སྤྱི་ལོ་ ༢༠༡༩ ལོའི་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག

གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།


སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༠༨ ཚེས་ ༠༨ ཕྱི་དྲོའི་ཆ་ལ་རྒྱུན་ལས་ཁག་དང་འདུས་ཚོགས་ཡོངས་ནས་དྲི་ཞིམ་བདུག་སྤོས་ཀྱིས་སྣེ་དྲངས་ཏེ། དཔལ་ས་སྐྱའི་༸སྐྱབས་མགོན་གོང་མ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་འདི་ག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་པོའི་ནང་ཞབས་སོར་འཁོད་ནས། བཀྲ་ཤིས་བརྒྱད་པ་དང་གནས་བརྟན་ཕྱག་མཆོད་དང་འབྲེལ། སྐུ་གསུམ་མཎྜལ་འདེགས་འབུལ་ཞུས། དེ་རྗེས་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་ནང་དུ་ཕེབས་ཏེ་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་སྐུ་གདུང་མཆོད་རྟེན་ལ་ཁྲུས་གསོལ་རབ་གནས་བཅས་གནང་ཡོད།
༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུ་གང་གི་བཀའ་དགོངས་བཞིན། དགོན་འདིའི་བསྟན་སྲུང་ཡི་དམ་ཕུར་པ་ལྷ་ཁང་དུ་རྒྱུན་ཆད་མེད་པར་ཕུར་པའི་བསྙེན་པ་དང་བཟློག་པ་སོགས་འདོན་སྲོལ་ཡོད་པ་བཞིན། ཟླ་དྲུག་སྔ་མའི་སྐབས་སུ་རཏ་གླིང་ཕུར་པའི་བསྙེན་སྒྲུབ་ཀྱི་སྐོར་གྲུབ་ཟིན་ནས། སྤྱི་ཟླ་ ༠༨ ཚེས་ ༡༥ ཉིན་རྡོ་རྗེ་སློབ་དཔོན་དབུ་བཞུགས་ཀྱིས་གྲྭ་ཚང་གཞུང་གི་ལས་ཐོག་རྣམ་པ་ཚང་འཛོམས་ཀྱིས་ཕུར་པའི་སྦྱིན་སྲེག་རྒྱས་པ་ཞིག་གནང་། དེ་རྗེས་སྔར་བཞིན་དགེ་འདུན་པ་ཉི་ཤུ་རྩ་ལྔས་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་བཟློག་པ་གསུང་གནང་བ་དང་འབྲེལ། ཕྱི་དྲོའི་ཆ་ལ་སྙིང་ཐིག་གསོལ་ཁ་ཆད་མེད་ཀྱིས་འཚོགས་དང་འཚོག་མུས་ཡིན།
རྒྱུན་ལྡན་བཞིན་ད་ལོའི་ཆར་ཡང་དབྱར་གནས་ཀྱི་དུས་བཟང་ཁྱད་པར་ཅན་གྱི་སྐབས་སྤྱི་ཟླ་ ༠༨ ཚེས་ ༡༧ ནས་དབུ་བཙུགས་ཏེ་གྲྭ་ཚང་གི་བླ་མ་རྣམ་པས་གཙོས་པའི་གྲྭ་ཚང་གི་དགེ་འདུན་པ་ཡོངས་དང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་འཛིན་རིམ་བཞི་པ་ཡན་ཆད་ཀྱི་དགེ་འདུན་པ་རྣམས་ནས་ཟླ་བ་གཅིག་དང་ཕྱེད་ཀྱི་རིང་ལ་སྙིང་ཐིག་གསོལ་ཁ་དང་། གནམ་ཆོས་གསོལ་ཁ། གུར་དྲག་མེ་རླུང་འཁྱིལ་བ། ཀར་གླིང་ཞི་ཁྲོ། རཏ་གླིང་ཚེ་ཆོག རཏ་གླིང་ཕུར་པ་བཅས་བདུན་ཕྲག་རེ་རེ་བཞིན་འཚོགས་ནས། མཐར་སྤྱི་ཟླ་ ༠༩ ཚེས་ ༢༧ ཉིན་རཏ་གླིང་ཕུར་པའི་སྒོ་ནས་མནན་བསྲེགས་འཕངས་གསུམ་དང་། སྤྱི་ཚེས་ ༢༨ ཉིན་དགེ་འདུན་གྲངས་བཞི་བརྒྱ་ཡས་མས་ཀྱིས་རཏ་གླིང་ཚེ་ཆོག་གསང་བ་འདུས་པ་དང་འབྲེལ་ནས་འཆི་བསླུ་དང་། ཚོགས་མཆོད་རྒྱས་པ་བཅས་ཀྱི་སྒོ་ནས་ལོ་འདིའི་དབྱར་གནས་ལེགས་པར་གྲུབ།
སྤྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༢༣ ནས་ ༢༨ བར་ཉིན་དྲུག་གི་རིང་ཕྱི་དྲོ་ཆུ་ཚོད་ ༡:༠༠ ནས་ ༣:༠༠ བར་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་ནང་དུ། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་གིས་དབུས་མཁན་སྤྲུལ་བླ་སློབ་གྲྭ་བཙུན་འདུས་མང་ཡོངས་ལ། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས་མཛད་པའི་«གནམ་ཆོས་ཐུགས་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོ་ཐུགས་རྗེ་ཆེན་པོ་ལུས་དཀྱིལ་སྐོར་གྱི་ཁྲིད་ཡིག་སངས་རྒྱས་ལག་འཆང་གི་འགྲེལ་ཆེན་»གྱི་རྒྱབ་རྟེན་ལྗགས་ལུང་ཟབ་མོའི་བཀའ་དྲིན་སྩོལ་གནང་མཛད་ཡོད་པ་དང་། མཐར་སྤྱི་ཚེས་ ༢༨ ལྗགས་ལུང་མཇུག་བསྡུའི་ཉིན་མོར། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་འདུས་ཚོགས་ཡོངས་ནས་གནམ་ཆོས་ཁྲིད་འགྲེལ་ཆེན་མོའི་ལྗགས་ལུང་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་མཎྜལ་སྐུ་གསུང་ཐུགས་རྟེན་དང་བཅས་པའི་འབུལ་མཚོན་འདེགས་འབུལ་ཞུས་ནས་ལྗགས་ལུང་ལེགས་པར་མཐའ་གྲུབ་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༠ ཉིན་ནས་ཞག་གསུམ་རིང་། ༸སྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེར་ཐུགས་བརྟག་ཞུས་པར་བཀའ་ཇི་ལྟར་ཕེབས་པ་བཞིན། རྣམ་གླིང་འདུས་སྤྱིའི་ཞབས་རིམ་ཚར་གྲངས་གནད་དུ་སྨིན་པ་ཞིག་འཚོགས་ཡོད། དེ་ཡང་ཚེས་ ༡༠ ཉིན་གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་ནང་དུ། གཙུག་གཏོར་དཀར་མོའི་བཟློག་བསྒྱུར་དང་། པདྨ་བཀའ་ཐང་བསྡུས་པ་གཉིས་བསགས་ཡོད་པ་དང་། སྤྱི་ཚེས་ ༡༡ ཉིན་ཕུར་བཟློག་དང་། སྤྱི་ཚེས་ ༡༢ ཉིན་སྙིང་ཐིག་བསང་གསོལ་འཚོགས། དེ་མིན་ཚོགས་སྡེ་གཞན་ཁག་ཏུ་ཉིན་གསུམ་གྱི་རིང་ལ་གུར་དྲག་དང་། བཀའ་བརྒྱད། ཀར་གླིང་ཞི་ཁྲོ་དང་འབྲེལ་བའི་ཞི་འདུལ་དང་། རཏ་གླིང་ཕུར་པ་དང་འབྲེལ་བའི་ལྕགས་འདུལ། གཅོད་ཚོགས་རིན་ཆེན་ཕྲེང་བ་དང་འབྲེལ་བའི་གཅོད་འདུལ་བཅས་འཚོགས་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༠༡ རེས་གཟའ་པ་སངས་ཉིན། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་ལྷན་འཛོམས་ཀྱིས་ཉིན་གཅིག་རིང་གསོལ་ཚིགས་མཉམ་བཞེས་ཀྱིས་ཐུགས་སྤྲོར་རོལ་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༠༨ གཟའ་སྐར་དགེ་བའི་ཉིན་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་རྣམ་གཉིས་དབུ་བཞུགས་ཐོག གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་དགེ་རྩ་ཚོགས་པའི་ལས་ཁུངས་དང་ལས་ཤག་གསར་པའི་དབུ་འབྱེད་མཛད་སྒོ་དང་རབ་གནས་གནང་ཡོད་པ་དང་། གཞན་ཡང་མཆོད་རྟེན་ཆ་བརྒྱད་འགྲམ་གྱི་མ་ཎི་དུང་འཁོར་ནང་དུ་ལྟུང་བཤགས་ཀྱི་སངས་རྒྱས་སོ་ལྔའི་ལྡེབས་རིས་གསར་བཞེངས་གནང་བ་ལ་རབ་གནས་མཛད་ཡོད།
ལོ་འདིར་སྔོན་འགྲོ་འབུམ་ལྔ་བསགས་སྦྱང་གནང་མཁན་དགེ་འདུན་པ་ ༣༥ དང་མི་སྐྱ་ ༤༥ ཙམ་གྱིས་ཟླ་བ་དྲུག་གི་རིང་ལ་འབུམ་ལྔ་བསགས་སྦྱང་མཛད་དེ་ཟླ་བ་ ༡༡ ཚེས་ ༡༩ ཉིན་རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་གནམ་ཆོས་གསོལ་ཁ་དང་འབྲེལ་ཚོགས་མཆོད་གཏང་རག་གི་སྒོ་ནས་འདི་ལོའི་འབུམ་ལྔ་མཐའ་གྲུབ།
སྤྱི་ལོ་ ༢༠༡༩ ཟླ་ ༡༢ ཚེས་ ༢༡ ཉིན་གཞི་རིམ་སློབ་གྲྭའི་རྒྱུགས་སྤྲོད་མཐའ་གྲུབ་རྗེས། དགེ་འདུན་པ་རྣམས་གུང་སེང་དང་བསྟུན་ཏེ་རྡོར་གདན་སྔ་འགྱུར་སྨོན་ལམ་འཚོག་ཏུ་ཕེབས་དགོས་པས་དེའི་ཆེད་དུ་དམིགས་ཏེ་ཕུར་ཟློག་དང་། གནམ་ཆོས་གསོལ་ཁ། སྙིང་ཐིག་གསོལ་ཁ་བཅས་ཞབས་རིམ་འཚོགས་ཡོད།
སྔ་འགྱུར་སྒྲུབ་སྡེ་བསམ་གཏན་འོད་གསལ་གླིང་གི་མཛད་རིམ་སྙིང་བསྡུས།
སྤྱི་ལོ ༢༠༡༩ ཟླ་ ༠༨ ཚེས་ ༡༨ ནས་ཉིན་བཞིའི་རིང་སྒྲུབ་ཐེངས་བཅུ་གཅིག་པ་གསར་ཞུགས་གནང་མཁན་རྣམས་ལ་མཁན་ཆེན་པདྨ་ཤེས་རབ་མཆོག་ནས། «བསྐྱེད་རིམ་སྤྱིའི་རྣམ་ངེས་»དང་། «བསྙེན་སྒྲུབ་མཚམས་ཀྱི་གནད་མདོར་བསྡུས་པ་རབ་གསལ་ནོར་བུའི་སྒྲོན་མེ།» ཞེས་བྱ་བའི་བཀའ་ཁྲིད་དབུ་བཙུགས་ནས་བོད་ཟླ་ ༠༦ ཚེས་ ༢༢ ཉིན་བཀའ་དྲིན་གཏང་རག་དང་བཅས་མཇུག་ལེགས་པར་གྲུབ་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༢༡ ཉིན་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེ་མཆོག་གིས་སྤྱི་ལོ་ ༡༩༨༥ ལོར་ཕྱག་བཏབ་གནང་བའི་འདི་ག་རྣམ་གྲོལ་གླིང་གི་སྒྲུབ་ཁང་སྔ་འགྱུར་སྒྲུབ་སྡེ་བསམ་གཏན་འོད་གསལ་གླིང་གི་སྒྲུབ་ཐེངས་བཅུ་པ་རྣམས་ལོ་གསུམ་ཕྱོགས་གསུམ་མཐའ་ལེགས་པར་གྲུབ་སྟེ། ཞོགས་པ་ཆུ་ཚོད་ ༧:༣༠ ཐོག་སྒྲུབ་ཁང་ནས་སྒྲུབ་བླ་རྣམས་དུང་རྒྱ་གླིང་གིས་སྣེ་དྲངས་ཏེ་སེར་སྦྲེང་གིས་༸སྐྱབས་རྗེ་རིན་པོ་ཆེའི་གཟིམས་ཁང་དུ་མཇལ་ཁ་དང་གསོལ་འདེབས་ཞུས་ཤིང་།
དེ་རྗེས་མཁན་ཆེན་པདྨ་ཤེས་རབ་མཆོག་གི་མདུན་དུ་མཇལ་ཁ་དང་བཀའ་སློབ་ལམ་སྟོན་ཞུས་རྗེས་ཟངས་མདོག་དཔལ་རིའི་འདུ་ཁང་འོག་མའི་ནང་དུ་གྲྭ་ཚང་གི་རྒྱུན་ལས་གཙོས་པའི་སྡེ་ཚན་སོ་སོའི་རྒྱུན་ལས་ཁག་ནས་བཀྲ་ཤིས་པའི་རྟེན་འབྲེལ་གནང་ཡོད།
