གནང་། སྤྱི་ཚེས་ ༠༨ ཉིན་སྔ་དྲོའི་ཆར་ཐིག་ཆོག་དང་། སྤྱི་ཚེས་ ༡༠ ཉིན་ཕྱི་དྲོའི་ཆར་རྒྱན་འགོད་ཀྱིས་སྒྲུབ་མཆོད་དངོས་གཞི་དབུ་བཙུགས། དེ་ཡང་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དབུ་བཞུགས་ཐོག་འདུ་ཁང་ཆེན་མོའི་ནང་དུ་མདོ་ཚོགས་ཆེན་འདུས་པ་དང་། ཚོགས་ཁག་གཞན་རྣམས་སུ་སྒྱུ་འཕྲུལ་ཞི་བ། སྒྱུ་འཕྲུལ་ཁྲོ་བོ། སངས་རྒྱས་མཉམ་སྦྱོར། གཤིན་རྗེ། རོང་ཕུར། ཡང་དག་བཅས་སྔ་འགྱུར་བཀའ་མའི་སྒྲུབ་ཁག་བདུན་དང་། གཞན་ཡང་རཏ་གླིང་ཕུར་པ། ཀར་གླིང་ཞི་ཁྲོ། གནམ་ཆོས་གསོལ་ཁ། སྙིང་ཐིག་གསོལ་ཁ། དགྲ་ལྷ་བསང་མཆོད་སོགས་འཚོགས་ཡོད། སྤྱི་ཚེས་ ༡༢ ཉིན་སྟོན་མཆོག་ཐུབ་པའི་དབང་པོའི་གོས་སྐུ་མཐོང་གྲོལ་ཆེན་མོ་མཇལ་ཁ་དང་། སྤྱི་ཚེས་ ༡༥ ཉིན་སུ་ར་ཏོ་བཅུ་དྲུག་གི་གར་འཆམ། དེ་བཞིན་སྤྱི་ཚེས་ ༡༦ ཉིན་ཁྲོ་འཆམ་མཇལ་ཁ་གནང་ཡོད། སྤྱི་ཚེས་ ༡༧ ཉིན་སྔ་དྲོའི་ཆར་ཕྱོགས་བཞིར་ལས་བཞིའི་སྦྱིན་སྲེག་གནང་རྗེས། ཉིན་རྒྱབ་སྒྲུབ་པའི་དངོས་གྲུབ་དང་འབྲེལ་སེར་སྐྱ་མི་མང་ཡོངས་ལ་སྒྲུབ་དབང་གནང་། དེའི་རྗེས་མར་མེ་སྨོན་ལམ་གྱིས་མཐའ་བརྒྱན་ཏེ་འདི་ལོའི་བཀའ་མའི་སྒྲུབ་མཆོད་མཐའ་གྲུབ་ཡོད།
དེ་བཞིན་བཀའ་མའི་སྒྲུབ་པ་དང་སྟབས་བསྟུན་སྤྱི་ཟླ་ ༠༦ པའི་ཚེས་ ༡༠ ནས་དབུ་བཙུགས་ཏེ་ཉིན་བརྒྱད་ཀྱི་རིང་མགོན་པོ་སྒྲུབ་པ་འཚོགས་ནས། མཐར་སྤྱི་ཚེས་ ༡༧ ཉིན་མནན་བསྲེགས་འཕངས་གསུམ་གྱི་སྒོ་ནས་མཐའ་གྲུབ་ཡོད།
སྤྱི་ཟླ་ ༠༦ ཚེས་ ༡༦ དགོང་མོར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་དགེ་འདུན་བཙུན་མ་དང་བཅས་པར་རྣམ་གྲོལ་གླིང་གི་ཁུངས་སོ་སོའི་སྡེ་ཚན་ཁག་གིས་རྩིས་ཕྲ་ཆེན་མོ་སྙན་སྒྲོན་ཞུས་ཡོད་པ་དང་། སྐབས་དེར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་ནས་འདུས་སྡེ་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་ཡོད།
སྤྱི་ཟླ་ ༠༦ ཚེས་ ༡༨ ཉིན་སྔ་དྲོའི་ཆར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། ཕྱི་དྲོའི་ཆར་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་ཕྱག་བརྒྱུད་ནས་གྲྭ་བཙུན་ཡོངས་ལ་གཟན་ཤམ་གནང་ཡོད།


སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་མཛད་རིམ་སྙིང་བསྡུས།


བོད་རྒྱལ་ལོ་ ༢༡༤༦ ལོའི་བོད་ཟླ་ ༠༡ ཕྱི་མའི་ཚེས་ ༠༣ སྤྱི་ལོ་ ༢༠༡༩ ཟླ་བ་ ༠༣ ཚེས་ ༠༩ ཉིན་གུང་སེང་མཐའ་གྲུབ་ནས་སླར་ཡང་བཤད་གྲྭ་དབུ་འཛུགས་གནང་ཡོད་པ་དང་། ཉིན་དེར་སྔ་འགྱུར་མཐོ་སློབ་ཆེན་མོའི་གསར་ཞུགས་པ་རྣམ་པས་ངག་རྒྱུགས་ཕུལ། སྤྱི་ཟླ་ ༠༣ ཚེས་ ༡༠ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་གསར་ཞུགས་པ་རྣམས་ནས་བྲིས་རྒྱུགས་ཕུལ་ཡོད།
སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༠༣ ཚེས་ ༡༤ བོད་ཚེས་ ༠༨ ཉིན་འདུ་ཁང་ཆེན་མོའི་འོག་ཏུ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་གིས་དབུས་ཁུངས་སོ་སོའི་རྒྱུན་ལས་རྣམས་དང་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག སྤྱི་ལོ་ ༢༠༡༨ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་གནང་བ་དང་སྦྲགས། ཡིག་རྒྱུགས་ཨང་དང་པོ་གཉིས་པ་གསུམ་པ་བཅས་དང་རྩ་བ་ལྡེབ་གྲངས་བརྒྱ་ཡན་འབུལ་མཁན་རྣམས་ལ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེའི་ཕྱག་ནས་བྱ་དགའ་གསོལ་རས་གནང་བ་དང་། དེ་བཞིན་ལོ་རིམ་བཞི་པ་དང་དྲུག་པ་དགུ་པ་མཐར་ཕྱིན་པའི་སློབ་གཉེར་བ་རྣམས་ལ་རིམ་བཞིན་«མཐའ་བྲལ་སྨྲ་བའི་དབང་ཕྱུག་»དང་«ཕར་ཕྱིན་རབ་འབྱམས།» «ངེས་གསང་ལེགས་བཤད་མཛོད་འཆང་»བཅས་ཀྱི་ཕྱག་ཁྱེར་གནང་ཞིང་། མཐར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་མཁན་ཆེན་ཚེ་དབང་རྒྱ་མཚོ་རྣམ་གཉིས་ནས་འདུས་མང་ཡོངས་ལ་བཀའ་སློབ་ལམ་སྟོན་བསྩལ་ཅིང་མཛད་རིམ་མཐའ་གྲུབ།
སྤྱི་ཟླ་ ༠༣ ཚེས་ ༡༦ བོད་ཚེས་ ༡༠ ཉིན་སྔར་སྲོལ་བཞིན་དགོང་མོའི་ཆུ་ཚོད་དགུ་པའི་ཐོག་དགེ་སློབ་ཚང་འཛོམས་ཀྱིས་བཀྲ་ཤིས་བརྒྱད་པ་དང་བར་བསམ་སྒྲོལ་གསུམ་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་བཅས་ཞལ་འདོན་གནང་བའི་སྒོ་ནས་ད་ལོའི་དཔེ་ཁྲིད་དབུ་འཛུགས་ཀྱི་རྟེན་འབྲེལ་ཙམ་མཛད།
ད་ལོའི་དཔེ་ཁྲིད་དངོས་གཞི་དབུ་འཛུགས་ཉིན་མོ་དེ་སྤྱི་ཟླ་ ༠༣ པའི་ཚེས་ ༣༠ བོད་ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་ཁེལ་ཡོད་ནའང་རྟེན་འབྲེལ་མཚོན་ཆེད་ཉིན་དེའི་སྔ་དྲོའི་ཆར་དཔེ་ཁྲིད་དབུ་བཙུགས། ད་ལོའི་ཆར་སྔ་འགྱུར་མཐོ་སློབ་ཆེན་མོར་དཔེ་ཁྲིད་དགེ་རྒན་མཁན་སློབ་ཞལ་གྲངས་ ༣༥ ཡིས་འཛིན་སྐྱོང་གནང་བཞིན་ཡོད།
སྔར་སྲོལ་ལྟར་ད་ལོར་ཡང་བཤད་གྲྭའི་འཛིན་སྐྱོང་འོག་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་ལ་འཛིན་སྐྱོང་གནང་མཁན་ལ་མཁན་སློབ་དང་སློབ་དཔོན་མ་གྲངས་ ༤༢ བསྐོ་གཞག་དང་། རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་ལ་མཁན་སློབ་གྲངས་ ༥༡ རྒྱལ་ཡོངས་སྔ་འགྱུར་ཚིག་མཛོད་རྩོམ་སྒྲིག་པ་དང་རིགས་གཅིག་རྐང་འཛིན་གྱིས་མཚོན་སྡེ་ཚན་ཁག་གི་ལས་བྱེད་ཆེད་དུ་བསྐོ་གཞག་གནང་བའི་མཁན་སློབ་ཞལ་གྲངས་ ༤༥ ཙམ་དང་། གཞན་ཡང་ཕྱོགས་མཐའ་ཁག་གི་སྙན་ཞུ་གཞིར་བཟུང་ཐོག དགེ་རྒན་གྱི་ཆེད་དུ་རྒྱ་གར་ནང་མཁན་སློབ་ ༩༩ བལ་ཡུལ་ནང་ ༡༣༢ འབྲུག་ནང་ ༦༩ བོད་དང་ཕྱི་རྒྱལ་ཁག་ལ་ ༠༥ བཅས་བཏང་གནང་ཡོད་པས་ཁྱོན་བསྡོམས་མཁན་སློབ་ཞལ་གྲངས་ ༤༨༡ ཙམ་ནས་རང་དགོན་གྱིས་མཚོན་དགོན་སྡེ་གཞན་དང་སློབ་གྲྭ་སོགས་སུ་ཆོས་ཀྱི་བྱེད་སྒོ་སྤེལ་མུས་ལགས་སོ།།
སྤྱི་ཟླ་ ༠༤ ཚེས་ ༠༤ ནས་ཉིན་གསུམ་གྱི་རིང་བཀའ་འགྱུར་དག་ཚར་དང་། སྙིང་ཐིག་བསང་གསོལ། ཕུར་ཟློག་བཅས་ཀྱི་སྒོ་ནས་སྔ་འགྱུར་མཐོ་སློབ་ཆེན་མོའི་ལོ་འགོའི་ཞབས་རིམ་བསྒྲུབས།