ད་རེས་སྒྲུབ་ཁང་དུ་ལོ་གསུམ་ཟླ་གསུམ་རིང་སྐུ་མཚམས་ལ་བཞུགས་ཏེ་རྩ་གསུམ་བསྙེན་པ་མཐར་ཕྱིན་པར་འཁྱོལ་མཁན་ལ། མཁན་པོ། ༢ སྤྲུལ་སྐུ། ༢ སློབ་དཔོན། ༢༢ གྲྭ་པ་རྒན་གྲས་ ༡༩ བཅས་ཁྱོན་བསྡོམས་པས་སྒྲུབ་བླ་ ༤༥ ཐམ་པ་ཐོན་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༧ ཉིན་ཕྱི་དྲོའི་ཆར་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་བཀའ་སློབ་ལམ་སྟོན་གནང་བ་ལྟར། རྣམ་གྲོལ་གླིང་གི་སྒྲུབ་གྲྭ་སྔ་འགྱུར་སྒྲུབ་སྡེ་བསམ་གཏན་འོད་གསལ་གླིང་གི་སྒྲུབ་ཐེངས་བཅུ་གཅིག་པ་རྣམས་ནས། ལོ་གསུམ་ཕྱོགས་གསུམ་ལ་མཚམས་སྒོ་བཅད་རྒྱ་དམ་པོར་བསྡམས་ཏེ་འཛུལ་ཞུགས་གནང་ཡོད།
ད་ལན་སྒྲུབ་ཁང་དུ་གསར་ཞུགས་གནང་མཁན་ལ། མཁན་པོ། ༡༠ སྤྲུལ་སྐུ། ༡ བླ་མ་ལ་སྒྲུབ་ཐེངས་ལྔ་བཞུགས་མྱོང་མཁན་གཅིག སྒྲུབ་ཐེངས་གཉིས་བཞུགས་མྱོང་མཁན་གཉིས་བཅས་ ༣ དང་། སློབ་དཔོན། ༡༠ གྲྭ་པ། ༢༣ བཅས་ཁྱོན་བསྡོམས་མི་གྲངས་ ༤༧ འཛུལ་ཞུགས་གནང་ཡོད།
སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།
སྤྱི་ལོ་ ༢༠༡༩ ཟླ་ ༠༧ ཚེས་ ༢༨ རེས་གཟའ་ཉི་མའི་ཉིན་སྔར་སྲོལ་བཞིན་སྔ་འགྱུར་མཐོ་སློབ་ཆེན་མོའི་དམ་བཅའ་ཆེན་མོ་ཐེངས་གསུམ་པ་དེ་དགོང་མོ་ཆུ་ཚོད་ ༧:༣༠ ནས་ ༩:༣༠ བར་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་མངོན་པ་མཛོད་ཀྱི་བརྗོད་བྱ་གཉིས་ཀྱི་ཐོག་ལ་ལོ་རིམ་ལྔ་པ་དམ་བཅར་བཞུགས་ཤིང་། ལོ་རིམ་བཞི་པའི་སློབ་གཉེར་བ་རྣམས་ཀྱིས་རྟགས་གསལ་བཏང་བ་བཅས་ཀྱི་སྒོ་ནས་འཚོགས་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༡༡ རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་ ༧:༣༠ ནས་ ༩:༣༠ བར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་གིས་གཙོས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ནས་དགེ་འདུན་འདུས་མང་ཡོངས་ལ་དབྱར་གནས་འཚོག་ཕྱོགས་སྐོར་གྱི་བཀའ་སློབ་གསུང་བཤད་གནང་ཡོད། བཀའ་སློབ་ཀྱི་བརྗོད་སྙིང་གཙོ་བོ་དབྱར་གནས་སྐབས་ཀྱི་བཤད་གྲྭའི་སྒྲིག་གཞི་ལམ་ལུགས། དགེ་འདུན་པའི་སྤྱི་རྫས་ལ་བདག་གཅེས་གནང་ཕྱོགས། འདུལ་བ་གཞི་གསུམ་དང་འབྲེལ་བའི་རྒྱུན་གྱི་ཉམས་བཞེས་ལག་ལེན་སྐོར། དེ་བཞིན་ནམ་ཞག་རྒྱུན་དུ་རབ་ཏུ་བྱུང་བའི་སྡེས་ཐོས་བསམ་སློབ་གཉེར་གནང་ཕྱོགས་བཅས་ཀྱི་སྐོར་ནས་ལམ་སྟོན་གནང་ཡོད།

སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་སློབ་རྣམ་པ་འདུལ་བ་གཞི་གསུམ་གྱི་ནང་ཚན་དབྱར་གནས་ལ་བཞུགས་པའི་སྐོར།


སྤྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༡༥ རབ་གནས་ས་མོ་ཕག་ལོའི་བོད་ཟླ་དྲུག་པའི་ཚེས་ ༡༥ ཉིན་གཙུག་ལག་ཁང་ཆེན་མོའི་ནང་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་འདུན་པ་རྣམས་ཀྱིས་བསླབ་པ་ཡོངས་སྦྱོང་གི་གཞི་གསུམ་གྱི་ཡ་གྱལ་དབྱར་གནས་ཀྱི་གཞིའི་སྦྱོར་བའི་སྐབས། ལྟུང་བ་ཕྱིར་བཅོས་དང་གསོ་སྦྱོང་། མཚམས་བུ་ཆུང་བཅད་པ་དང་། གནས་མལ་སྟོབ་པར་བསྐོ་བ། དབྱར་ཁྲིམས་བརྗོད་པ། ཚུལ་ཤིང་བྲིམ་པ། གནས་མལ་སྟོབ་པ། གདིང་ཁྲིམས་བརྗོད་པ། རུང་ཁང་བྱིན་རླབས་བཅས་གནང་ཡོད་པ་དང་། སྤྱི་ཚེས་ ༡༦ ཉིན་དགེ་ཚུལ་སློང་བརྒྱ་ཕྲག་བཅུ་ལྷག་བརྒལ་བས་དབྱར་གནས་དངོས་གཞིའི་སྐབས་དབྱར་ཁས་ལེན་གྱི་ཆོ་ག་ལ་བརྟེན་ནས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ཡོད།
དབྱར་གནས་སྐབས་ཉིན་གྲངས་ ༤༥ རིང་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་དབུ་བཞུགས་ཐོག་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་འདུན་འདུས་པ་ཡོངས་ནས་ཞོགས་པ་ཆུ་ཚོད་ ༦:༣༠ ནས་ ༧:༠༠ བར་རྒྱུན་ཆགས་གསུམ་པ་དང་། ཉིན་གུང་ཆུ་ཚོད་ ༡༡:༠༠ ནས་ ༡༡:༤༥ བར་དགེ་འདུན་འདུས་པ་རྒྱ་མཚོ་ལྷན་བཞུགས་ཐོག་གུང་ཚིགས། དེ་བཞིན་དགོང་མོ་ཆུ་ཚོད་ ༩:༠༠ ནས་ ༩:༣༠ བར་གཞུང་ཆེན་ཁག་གི་རྩ་བ་ཞལ་འདོན་དང་སྨོན་ལམ་བཅས་འཚོགས་ཤིང་། གུང་ཚིགས་དང་དགོང་མོའི་ཞལ་འདོན་འཚོག་སྐབས་འབྲེལ་ཡོད་སྦྱིན་པའི་བདག་པོ་རྣམས་ཀྱི་ཆེད་བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ། གཏོར་མ་ཆ་གསུམ། འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོས་གཙོས་པའི་བསྔོ་བ་དང་སྨོན་ལམ་རིགས་ཀྱིས་མཐའ་བརྒྱན་ཏེ་ཐུགས་སྨོན་སྐྱབས་འཇུག་ཟབ་མོས་མཚམས་སྦྱོར་གནང་བའི་སྒོ་ནས་འཚོགས་ཡོད།