སྤྱི་ཟླ་ ༠༤ པའི་ཚེས་ ༠༣ ནས་བཟུང་ཉིན་ཤས་རིང་འདུལ་འཛིན་དམ་པ་མཁན་ཆེན་པདྨ་ཤེས་རབ་མཆོག་ནས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སློབ་གཉེར་བ་ཞལ་གྲངས་ ༦༡ ལ་བསྙེན་རྫོགས་ཀྱི་སྡོམ་པ་དང་། དེ་བཞིན་དགེ་འདུན་པ་ ༡༡༨ ལ་དགེ་ཚུལ་གྱི་སྡོམ་པ་གནང་གྲུབ་རྗེས། བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་བཙུན་མ་ ༠༩ ལ་དགེ་ཚུལ་གྱི་སྡོམ་པ་གནང་བ་བཅས་ད་ལོའི་ཆར་དགོན་འདིར་མཁན་ཆེན་མཆོག་ནས་གྲྭ་བཙུན་ཁྱོན་བསྡོམས་ ༡༨༨ ལ་དགེ་ཚུལ་སློང་གི་སྡོམ་པ་བསྩལ་གནང་ཡོད།
སྤྱི་ཟླ་ ༠༤ ཚེས་ ༠༦ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་འདུས་མང་ཡོངས་ཀྱིས་ཚེ་ཆོག་འཆི་བསླུའི་སྒོ་ནས་མཁན་ཆེན་པདྨ་ཤེས་རབ་མཆོག་གི་ཞབས་རིམ་འཚོགས་ཡོད།
སྤྱི་ལོ་ ༢༠༡༨ ལོའི་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། མཁན་ཆེན་སྡེ་སྣོད་འཛིན་པ་ཆེན་པོ་པདྨ་ཤེས་རབ་རིན་པོ་ཆེ་མཆོག་ནས་ ༢༠༡༩ ཟླ་ ༠༤ ཚེས་ ༠༨ བོད་ཚེས་ ༠༤ ཉིན་འདུ་ཁང་ཆེན་མོའི་འོག་ཁང་དུ་མཁན་སློབ་བླ་སྤྲུལ་དགེ་འདུན་བཙུན་མ་ཡོངས་ལ། འཇམ་དཔལ་མཚན་བརྗོད་དང་། འཇམ་དབྱངས་བསྟོད་པ་ཤེས་རབ་རབ་འཕེལ། འཇམ་དཔལ་བསྟོད་པ་གང་བློ་མ། ཐུབ་ཆོག་བྱིན་རླབས་གཏེར་མཛོད། འཇམ་དཔལ་སྨྲ་སེང་སྒྲུབ་ཐབས། འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ་བཅས་ཀྱི་བཀའ་ལུང་དང་། བཀའ་སློབ་ལམ་སྟོན་བཅས་གནང་བའི་སྒོ་ནས་བཀའ་དྲིན་བསྐྱངས་ཡོད།
སྤྱི་ཟླ་ ༠༤ པའི་ཚེས་ ༠༨ བོད་ཚེས་ ༠༣ ཉིན་ ༢༠༡༨ ལོའི་ཚོགས་གཙོ་མཁན་པོ་ཚེ་དབང་ནོར་བུ་མཆོག་དང་། སྤྱི་ལོ་ ༢༠༡༩ ལོའི་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་རྣམ་གཉིས་དབུ་བཞུགས་ཐོག རྒྱུན་ལས་གསར་རྙིང་རྣམ་པ་དང་གཞན་ཡང་དགེ་སློབ་ཚང་འཛོམས་ཐོག་སྔ་འགྱུར་མཐོ་སློབ་ཆེན་མོའི་ལས་བྱེད་འཕོ་ལེན་གནང་བ་དང་སྦྲགས། སྔར་སྲོལ་བཞིན་སྤྱི་ལོ་ ༢༠༡༨ ལོའི་དངུལ་གཉེར་ནས་དགེ་འདུན་འདུས་མང་ཡོངས་ལ་ལོ་འཁོར་རྩིས་ཁྲ་ཆེན་མོ་སྙན་སྒྲོན་ཞུས་རྗེས་ལས་བྱེད་རྙིང་པ་རྣམས་ལ་ཚོགས་གཙོ་མཁན་པོ་ཚེ་དབང་ནོར་བུ་མཆོག་གི་ཕྱག་ནས་ཐུགས་རྗེ་ལེགས་འབུལ་གྱི་གསོལ་རས་བསྩལ་གནང་ཞིང་། ལས་བྱེད་གསར་པ་རྣམས་ལ་རྟེན་འབྲེལ་མཚོན་བྱེད་ཀྱི་ཁ་བཏགས་རེ་གནང་ཡོད། སྐབས་དེར་རྒྱུན་ལས་རྙིང་པ་རྣམས་ནས་ལོ་གཅིག་རིང་གི་སོ་སོའི་ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་ཉམས་མྱོང་གི་བཀའ་སློབ་ཀྱང་གནང་ཡོད།
སྤྱི་ཟླ་ ༠༤ པའི་ཚེས་ ༠༩ ཉིན། སྤྱི་ལོ་ ༢༠༡༩ ལོའི་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་གིས་དབུས་ད་ལོའི་རྒྱུན་ལས་གསར་པ་རྣམས་ནས་འདི་ལོར་ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་ཡོད།
སྤྱི་ཟླ་ ༠༥ ཚེས་ ༡༨ ཉིན་བཅོམ་ལྡན་འདས་ཀྱིས་འབྲས་སྤུངས་སུ་དུས་འཁོར་གསུངས་པའི་དུས་ཆེན་དང་སྟབས་བསྟུན་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་ནས་མི་མང་རྣམས་ལ་སྐྱབས་འགྲོའི་སྐོར་ངོ་སྤྲོད་གསུང་ཆོས་གནང་ཡོད།