དེ་ནས་བཀྲ་ཤིས་པའི་གསོ་སྦྱོང་སྟེ། མི་རུང་བའི་གཞི་བཅུ་ལྟ་བུ་སེལ་བ་དང་། རྟེན་ལ་རབ་ཏུ་གནས་པ་སོགས་བཀྲ་ཤིས་པའི་དུས་སུ་བྱ་བ་ཡིན་པ་བཞིན། སྤྱི་ཟླ་ ༠༩ ཚེས་ ༠༦ དབྱར་གནས་པའི་དུས་ཚོད་ཕྱེད་རྫོགས་པ་ཟླ་བ་ཡར་གྱི་ངོའི་ཚེས་བརྒྱད་ལ། འདི་ག་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་གཙུག་ལག་ཁང་ཆེན་མོའི་ནང་འདི་ལོའི་དབྱར་གནས་པའི་དགེ་སློང་དང་དགེ་ཚུལ་ཕ་མ་སྟོང་ཕྲག་ལས་བརྒལ་བ་ལྷན་ཅིག་ཏུ་འཚོགས་ནས་རྒྱུན་ཆགས་གསུམ་པ་དང་། རང་རང་གི་ལྟུང་བ་ཕྱིར་བཅོས་གནང་། དེའི་རྗེས་དབྱར་གནས་མཁན་པོས་སྔོན་བྱོན་དམ་པའི་ཕྱག་བཞེས་མ་འཁྲུལ་བ་སོ་སོར་ཐར་པའི་མདོ་ཧྲིལ་གྱིས་བཏོན་པའི་སྒོ་ནས་བཀྲ་ཤིས་པའི་གསོ་སྦྱོང་གི་ལས་ཆོས་བཞིན་འདུལ་བ་བཞིན་གྲུབ་པའི་མཐར་བཀྲ་ཤིས་བསྔོ་སྨོན་བཅས་མཇུག་ལེགས་པར་གྲུབ།


དབྱར་གནས་སྐབས་མཐོ་སློབ་ཆེན་མོའི་སློབ་གཉེར་བའི་འཆད་རྩོད་རྩོམ་གསུམ་གནང་ཕྱོགས།


སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དབྱར་གནས་སྐབས། སྐྱོར་དཔོན་མིན་པའི་ལོ་རིམ་བརྒྱད་པའི་སློབ་གཉེར་བའི་ནང་ནས་དཔྱད་རྩོམ་རྩེ་ཕུད་དུ་སོན་པའི་སློབ་གཉེར་བ་མི་གྲངས་བཅུ་བགྲོ་གླེང་དམ་བཅར་བཞུགས་ཡོད་ཅིང་། དམ་བཅའ་འཚོག་དུས་བདུན་ཕྲག་རེའི་རེས་གཟའ་སྤེན་པའི་ཞོགས་པ་ཆུ་ཚོད་ ༨:༣༠ ནས་ ༡༠:༣༠ བར་དམ་བཅའ་བ་རེར་དུས་ཡུན་ཆུ་ཚོད་གཅིག་རེ་བྱས་ཏེ་ཆུ་ཚོད་གཉིས་ཀྱི་རིང་བགྲོ་གླེང་གནང་ཡོད།
དེ་ཡང་སྤྱི་ཟླ་ ༠༩ ཚེས་ ༢༤ བགྲོ་གླེང་བདུན་ཕྲག་དང་པོར་མ་ཧཱ་ཡོ་གའི་ལུགས་ཀྱི་རིག་འཛིན་བཞི་དང་། མདོ་སྔགས་ཀྱི་ལྟ་བའི་ཁྱད་པར་སྐོར། བདུན་ཕྲག་གཉིས་པར་དམ་ཆོས་འདུལ་བའི་བཅས་རང་གི་སྐོར་དང་། སེམས་བསྐྱེད་ཀྱི་ངོ་བོ། བདུན་ཕྲག་གསུམ་པར་མཁན་ཆེན་ཞི་བ་འཚོས་མཛད་པའི་ཚད་མ་དེ་ཁོ་ན་ཉིད་ཀྱི་གཞུང་དོན་ལས། དེ་ཁོ་ན་ཉིད་ཀྱི་སྒྲ་དོན་བརྟག་པ་དང་། ཚད་ཆེན་ནང་ནས་སྟོན་པ་ཚད་མའི་སྐྱེས་བུར་ཇི་ལྟར་སྒྲུབ་ཚུལ་གྱི་སྐོར་ལ་བགྲོ་གླེང་འཚོགས་ཡོད། བདུན་ཕྲག་བཞི་པར་གསང་སྙིང་རྒྱུད་ཡང་དག་ཡིན་མིན་ལ་ལོག་རྟོག་ཇི་ལྟར་བྱུང་མིན་སྐོར་དང་། མངོན་པའི་སྐབས་ཀྱི་བར་དོའི་རྣམ་གཞག བདུན་ཕྲག་ལྔ་པར་དབུ་མའི་སྐོར་དང་། ཐུན་མོང་གི་བལྟ་བྱ་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་འཚོགས་ཡོད། བགྲོ་གླེང་སྐབས་དམ་བཅའ་བ་རེར་དུས་ཡུན་ཆུ་ཚོད་ཕྱེད་ལྷག་གི་རིང་ལོ་རིམ་བརྒྱད་པའི་སློབ་གཉེར་བ་རྣམས་ཀྱིས་དྲི་བ་བཀོད་ཅིང་། གཞན་དུས་ཡུན་ལྷག་མའི་ནང་ལོ་རིམ་གཉིས་པ་ཡན་གྱི་སློབ་གཉེར་བ་རྣམས་ཀྱིས་རང་མོས་ཀྱིས་དྲི་བར་མཉམ་ཞུགས་གནང་ཡོད།
སྤྱི་ཟླ་ ༠༩ ཚེས་ ༠༦ བཀྲ་ཤིས་པའི་གསོ་སྦྱོང་གི་ཉིན་དང་། སྤྱི་ཟླ་ ༠༩ ཚེས་ ༡༣ རེས་གཟའ་པ་སངས་ཏེ། ཉིན་གཉིས་ཀྱི་རིང་དགེ་རྒན་ལྔ་རེ་ཡིས་བཤད་རྒྱུགས་དང་རྩོད་རྒྱུགས་ཡོངས་རྫོགས་བླངས་ཡོད། དེ་ཡང་ལོ་རིམ་དང་པོས་རྟགས་རིགས་དང་། ལོ་རིམ་གཉིས་པས་དབུ་མ་རྒྱན། ལོ་རིམ་གསུམ་པས་དབུ་མ་འཇུག་པ། ལོ་རིམ་བཞི་པས་མངོན་པ་མཛོད་བཅས་ཀྱི་གཞུང་གི་བརྗོད་གཞིའི་སྒང་ནས་སློབ་གཉེར་བ་ཡོངས་རྫོགས་ཀྱིས་རྩོད་རྒྱུགས་ཕུལ་ཡོད་ཅིང་། ལོ་རིམ་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་དང་། ལོ་རིམ་བདུན་པས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོའི་གཞུང་གི་བརྗོད་གཞིའི་ཐོག་ནས་བཤད་རྒྱུགས་ཕུལ་ཡོད།