སྔར་སྲོལ་བཞིན་སྤྱི་ཟླ་ ༠༦ ཚེས་ ༠༢ བོད་ཚེས་ ༢༩ རེས་གཟའ་ཉི་མའི་དགོང་མོར་ཆུ་ཚོད་ ༠༧ དང་ཕྱེད་ནས་ ༠༩ དང་ཕྱེད་བར་ད་ལོའི་ལོ་རིམ་གོང་འོག་གི་དམ་བཅའ་ཆེན་མོ་ཐེངས་དང་པོ་དེ་འཚོགས་ཡོད་པ་དང་།
དེ་བཞིན་དམ་བཅའ་ཆེན་མོ་འཚོག་ཐེངས་གཉིས་པ་དེ་བོད་ཟླ་ ༠༤ ཚེས་ ༢༨ སྤྱི་ཟླ་ ༠༦ ཚེས་ ༣༠ རེས་གཟའ་ཉི་མའི་དགོང་མོར་འཚོགས་ཡོད།
སྤྱི་ལོ་ ༢༠༡༩ ཟླ་བ་ ༠༧ ཚེས་ ༠༡ བོད་ཟླ་ ༠༤ ཚེས་ ༢༩ ཉིན་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བའི་འདས་མཆོད་འཚོགས་གནང་ཡོད།
དེ་ཡང་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་དབུ་བཞུགས་ཐོག་བཤད་གྲྭའི་དགེ་སློབ་ཡོངས་རྫོགས་ཀྱིས་རྣམ་གླིང་འདུ་ཁང་ཆེན་མོའི་ནང་དུ་འཇམ་དཔལ་རྒྱུད་ལུགས་ཀྱི་དཀྱིལ་འཁོར་ཞལ་ཕྱེ་སྟེ་ཚོགས་མཆོད་ཕུལ་ཅིང་། དེ་མཚུངས་ལེགས་བཤད་ཀྱི་མཆོད་སྤྲིན་དུ་དམིགས་ཏེ་སྔ་དྲོའི་ཆར་ལོ་རིམ་གཉིས་པའི་སློབ་གཉེར་བ་གཅིག་གིས་བདེན་པ་གཉིས་ཀྱི་སྐོར་ཆོས་བཤད་གནང་ཡོད་པ་དང་། ཉིན་གུང་ཆར་ལོ་རིམ་གསུམ་པའི་སློབ་གཉེར་བ་གཅིག་ནས་དབུ་མ་ལ་འཇུག་པ་ནས་བསྟན་པའི་མཐའ་བཞི་སྐྱེ་འགོག་གི་སྐོར། ཕྱི་དྲོའི་ཆར་ལོ་རིམ་དྲུག་པའི་སློབ་གཉེར་བ་གཅིག་ནས་བདེན་བཞིའི་སྐོར་བཅས་ཆོས་བཤད་གནང་ཡོད།
དགོང་མོའི་ཆར་སེར་སྐྱ་ཡོངས་ནས་མགོན་པོ་གང་ཉིད་ཀྱི་སྐུ་བརྙན་མཐོང་གྲོལ་ཆེན་མོའི་མདུན་དུ་མཇལ་དར་ཕུལ་རྗེས། འདུས་མང་ཡོངས་ལ་བཤད་གྲྭའི་དྲུང་ཡིག་ནས་འཇམ་མགོན་མི་ཕམ་རིན་པོ་ཆེ་གང་ཉིད་ཀྱི་རྣམ་ཐར་སྒྲོགས་སྦྱང་ཞུས་པ་དང་སྦྲགས། ལོ་རིམ་བདུན་པའི་སློབ་གཉེར་བ་གཅིག་གིས་ཀུན་རྫོབ་དག་པ་ཆེན་པོའི་སྐོར་ཆོས་བཤད་མཛད། ལོ་རིམ་བརྒྱད་པའི་སློབ་གཉེར་བ་གཉིས་ནས་ཚོགས་ལངས་དང་། དེ་བཞིན་ལོ་རིམ་གསུམ་པ་དྲུག་པ་བརྒྱད་པ་བཅས་ཀྱི་སློབ་གཉེར་བ་རེ་དམ་བཅར་བཞུགས་ཤིང་། ལོ་རིམ་གཉིས་པ་ནས་དབུ་བཙུགས་ཏེ་གསུམ་པ། དྲུག་པ། བདུན་པའི་སློབ་གཉེར་བ་བཅས་ཀྱིས་དུས་ཡུན་སྐར་མ་བཅོ་ལྔ་ལས་མི་མང་བར་རྟགས་གསལ་བཏང་གནང་ཡོད། དེའི་རྗེས་ལོ་རིམ་དགུ་པའི་སློབ་གཉེར་བ་གཅིག་གིས་བཀྲ་ཤིས་ཚིག་བཟང་གནང་བའི་སྒོ་ནས་འཆད་རྩོད་ཀྱི་མཛད་རིམ་མཐའ་གྲུབ་པ་དང་། མཐར་བསྔོ་སྨོན་དང་བཅས་མཇུག་གྲུབ།
སྤྱི་ཟླ་ ༠༧ པའི་ཚེས་ ༠༦ ཉིན་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་པ་དང་། ཟླ་དེའི་སྤྱི་ཚེས་ ༡༦ བོད་ཚེས་ ༡༥ འཛམ་གླིང་སྤྱི་བསང་ཉིན་མོར་སྔར་སྲོལ་བཞིན་བཤད་གྲྭའི་ཚོགས་གཙོས་དབུས་པའི་རྒྱུན་ལས་རྣམ་པ། དེ་བཞིན་ལོ་རིམ་དགུ་པའི་སློབ་གཉེར་བ་རྣམས་དང་། གཞན་ཡང་གྲྭ་བཙུན་གང་མང་ཞིག་རི་བོ་བྷེ་ཏ་པུ་རིའི་རྩེར་ཕེབས་ནས་བསང་མཆོད་དང་གསེར་སྐྱེམས་བཅས་ཀྱི་སྒོ་ནས་འཛམ་གླིང་སྤྱི་བསང་གི་དུས་དྲན་སྲུང་བརྩི་ཞུས་ཡོད།

རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་མཛད་རིམ་སྙིང་བསྡུས།


བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་མོ་ཕག་སྤྱི་ལོ་ ༢༠༡༩ ཟླ་བ་ ༠༣ པའི་ཚེས་ ༠༩ བོད་ཟླ་ ༠༡ ཕྱི་མའི་ཚེས་ ༠༣ ཉིན་གུང་སེང་ནས་སླར་དབུ་བཙུགས།
བོད་ཟླ་དང་པོ་ཕྱི་མའི་བོད་ཚེས་ ༠༧ ཉིན་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་སྤྱི་ལོ་ ༢༠༡༨ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་གནང་བ་དང་འབྲེལ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་བཅས་རྣམ་པ་གསུམ་ནས་གཞི་རིམ་སློབ་གྲྭའི་འཛིན་གྲྭ་བརྒྱད་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་ཕྱག་ཁྱེར་གནང་བ་དང་། གཞན་ཡང་འཛིན་གྲྭ་བདུན་པ་མན་ཆད་ཀྱི་ཡིག་རྒྱུགས་ཨང་དང་པོ་དང་གཉིས་པ་གསུམ་པ། འཛིན་གྲྭ་བཞི་པ་ཡན་ཆད་ཀྱི་ཆོ་ག་ཕྱག་ལེན་གྱི་ཨང་དང་པོ་གཉིས་པ་གསུམ་པ་བཅས་དང་། བློ་རྒྱུགས་ལྡེབ་གྲངས་ལྔ་བཅུ་ཡན་ཆད་འབུལ་མཁན་རྣམས་ལ་གསོལ་རས་བསྩལ་ཅིང་བཀའ་སློབ་ལམ་སྟོན་གནང་ཡོད།
བོད་ཟླ་དང་པོ་ཕྱི་མའི་ཚེས་ ༢༥ རེས་གཟའ་སྤེན་པའི་ཉིན་དཔེ་ཁྲིད་དབུ་བཙུགས། ད་ལོའི་ཆར་སློབ་གྲྭར་རྒྱ་བལ་འབྲུག་སོགས་ནས་གསར་ཞུགས་གནང་མཁན་སློབ་གཉེར་བ་གྲངས་ ༡༨༠ ཙམ་བྱུང་ཡོད་ཅིང་། ད་ལྟའི་ཆར་སློབ་གྲྭར་སློབ་གཉེར་བ་བརྒྱད་བརྒྱ་ལྷག་ཙམ་གྱིས་སློབ་སྦྱོང་ལ་བརྩོན་བཞིན་པ་ལགས།
ད་ལོར་སློབ་གྲྭའི་དཔེ་ཁྲིད་དང་འཛིན་སྐྱོང་གནང་མཁན་ལ། མཁན་པོ་ ༠༢ སློབ་སྤྲུལ་ ༠༡ སློབ་དཔོན་ ༤༨ དང་། གཞན་ཡང་སྔ་འགྱུར་མཐོ་སློབ་ཆེན་མོ་ནས་བཏང་གནང་བའི་ཆོ་ག་ཕྱག་ལེན་གྱི་དགེ་རྒན་ ༡༢ དབྱིན་ཇིའི་དགེ་རྒན་ ༡༡ འཛིན་གྲྭ་གསུམ་པ་མན་ཆད་ལ་དགོང་མོའི་ཆར་འདོན་ཀློག་སློབ་མཁན་ ༡༤ དང་། སློབ་གྲྭ་འདི་ག་རང་ནས་འཛིན་གྲྭ་གསུམ་པ་མན་ཆད་ལ་ཡིག་གཟུགས་དགེ་རྒན་ ༠༨ བཅས་དགེ་རྒན་ ༩༦ ཡོད།
བོད་ཟླ་ ༠༢ པའི་ཚེས་ ༠༢ ཉིན་རྒྱུན་ལས་གསར་རྙིང་རྣམས་དབུ་བཞུགས་ཐོག་རྣམ་གླིང་སློབ་གྲྭའི་རྒྱུན་ལས་དང་སྡེ་ཚན་ཁག་གི་འགན་འཛིན། དེ་བཞིན་དུ་སློབ་ཕྲུག་ལས་བྱེད་རྙིང་པ་རྣམས་ལ་ཐུགས་རྗེ་ལེགས་འབུལ་མཚོན་བྱེད་གསོལ་རས་དང་། གསར་པ་རྣམས་ལ་རྟེན་འབྲེལ་མཚོན་ཆེད་ཁ་བཏགས་ཕུལ་ཞིང་། རྒྱུན་ལས་རྙིང་པ་རྣམས་ཀྱིས་ལོ་གཅིག་གི་ཉམས་མྱོང་དང་འབྲེལ་བའི་བཀའ་སློབ་གསུང་བཤད་གནང་སྟེ། ལས་བྱེད་གསར་རྙིང་འཕོ་ལེན་གྱི་མཛད་རིམ་ཁག་མཐའ་གྲུབ་ཡོད།
བོད་ཟླ་ ༠༢ ཚེས་ ༡༨ རེས་གཟའ་ཕུར་བུའི་དགོང་མོར་སློབ་གྲྭའི་རྒྱུན་ལས་གསར་པ་དང་མཁན་སློབ་རྣམས་ཀྱིས་ད་ལོའི་ཆར་དཔེ་ཁྲིད་དང་འཛིན་སྐྱོང་གནང་ཕྱོགས་སྐོར་དང་། ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གསུང་བཤད་གནང་ཡོད། གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཡོངས་རྫོགས་ཀྱིས་ལོ་འཁོར་མོ་གཅིག་གི་རིང་ལ་བོད་ཡིག་ཟླ་རྒྱུགས་ཐེངས་བཞི་དང་། དབྱིན་ཡིག་ཟླ་རྒྱུགས་ཐེངས་གཉིས་རེ། བོད་ཀྱི་སྐད་རིགས་རྒྱུགས་ཉུང་མཐར་ཡང་ཐེངས་གཉིས་རེ་གཏོང་སྲོལ་ཡོད་པ་བཞིན། བོད་ཟླ་ ༠༣ པའི་ཚེས་ ༢༧ ཉིན་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པའི་བར་སློབ་ཕྲུག་རྣམ་པས་བོད་ཡིག་ཟླ་རྒྱུགས་ཐེངས་དང་པོ་དང་། འཛིན་གྲྭ་གསུམ་པ་མན་ཆད་ཀྱི་སློབ་གཉེར་བ་རྣམ་པས་བོད་ཟླ་ ༠༤ པའི་ཚེས་ ༠༣ ཉིན་ཨང་རྩིས་ཡིག་རྒྱུགས་ཐེངས་དང་པོ་བཏང་ཡོད་པ་དང་། བོད་ཟླ་ ༠༤ ཚེས་ ༢༢ ནས་ ༢༤ བར་ཉིན་གསུམ་རིང་བོད་ཀྱི་སྐད་རིགས་རྒྱུགས་ཐེངས་དང་པོ་བཏང་ཡོད།

སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་སྔ་མའི་མཛད་རིམ་ཁག་ལས།


བཙུན་དགོན་གྲྭ་ཚང་གི་མཛད་རིམ།


བོད་རྒྱལ་ལོ་ ༢༡༤༦ མཆུ་ཟླ་བའི་ཚེས་ ༠༡ སྤྱི་ལོ་ ༢༠༡༩ ཟླ་ ༠༢ ཚེས་ ༠༥ གནམ་ལོ་གསར་ཚེས་ཉིན་སྔ་དྲོ་ཆུ་ཚོད་ ༠༣ པའི་ཐོག་བཙུན་དགོན་གྱི་འདུ་ཁང་ནང་སྒྲོལ་མ་བཞི་ཆོག་དང་བསང་སོགས་འཚོགས་རྗེས། རྣམ་གྲོལ་གླིང་གི་འདུ་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་གི་གཙུག་ལག་ཁང་ནང་དུ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་དབུས་པའི་མཁན་སློབ་དགེ་འདུན་བཙུན་མ་ཡོངས་དང་ལྷན་དུ་ལོ་གསར་སྲུང་བརྩི་སྟབས་བདེ་ཞིག་ཞུས་ཡོད། སྤྱི་ཟླ་ ༠༢ ཚེས་ ༡༢ ནས་ ༡༩ བར་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་ལས་ཆོག་སྒོ་ནས་དཔལ་ཡུལ་སྒྲུབ་པ་འཚོགས།
གཞན་ཡང་དཔལ་ཡུལ་རིག་འཛིན་གོང་མའི་ཕྱག་སྲོལ་གཞིར་བཟུང་མི་ཉམས་རྒྱུན་སྐྱོང་གིས་སྤྱི་ལོ་ ༢༠༡༩ ཟླ་ ༠༢ ཚེས་ ༢༢ ནས་ཟླ་གཅིག་གི་རིང་རྣམ་གླིང་གྲྭ་ཚང་དང་གཅིག་མཐུན་གྱིས་རྒྱལ་བ་དཔལ་ཡུལ་བའི་རི་ཆོས་སྔོན་རྩ་རྫོགས་གསུམ་གྱི་ཟླ་ཆོས་དབུ་བཙུགས་ཏེ་ཟླ་གཅིག་གི་རིང་འཚོགས་ནས་མཇུག་གཏང་རག་ཚོགས་འཁོར་དང་བཅས་ཏེ་མཐའ་གྲུབ།
༸སྐྱབས་རྗེ་རིན་པོ་ཆེའི་ཐུགས་དགོངས་ལྟར་རྒྱུན་དུ་སྔ་དྲོར་སྒྲོལ་མ་མཎྜལ་བཞི་ཆོག་དང་། ཕྱི་དྲོར་བསྐང་གསོ་ཆད་མེད་དུ་འཚོག་བཞིན་པ་དང་། དེ་བཞིན་ཚེས་བཅུ་ཉེར་ལྔ་སོགས་དུས་ཆེན་རྣམས་སུ་རིག་འཛིན་འདུས་པའི་ཚོགས་འཁོར་དང་ཡུམ་ཀ་བདེ་ཆེན་རྒྱལ་མོའི་ཚོགས་འཁོར་སྐོར་བཞིན་པ་དང་། དད་ལྡན་ཡོན་བདག་རྣམས་ཀྱི་དམིགས་བསལ་ཞབས་རིམ་གང་བསྒྲུབ་དགོས་པའི་རེ་འདོད་ལྟར་སྒྲུབ་བཞིན་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༠༤ ཚེས་ ༡༠ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་ཚེ་དབང་ནོར་བུ་མཆོག་དབུ་བཞུགས་ཐོག་ལས་བྱེད་གསར་རྙིང་འཕོ་ལེན་གནང་། སྤྱི་ཟླ་ ༠༤ ཚེས་ ༡༡ ཉིན་དགེ་སློབ་ལྷན་འཛོམས་ཐོག་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་ནས་འདི་ལོའི་བཙུན་དགོན་གྱི་ལས་བྱེད་གསར་པ་རྣམས་དང་། འདུས་པ་ཡོངས་ལ་བཀའ་སློབ་ལམ་སྟོན་གནང་ཡོད།
ལོ་ལྟར་བཙུན་དགོན་སྤྱིའི་ཞབས་རིམ་གནང་མུས་ལྟར་སྤྱི་ཟླ་ ༠༤ ཚེས་ ༣༠ ཉིན་བསང་གསོལ་དང་། སྤྱི་ཟླ་ ༠༥ ཚེས་ ༠༡ ཉིན་༸གོང་ས་མཆོག་གི་ཞབས་བརྟན་གུ་རུའི་ཚོགས་མཆོད་ཚར་གྲངས་ཁྲི་ལྔ་དང་ཚེ་ཆོག་འཆི་བསླུ་བཅས་འཚོགས།
སྤྱི་ཟླ་ ༠༥ ཚེས་ ༠༢ ནས་ ༠༣ བར་ཉིན་གཉིས་རིང་བཙུན་མ་ཡོངས་ནས་བཀའ་འགྱུར་དག་ཚར་དང་། བླ་མ་ཕུར་པ་ཕྲིན་ལས་དབུ་བཞུགས་ཐོག་གྲྭ་ཚང་གི་དགེ་འདུན་པ་ཞལ་གྲངས་ ༢༥ གདན་དྲངས་ནས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་རིམ་གྲོ་ལེགས་པར་བསྒྲུབས།