གཞན་ཡང་བདུན་ཕྲག་རེའི་རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་ ༧:༠༠ ནས་ ༩:༠༠ བར་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་ལོ་རིམ་གོང་འོག་བར་གྱི་རྩོད་པ་འགྲན་སྡུར་འཚོགས་ཡོད། འཛིན་གྲྭ་རེར་རྟགས་གསལ་དང་དམ་བཅའི་དུས་ཡུན་ཆུ་ཚོད་གཅིག་རེ་ཡིན་ཞིང་། རྩོད་པའི་བརྗོད་གཞི་ཡང་ལོ་རིམ་སོ་སོའི་སྐབས་བབ་གྱི་སློབ་ཚན་གཙོ་བོའི་སྒང་ནས་རྩོད་གནང་ཡོད། དེ་བཞིན་སྔོན་འགྲོ་འཛིན་གྲྭ་དང་། ལོ་རིམ་དང་པོའི་སློབ་གཉེར་བ་རྣམས་ཀྱིས་དབྱར་གནས་སྐབས་སུ་ཆེད་དུ་གཟིགས་རྟོག་གནང་མཁན་དགེ་རྒན་རྣམས་ཀྱི་ལམ་སྟོན་འོག་འཆར་ཅན་བཞིན་རིགས་ལམ་ལ་སྦྱང་བརྩོན་གནང་ཡོད་པ་དང་།
སྤྱི་ལོ་ ༢༠༡༩ ཟླ་ ༠༩ ཚེས་ ༢༦ ཉིན་ཆུ་ཚོད་ ༧:༠༠ ནས་ ༩:༠༠ བར་སྔ་འགྱུར་མཐོ་སློབ་ཆེན་མོའི་སྔོན་འགྲོ་འཛིན་གྲྭའི་རིག་གནས་འགྲན་སྡུར་གནང་ཡོད་པ་མ་ཟད། སྐབས་དེར་མཁན་སློབ་དགེ་བའི་བཤེས་གཉེན་རྣམས་ཀྱི་དབུས་སུ་རིག་གནས་འགྲན་སྡུར་ནང་ཚུད་པའི་སློབ་གཉེར་བ་གྲངས་ ༣༠ ཐམ་པས་བོད་ཀྱི་ཡི་གེ་སྤྱི་བཤད་ལས་འཕྲོས་པའི་དྲི་བར་ལན་འདེབས་པ་དང་། དཔེར་བརྗོད་ཀྱི་བར་སྟོང་ནང་རྐྱེན་ཡིག་འགེང་དགོས་པ། དཔེར་བརྗོད་ངོས་འཛིན། ཡིག་ནོར་བཅོས་དགོས་པ་བཅས་ཀྱི་སྒོ་ནས་འགྲན་སྡུར་གནང་ཡོད་ཅིང། དེ་བཞིན་དབྱར་གནས་ནང་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམ་པས་ཡིག་གཟུགས་འགྲན་སྡུར་ཞིག་ཀྱང་གནང་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༠༩ ཚེས་ ༢༧ བོད་ཟླ་ ༠༧ ཚེས་ ༢༩ ཉིན་དགག་དབྱེའི་སྦྱོར་ཆོས་ཡིན་ཞིང་། ཉིན་དེའི་དགོང་མོར་དགག་དབྱེའི་སྦྱོར་ཆོས་སུ། དབྱར་གནས་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་གིས་དད་པས་ཆོས་ཉན་པར་འདུས་པ་རྣམས་ལ་གསུང་ཆོས་བསྩལ་གྲུབ་པའི་རྗེས། སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་འདུན་པ་རྣམས་ཀྱིས་ཆོས་བཤད་དང་། ཚོགས་ལངས། རྩོད་པ། བཀྲ་ཤིས་ཚིག་བཟང་བཅས་དམ་པའི་ཆོས་ཀྱི་མཆོད་པ་རྒྱ་ཆེར་སྤྲོས།
ཕྱི་ཉིན་སྤྱི་ཟླ་ ༠༩ ཚེས་ ༢༨ དགག་དབྱེ་དངོས་གཞིའི་ཉིན། ཞོགས་པ་སྔ་པོར་འདུས་ཏེ་དབྱར་ཚུལ་བཞིན་མ་གྱུར་པས་ཐུགས་དང་འགལ་བ་རྣམས་བཟོད་གསོལ་དང་། ལྟུང་བ་ཕྱིར་བཅོས་དང་བྱིན་རླབས་བྱས་ཤིང་། དགག་དབྱེ་བྱེད་པ་པོ་བསྐོས། དབྱར་གནས་པའི་སྐབས་དགེ་འདུན་པ་ལ་མཐོང་ཐོས་དོགས་གསུམ་གྱི་ལྟུང་བ་གླེང་དྲན་བྱ་བ་སོགས་དགག་པ་རྣམས་སྐབས་དབྱེ་ཞིང་ཡོངས་སུ་དག་པར་བྱ་བའི་ཆེད་དུ། དགེ་སློང་རྣམས་དང་དགེ་ཚུལ་ཕ་མ་རྣམས་ཀྱིས་བསླབ་གྲལ་ལྟར་རིམ་པ་བཞིན་དགག་དབྱེ་བྱས་པའི་རྗེས་བསྔོ་བ་དང་སྨོན་ལམ་བཅས་མཐའ་གྲུབ།
དེའི་ཕྱི་ཉིན་སྤྱི་ཟླ་ ༠༩ ཚེས་ ༢༩ ཞོགས་པ་སྔ་པོར་སྔ་འགྱུ་ར་མཐོ་སློབ་ཆེན་མོའི་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་ཐོག་དྲངས་ཐམས་ཅད་ཀྱིས་ཆོས་གོས་མནབས། འཁར་གསིལ་བསྣམས། ཞི་དུལ་བག་ཡོད་ལྡན་པའི་ངུར་སྨྲིག་འཛིན་པས་སེར་ཕྲེང་སྟར་ཆགས་སུ་བསྒྲིགས་ཏེ། གནས་ལ་ཆགས་པ་སྤོང་བའི་ཕྱིར་དུ་དགོན་པའི་ཕྱི་ལོགས་རྒྱང་གྲགས་ལས་བརྒལ་བའི་སར་ལྗོངས་རྒྱུར་ཕེབས་ཤིང་། སྐབས་དེར་རྒྱུན་ཆགས་གསུམ་པ་དང་། རི་བོ་བསང་མཆོད་གསེར་སྐྱེམས་གཏོར་བསྔོ་དང་བཅས་པ་གསུངས་ཤིང་། ལོ་རིམ་དང་པོའི་སློབ་གཉེར་བ་དང་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་ཚོས་ཆོས་རྩོད་གནང་སྟེ། མཐར་བཀྲ་ཤིས་སྨོན་ལམ་དང་བཅས་དབྱར་གནས་མཇུག་ལེགས་པར་མཐའ་གྲུབ།
སྤྱི་ལོ་ ༢༠༡༩ ཟླ་ ༠༩ ཚེས་ ༠༩ ཉིན་སྔ་འགྱུར་མཐོ་སློབ་ཆེན་མོོའི་རྒྱུན་ལས་དབུ་ཞུགས་ཐོག་མཐོ་སློབ་འདི་གའི་ཡིག་རྒྱུགས་དོ་དམ་ལས་ཁུངས་གསར་པ་ཞིག་སྒོ་འབྱེད་གནང་ཡོད།
དབྱར་གནས་སྐབས་མཁན་ཆེན་པདྨ་ཤེས་རབ་མཆོག་གིས་བཀའ་ཆོས་གནང་བའི་སྐོར།
སྤྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༢༢ ཉིན། སྔ་འགྱུར་བསྟན་པའི་གསལ་བྱེད་ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་མཁན་ཆེན་པདྨ་ཤེས་རབ་མཆོག་ལ་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན་ཉིན་རྒྱབ་ཆུ་ཚོད་ ༣:༠༠ ནས་ ༤:༠༠ བར་བཤད་གྲྭའི་ཚོགས་ཁང་ནང་ཐེག་མཆོག་རྣམ་གྲོལ་གླིང་གི་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་ཡོངས་ལ་ཐུགས་བརྩེ་ཆེན་པོའི་སྒོ་ནས་ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་«དཔྱད་སྒོམ་འཁོར་ལོ་མའི་»བཀའ་ཁྲིད་གནང་བ་དང་སྦྲགས་འདི་ཕྱི་གཉིས་ལ་སྨན་པའི་ལེགས་ཉེས་བླང་དོར་ཟབ་མོའི་བཀའ་སློབ་བསྩལ་པ་དང་། དགོང་མོ་ཆུ་ཚོད་ ༥:༡༥ ནས་ ༦:༠༠ བར་སྔ་འགྱུར་མཐོ་སློབ་ཆེན་མོའི་ཆོས་རའི་ནང་དགེ་འདུན་པ་རྣམས་དམ་བཅའ་འཚོག་བཞིན་པ་ལ་གཟིགས་སྐོར་དུ་ཕེབས་པ་བཅས་ཀྱི་བཀའ་དྲིན་བསྐྱངས་གནང་མཛད་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༢༨ ཉིན། སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ནས་ཇི་ལྟར་གསོལ་བ་བཏབ་པ་བཞིན། འདུལ་འཛིན་དམ་པ་མཁན་ཆེན་པདྨ་ཤེས་རབ་མཆོག་ནས་ཞོགས་པའི་ཆུ་ཚོད་ ༨:༣༠ ནས་ ༡༠:༠༠ བར་རྣམ་གླིང་མཁན་སྤྲུལ་བླ་སློབ་དགེ་འདུན་བཙུན་མ་ཡོངས་ལ་ཀུན་མཁྱེན་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་«སྤྱོད་པ་རྣམ་སྦྱོང་ཁྲིད་ཀྱི་ཉམས་ལེན་»གྱི་ཁྲིད་ལུང་དང་སྦྲགས་ཏེ་ཐུགས་བརྩེ་ཆེན་པོའི་སྒོ་ནས་འདི་ཕྱི་གཉིས་ལ་སྨན་པའི་བཀའ་སློབ་ཟབ་མོ་སྩོལ་གནང་མཛད་ཡོད། དེའི་རྗེས་སུ་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ནས་མཁན་ཆེན་གང་གི་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་པའི་སླད་དུ་རྟེན་གསུམ་མཎྜལ་འདེགས་འབུལ་བཅས་ཞུས་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༠༩ ཚེས་ ༢༢ རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་ ༧:༣༠ ནས་ ༩:༣༠ བར་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་། ད་ལོའི་ལོ་རིམ་གོང་འོག་གི་ཟླ་རེའི་དམ་བཅའ་ཆེན་མོ་ཐེངས་བཞི་པ་དེ། ལོ་རིམ་བདུན་པ་རྣམས་དམ་བཅར་བཞུགས་ཏེ། ཤེར་ཕྱིན་གྱི་བརྗོད་བྱ་མི་འདྲ་བ་གཉིས་ཀྱི་ཐོག་ནས་ལོ་རིམ་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་རྟགས་གསལ་བཏང་སྟེ་འཚོགས་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༠༦ རེས་གཟའ་ཉི་མ། ཟླ་རེའི་བཀའ་སློབ་ཉིན་མོ་སྟེ། ཉིན་འདིའི་དགོང་མོ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ། བཤད་གྲྭའི་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་གིས་དབུས་པའི་མཁན་སློབ་དགེ་བའི་བཤེས་གཉེན་རྣམ་པས་དགེ་འདུན་འདུས་པ་ཡོངས་ལ་འདི་ཕྱི་གཉིས་ལ་སྨན་པའི་བཀའ་སློབ་གསུང་བཤད་གནང་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༡༣ རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་ ༧:༣༠ ནས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གཉིས་ཀྱི་དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་ལས་རིམ་དང་འབྲེལ་བའི་གྲུབ་འབྲས་གསལ་བཤད་བྱས་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༡༠ ཚེས་ ༢༠ རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་ ༧:༣༠ ནས་ ༩:༣༠ བར་ད་ལོའི་ལོ་རིམ་གོང་འོག་གི་ཟླ་རེའི་དམ་བཅའ་ཆེན་མོ་ཐེངས་ལྔ་པ་དེ། ལོ་རིམ་བརྒྱད་པ་རྣམས་དམ་བཅར་བཞུགས་ཏེ། དམ་ཆོས་འདུལ་བའི་བརྗོད་བྱ་མི་འདྲ་བ་གཉིས་ཀྱི་ཐོག་ནས་ལོ་རིམ་བདུན་པའི་སློབ་གཉེར་བ་རྣམས་ཀྱིས་རྟགས་གསལ་བཏང་སྟེ་འཚོགས་ཡོད།
དེ་བཞིན་སྤྱི་ཟླ་ ༡༡ ཚེས་ ༡༠ རེས་གཟའ་ཉི་མའི་དགོང་མོ་ཆུ་ཚོད་ ༧:༣༠ ནས་ ༩:༣༠ བར་ད་ལོའི་ལོ་རིམ་གོང་འོག་གི་ཟླ་རེའི་དམ་བཅའ་ཆེན་མོ་ཐེངས་དྲུག་པ་དེ། ལོ་རིམ་དགུ་པ་རྣམས་དམ་བཅར་བཞུགས་ཏེ། གསང་བ་སྔགས་ཀྱི་བརྗོད་བྱ་མི་འདྲ་བ་གཉིས་ཀྱི་ཐོག་ནས་ལོ་རིམ་བརྒྱད་པའི་སློབ་གཉེར་བ་རྣམས་ཀྱིས་རྟགས་གསལ་བཏང་སྟེ་འཚོགས་ཡོད།


སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་དྲུག་པའི་སྐོར།