སྤྱི་ཟླ་ ༠༥ ཚེས་ ༠༤ ཉིན་བླ་མ་ཕུར་པ་ཕྲིན་ལས་མཆོག་གིས་རྡོ་རྗེ་སློབ་དཔོན་གནང་སྟེ་བཙུན་དགོན་གྱི་སློབ་དཔོན་མ་ཞལ་གྲངས་ ༢༣ གྱིས་ཚེ་ཆོག་གཡང་སྐྱབས་དང་། སྤྱི་ཟླ་ ༠༥ ཚེས་ ༡༥ ཉིན་གྲྭ་ཚང་གི་བཙུན་མ་རྣམས་དང་སློབ་གྲྭའི་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་སློབ་ཕྲུག་རྣམས་ནས་ཕུར་སྲུང་གསོལ་ཁ་འབུམ་ལས་མི་ཉུང་བར་བསགས།
སྤྱི་ཟླ་ ༠༦ ཚེས་ ༡༠ ནས་ ༡༧ བར་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་ཞལ་ཕྱེ་སྟེ། བཀའ་མའི་སྒྲུབ་མཆོད་འཚོགས། དམིགས་བསལ་འདི་ལོར་བཙུན་དགོན་དུའང་འབུམ་ལྔ་བསགས་སྦྱང་གསར་འཛུགས་གནང་བ་བཞིན་བཙུན་མ་ཞལ་གྲངས་ ༡༧ གྱིས་སྤྱི་ཟླ་ ༠༥ ཚེས་ ༡༤ ཉིན་དངོས་གཞི་དབུ་བཙུགས་ཏེ་བསགས་སྦྱང་གནང་དང་གནང་མུས་ཡིན། ད་ལོར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་དུ་བཙུན་མ་གསར་ཞུགས་ ༤༥ ཕེབས་ཡོད་པ་དང་།
དེ་བཞིན་བཙུན་དགོན་དུ་ལས་བྱེད་ཆེ་ཆུང་བསྡོམས་པས་ཞལ་གྲངས་ ༡༢༤ ཡིས་འཛིན་སྐྱོང་གནང་བཞིན་ཡོད།
ད་ཡོད་བཙུན་དགོན་འདིར་ཡུལ་གྲུ་ཁག་མང་པོ་ཞིག་ནས་ཕེབས་པའི་བཙུན་མ་གཏན་འཇགས་སུ་བཞུགས་མཁན་ཁྱོན་བསྡོམས་ ༦༠༠ ལྷག་ཙམ་གྱིས་སློབ་སྦྱོང་དང་ཆོས་ཕྱོགས་ཀྱི་བྱ་བ་ལ་བརྩོན་བཞིན་པ་ལགས་སོ།།


བཙུན་དགོན་བཤད་གྲྭའི་མཛད་རིམ་སྙིང་བསྡུས།


བོད་རྒྱལ་ལོ་ ༢༡༤༦ བོད་ཟླ་དང་པོ་ཕྱི་མའི་ཚེས་ ༠༣ སྤྱི་ལོ་ ༢༠༡༩ ཟླ་བ་ ༠༣ པའི་ཚེས་ ༠༩ ཉིན་གུང་སེང་ནས་བཤད་གྲྭ་སླར་དབུ་བཙུགས་ཤིང་། ཉིན་དེར་གསར་ཞུགས་སློབ་གཉེར་བ་རྣམ་པས་བྲིས་རྒྱུགས་དང་། དེའི་ཉིན་ཕྱི་མར་ངག་རྒྱུགས་ཕུལ་ཡོད།
ད་ལོ་བཤད་གྲྭར་གསར་ཞུགས་གནང་མཁན་ལོ་རིམ་དང་པོར་ ༢༥ དང་། སྔོན་འགྲོ་འཛིན་གྲྭར་ ༣༥ བཅས་ཁྱོན་བསྡོམས་གསར་ཞུགས་སློབ་མ་ ༦༠ ཐམ་པ་བྱུང་ཡོད།
སྤྱི་ཟླ་ ༠༣ ཚེས་ ༡༤ ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ། མཁན་ཆེན་ཚེ་དབང་རྒྱ་མཚོ་བཅས་ཀྱིས་དབུས་དགེ་སློབ་ལྷན་འཛོམས་ཐོག་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་སློབ་གཉེར་བ་དང་ལྷན་དུ་སྤྱི་ལོ་ ༢༠༡༨ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་གསལ་བཤད་གནང་བ་དང་འབྲེལ། གྲུབ་འབྲས་རྩེ་ཕུད་དུ་སོན་པའི་ཨང་དང་པོ་དང་། གཉིས་པ། གསུམ་པ་རྣམས་དང་། རྩ་བ་ལྡེབ་གྲངས་བརྒྱ་ཡན་ཆད་འབུལ་མཁན་སློབ་གཉེར་བ་ ༡༧ བཅས་ལ་བྱ་དགའ་གསོལ་རས་བསྩལ་གནང་ཞིང་། དེ་བཞིན་ལོ་རིམ་བཞི་པ་དང་དྲུག་པ་དགུ་པ་མཐར་ཕྱིན་པའི་སློབ་གཉེར་བ་རྣམས་ལ་རིམ་བཞིན་«མཐའ་བྲལ་སྨྲ་བའི་དབང་ཕྱུག་»དང་། «ཕར་ཕྱིན་རབ་འབྱམས།» «ངེས་གསང་ལེགས་བཤད་མཛོད་འཆང་»བཅས་ཀྱི་ཕྱག་ཁྱེར་གནང་ཡོད།