བོད་རྒྱལ་ལོ་ ༢༡༤༦ རབ་གནས་ས་མོ་ཕག་ལོའི་བོད་ཟླ་ ༠༩ ཚེས་ ༠༣ ནས་ ༠༤ སྤྱི་ལོ་ ༢༠༡༩ ཟླ་བ་ ༡༠ ཚེས་ ༣༠ ནས་ ༣༡ བར་ཉིན་གཉིས་ཀྱི་རིང་། མཁན་ཆེན་པདྨ་ཤེས་རབ་མཆོག་གི་དགོངས་གཞི་བཞིན་སྔར་སྲོལ་ལྟར། ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་སྟབས་བསྟུན་ནས། སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་དྲུག་པ་འཚོགས་ཡོད།
ཐེངས་འདི་ཡི་ལྟ་གྲུབ་བགྲོ་གླེང་ལ་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གཉིས་ཀྱི་མཁན་སློབ་སློབ་གཉེར་རྣམ་པ་དང་། དེ་བཞིན་ཕྱོགས་མཐའ་ཁག་ལས་དེཧ་རཱ་དཱུན་འོག་སྨིན་ཨོ་རྒྱན་སྨིན་གྲོལ་གླིང་དང་། བལ་ཡུལ་དཔལ་ཡུལ་ཨོ་རྒྱན་རྡོ་རྗེ་ཆོས་གླིང་དགོན་པའི་བཤད་གྲྭ། སྦིར་དཔལ་ཡུལ་ཆོས་འཁོར་གླིང་གི་བཤད་གྲྭ། ཨོ་ཌི་ཤ་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་གི་བཤད་གྲྭ། རྫོགས་ཆེན་དགོན་གྱི་བཤད་གྲྭ། ཤུག་གསེབ་བཙུན་དགོན་བཅས་ནས་མཉམ་ཞུགས་གནང་ཡོད།
བགྲོ་གླེང་དངོས་གཞི་དེ་ཉིན་གཉིས་ཀྱི་རིང་ལ་འཚོག་ཐེངས་དགུ་རུ་བགོས་ནས་འཚོགས། དེ་ཡང་དངོས་གཞི་འཚོག་ཐེངས་རེ་ལ་དུས་ཡུན་ཆུ་ཚོད་ ༠༡:༣༠ རིང་གཙོ་སྐྱོང་བའི་གསུང་བཤད་དུས་ཡུན་སྐར་མ་ ༡༠ བགྲོ་གླེང་དམ་བཅའ་བའི་གསུང་བཤད་སྐར་མ་ ༡༥ གླེང་སློང་བའི་གླེང་སློང་དུས་ཡུན་སྐར་མ་ ༠༥ བགྲོ་གླེང་དངོས་གཞི་དྲི་བ་དྲིས་ལན་དུས་ཡུན་སྐར་མ་ ༥༥ དེའི་ནང་ནས་སློབ་གཉེར་བ་ལ་ད་ལོ་དམིགས་བསལ་གྱིས་དུས་ཡུན་སྐར་མ་ ༡༥ བཅས་ཉིན་དང་པོར་འཚོག་ཐེངས་ལྔ། ཉིན་གཉིས་པ་ལ་འཚོག་ཐེངས་བཞི་འཚོགས་ཡོད།
དེའང་ཐོག་མར་ཟླ་འདིའི་སྤྱི་ཚེས་ ༣༠ ཉིན་གྱི་ཞོགས་པ་ཆུ་ཚོད་ ༠༧:༡༥ ཐོག་བཤད་གྲྭའི་འདུ་ཁང་ཆེ་བའི་ནང་། མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་དང་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གིས་གཙོས་པའི་རྣམ་གྲོལ་གླིང་གི་ཁུངས་སོ་སོའི་རྒྱུན་ལས་རྣམ་པ་དང་། དེ་བཞིན་ཕྱོགས་མཐའ་ཁག་ནས་ཐེངས་འདིའི་ལྟ་གྲུབ་བགྲོ་གླེང་ཆེད་དུ་ཕེབས་པའི་མཁན་སློབ་རྣམ་པ། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་བཅས་ཚང་འཛོམས་ཐོག བཀྲ་ཤིས་བརྒྱད་པ་དང་སྐྱབས་སེམས་ཡན་ལག་བདུན་པ་སོགས་གསུངས་གྲུབ་རྗེས་སྣང་གསལ་མར་མེ་བསྒྲོན་ཏེ་བགྲོ་གླེང་གི་དབུ་འབྱེད་རྟེན་འབྲེལ་མཛད་སྒོ་འཚོགས་ཡོད།
དེ་ནས་བགྲོ་གླེང་དངོས་གཞིའི་ཉིན་དང་པོ་དེ་སྔ་དྲོའི་ཆུ་ཚོད་ ༠༨:༠༠ ནས་དབུ་བཙུགས། འཚོག་ཐེངས་དང་པོའི་བརྗོད་གཞི་རྫོགས་ཆེན་གཞིའི་རྣམ་གཞག་དང་། འཚོག་ཐེངས་གཉིས་པའི་བརྗོད་གཞི་ལུང་ཨ་ནུ་ཡོ་གའི་ལྟ་བའི་སྐོར། ཕྱི་དྲོའི་འཚོག་ཐེངས་དང་པོའི་བརྗོད་གཞི་མ་ཧཱ་ཡོ་གའི་ལུགས་ཀྱི་སྣང་བ་ལྷར་སྒྲུབ་ཚུལ། འཚོག་ཐེངས་གཉིས་པའི་བརྗོད་གཞི་ཤེར་ཕྱིན་ནས་བསྟན་པའི་རིགས་ཀྱི་སྐོར། འཚོག་ཐེངས་གསུམ་པའི་བརྗོད་གཞི་ཤེར་ཕྱིན་རྣམ་རྫོགས་སྦྱོར་བའི་སྐོར་ལ་བགྲོ་གླེང་གནང་ནས་ཕྱི་དྲོ་ཆུ་ཚོད་ ༠༦:༡༥ ཐོག་བགྲོ་གླེང་ཉིན་དང་པོ་མཐའ་གྲུབ།
ཉིན་གཉིས་པའི་བགྲོ་གླེང་དེ་ཕྱི་ཉིན་ཚེས་ ༣༡ ཞོགས་པ་ཆུ་ཚོད་ ༠༨:༠༠ ནས་དབུ་བཙུགས་ཤིང་། ཉིན་དེའི་སྔ་དྲོའི་ཆར་གྱི་འཚོག་ཐེངས་དང་པོའི་བརྗོད་གཞི་གཞལ་བྱ་ཤིན་ཏུ་ལྐོག་གྱུར་སྐོར་དང་། འཚོག་ཐེངས་གཉིས་པའི་བརྗོད་གཞི་སྐྱེ་བ་སྔ་ཕྱི་སྒྲུབ་ཚུལ་སྐོར་འཚོགས་ནས་བགྲོ་གླེང་མཉམ་ཞུགས་པ་ལྷན་འཛོམས་ཐོག་བརྙན་པར་བསྒྲོན་ཡོད། ཕྱི་དྲོའི་ཆར་འཚོག་ཐེངས་དང་པོའི་བརྗོད་གཞི་ཀུན་རྫོབ་ཡང་ལོག་གི་སྐོར། འཚོག་ཐེངས་གཉིས་པའི་བརྗོད་གཞི་མཚན་ཉིད་གསུམ་གྱི་སྐོར་ལ་བགྲོ་གླེང་གནང་བ་བཅས་ཀྱིས་ཐེངས་འདིའི་བགྲོ་གླེང་དངོས་གཞི་མཐའ་གྲུབ།