༸སྐྱབས་རྗེ་རིན་པོ་ཆེ་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་འཛིན་སྐྱོང་དང་། སྒྲིག་གཞི། སློབ་ཚན་རྣམས་ནི་སྔ་འགྱུར་མཐོ་སློབ་ཆེན་མོ་དང་གཅིག་མཚུངས་ཡིན། མཐོ་སློབ་ཆེན་མོའི་འཛིན་སྐྱོང་འོག་འདི་ལོར་བཤད་གྲྭ་ནས་སློབ་དཔོན་ ༦ དང་བཙུན་དགོན་གྱི་སློབ་དཔོན་མ་ ༣༤ ཡིས་སྤྱི་ཟླ་ ༠༣ ཚེས་ ༣༠ ཉིན་ནས་བཟུང་དཔེ་ཁྲིད་སྔ་མའི་སློབ་ཚན་རྣམས་དབུ་བཙུགས་གནང་སྟེ་ད་ལྟའི་ཆར་ཆོས་ཁྲིད་གནང་བཞིན་ཡོད།
ཟླ་རེའི་མཚམས་སུ་རེས་གཟའ་ཉི་མའི་དགོང་མོར་མཁས་པའི་བྱ་བ་རྣམ་གསུམ་ལས་རྩོད་པའི་མཛད་རིམ་དམ་བཅའ་ཆེན་མོ་འཚོག་བཞིན་ཡོད།
སྤྱི་ཟླ་ ༠༧ ཚེས་ ༠༡ ཉིན་ཁྱད་ཆོས་ཆེ་བ་དྲུག་གི་བདག་ཉིད་དཔལ་གསང་ཆེན་སྔ་འགྱུར་བའི་བསྟན་པའི་ཤིང་རྟ་ཆེན་པོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོ་གང་གི་སྐུའི་འདས་མཆོད་ཉིན་བཙུན་དགོན་གྱི་དགེ་སློབ་ལྷན་འཛོམས་ཐོག་སློབ་གཉེར་བ་རྣམ་པས་ཐུན་རེའི་མཚམས་སུ་ཆོས་བཤད་དང་། རིམ་བཞིན་ཚོགས་ལངས། དམ་བཅའ། རྟགས་གསལ། བཀྲ་ཤིས་ཚིག་བཟང་དང་བཅས་མགོན་པོ་གང་ཉིད་ཐུགས་དགྱེས་པའི་ལེགས་བཤད་ཀྱི་མཆོད་སྤྲིན་རྒྱ་ཆེར་ཕུལ་ནས་མཐར་རྟེན་འབྱུང་བཀྲ་ཤིས་བསྔོ་སྨོན་དང་བཅས་པའི་སྒོ་ནས་མགོན་པོ་གང་ཉིད་ཀྱི་འདས་མཆོད་འཚོགས་ཡོད།
ད་ལོའི་ཆར་བསླབ་པ་མཐར་སོན་པའི་སློབ་དཔོན་མ་ཞལ་གྲངས་ ༢༠ བྱུང་ཡོད་པ་དང་། ཕྱོགས་མཐའ་ཁག་གི་སྙན་ཞུ་ལྟར་སྔ་འགྱུར་མཐོ་སློབ་ཆེན་མོའི་འཛིན་སྐྱོང་གཞིར་བཟུང་འོག་དགེ་སློབ་མ་ཞལ་གྲངས་ ༣༡ རྒྱ་བལ་འབྲུག་གསུམ་གྱི་དགོན་སྡེ་དང་སློབ་གྲྭ་ཁག་ལ་སློབ་སྟོན་ཆེད་ཕེབས་གནང་ཡོད། འདི་ལོར་བཙུན་དགོན་བཤད་གྲྭའི་ལས་བྱེད་དང་སློབ་དཔོན་མ་ ༦༧ གྱིས་འཛིན་སྐྱོང་གནང་བཞིན་པ་ལགས་སོ།།


བཙུན་དགོན་གཞི་རིམ་སློབ་གྲྭའི་མཛད་རིམ་སྙིང་བསྡུས།


བོད་རྒྱལ་ལོ་ ༢༡༤༦ བོད་ཟླ་དང་པོ་ཕྱི་མའི་ཚེས་ ༡༠ སྤྱི་ལོ་ ༢༠༡༩ ཟླ་ ༠༣ ཚེས་ ༡༦ ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་། མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་རྣམ་གཉིས་དབུ་བཞུགས་ཐོག་གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་སྤྱི་ལོ་ ༢༠༡༨ ལོའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་གྲུབ་འབྲས་ཨང་ཐོབ་ཤོག་ལྷེ་དང་། ཨང་དང་པོ་དང་གཉིས་པ་གསུམ་པ་བཅས་དང་། བློ་རྒྱུགས་ལྡེབ་གྲངས་བརྒྱ་ཡན་འབུལ་མཁན་གྱི་སློབ་གཉེར་བ་རྣམས་ལ་མཁན་སྤྲུལ་གྱང་ཁང་རིན་པོ་ཆེའི་ཕྱག་ནས་བྱ་དགའ་བསྩལ་གནང་ཡོད། འཛིན་གྲྭ་བརྒྱད་པ་མཐར་སོན་པའི་སློབ་གཉེར་བ་རྣམས་ལ་ཕྱག་ཁྱེར་གནང་བ་དང་འབྲེལ་སློབ་ཕྲུག་རྣམས་ལ་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ཟབ་མོ་གནང་།
བཙུན་དགོན་གཞི་རིམ་སློབ་གྲྭའི་སྒྲིག་གཞི་དང་སློབ་ཚན་རྣམས་ཀྱང་རྣམ་གླིང་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་དང་གཅིག་མཚུངས་ཡིན།
སློབ་གྲྭ་འདིར་སློབ་སྟོན་པ་སློབ་སྤྱི་རྒན་གཞོན་གཉིས་ཀྱིས་གཙོས་སློབ་དཔོན་མ་ ༢༡ གིས་འཛིན་སྐྱོང་དང་སློབ་སྟོན་གནང་བཞིན་ཡོད།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།