མཇུག་ཏུ་ཐེངས་འདིའི་བགྲོ་གླེང་གི་མཛད་རིམ་མཐའ་སྡུད་སྐབས། མཐོ་སློབ་ཆེན་མོ་འདི་གའི་དགེ་བའི་བཤེས་གཉེན་མཁན་པོ་གཅིག་ནས་གསུང་བཤད་པ་དང་ཟུར་ཉན་པ་རྣམ་པའི་ཚབ་ཞུས་ནས་ཐེངས་འདིའི་བགྲོ་གླེང་ཇི་ལྟར་བྱུང་མིན་སྐོར་གྱི་གསལ་བཤད་མདོར་བསྡུས་དང་། དེའི་རྗེས་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་རྣམ་པ་གཉིས་ཀྱི་ཕྱག་བརྒྱུད་ནས། ཐེངས་འདིའི་བགྲོ་གླེང་དུ་མཉམ་ཞུགས་གནང་མཁན་ཡོངས་ལ་ཕྱག་ཁྱེར་རེ་ཕུལ་བ་དང་། དེ་ནས་མཐོ་སློབ་འདི་གའི་ཚོགས་གཞོན་མཁན་པོ་མཆོག་ནས་ཐེངས་འདིའི་བགྲོ་གླེང་དུ་མཉམ་ཞུགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཏེ། མཐར་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཀྱི་བསྔོ་བ་མཛད་ནས་སྔ་འགྱུར་རྙིང་མའི་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཐེངས་དྲུག་པ་མཐའ་གྲུབ་བོ།།
སྔ་འགྱུར་ཐུན་མིན་ལྟ་གྲུབ་བགྲོ་གླེང་ཚར་བའི་ཕྱི་ཉིན་སྤྱི་ཟླ་ ༡༡ ཚེས་ ༠༡ རེས་གཟའ་པ་སངས་ཉིན། ཕྱི་དྲོ་ཆུ་ཚོད་ ༠༧ ཐོག་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་བཀའ་དྲིན་རྗེས་དྲན་གྱི་ཚུལ་དུ། སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་མཆོག་གི་གོ་སྒྲིག་འོག་མཐོ་སློབ་འདི་གའི་སློབ་གཉེར་བ་འགའ་ཤས་ནས་རིན་པོ་ཆེ་གང་ཉིད་ཀྱི་མཛད་རྣམ་ཟློས་གར་འཁྲབ་སྟོན་བསྡུས་པ་ཞིག་གཟིགས་འབུལ་ཞུས་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༥ ཉིན་ཕྱི་དྲོའི་ཆར་མཁན་ཆེན་ཚེ་དབང་རྒྱ་མཚོ་མཆོག་ནས། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དང་། བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་ཡོངས་ལ་བཀའ་སློབ་གསུང་བཤད་གནང་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡༩ རེས་གཟའ་མིག་དམར་ལྷ་བབས་དུས་ཆེན་ཉིན་ད་ལོའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་ཡོངས་རྫོགས་མཚམས་འཇོག་གནང་ཡོད་ཅིང་། སྤྱི་ཟླ་ ༡༡ ཚེས་ ༢༠ ནས་ ༢༢ བར་ཉིན་གསུམ་རིང་རྒྱལ་བའི་བཀའ་འགྱུར་དང་། རཏ་གླིང་ཕུར་པ། སྙིང་ཐིག་བསང་གསོལ་བཅས་ཀྱི་སྒོ་ནས་ལོ་མཇུག་གི་ཞབས་རིམ་འཚོགས་ཡོད་པ་དང་། ཉིན་དེ་དག་གི་རིང་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བ་རྣམས་ཀྱིས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྩོད་རྒྱུགས་ཕུལ་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༢༩ རེས་གཟའ་པ་སངས་ཉིན་ནས་ཞག་ ༢༣ རིང་རང་སྦྱོང་གནང་ཞིང་། སྤྱི་ཟླ་ ༡༢ ཚེས་ ༢༢ རེས་གཟའ་ཉི་མའི་ཉིན་ནས་ཉིན་གསུམ་རེའི་རིང་རང་སྦྱོང་དང་། དེའི་རྗེས་ལོ་འཁོར་ཡིག་རྒྱུགས་རེ་བཏང་ནས་སྤྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༡༢ བར་ཞག་བཅུ་བདུན་རིང་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་མཐའ་གྲུབ།
སྤྱི་ལོ་ ༢༠༢༠ ཟླ་ ༠༡ ཚེས་ ༡༩ ནས་བཟུང་དགེ་འདུན་འདུས་པ་རྣམས་རྒྱལ་ཡོངས་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་སྐབས་ ༣༡ པ་འཚོག་ཏུ་ཕེབས་འཆར་ལགས་སོ།།


རྣམ་གླིང་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་སྙིང་བསྡུས།


ལོ་ལྟར་བཞིན་གཞི་རིམ་སློབ་གྲྭ་ཡེ་ཤེས་འོད་གསལ་ཤེས་རབ་རལ་གྲི་གླིང་གི་སློབ་ཚན་གཙོ་བོ་སུམ་རྟགས་དག་གསུམ། རྒྱལ་རབས་ཆོས་འབྱུང་། བཤེས་སྤྲིངས་དང་རྒྱལ་སྲས་ལག་ལེན། བློ་རིགས་དང་རྟགས་རིགས། སྐད་ཡིག་སློབ་དེབ་དང་དབྱིན་ཡིག ཨང་རྩིས་དང་འབྲི་ཀློག དབུ་མཛད་དང་གཏོར་རྒྱན་སོགས་ཆོ་ག་ཕྱག་ལེན་དང་བཅས་ཕྱི་ནང་གི་རིག་པའི་གནས་རྣམས་ལ་སློབ་སྟོན་གནང་བཞིན་པ་ལྟར་ད་ལོ་ཡང་དགེ་སློབ་གྲངས་ ༡༠༩ ཙམ་གྱིས་ལྷག་བསམ་ལྷོད་མེད་ཐོག་སློབ་སྟོན་གནང་ཞིང་། ༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུ་རིན་པོ་ཆེའི་བཀའ་དགོངས་བཞིན་མཁན་སློབ་རྣམ་པས་སློབ་ཕྲུག་རྣམས་ལ་ཟླ་རེའི་མཚམས་སུ་བཀའ་སློབ་ལམ་སྟོན་གནང་གི་ཡོད་པ་དང་། ལྷག་པར་དུ་གཟའ་འཁོར་རེར་འཛིན་གྲྭ་གཉིས་རེ་ལ་དགེ་རྒན་ལྔ་རེས་མོས་ཀྱིས་༸སྐྱབས་རྗེ་གྲུབ་དབང་རིན་པོ་ཆེའི་མཛད་རྣམ་ངོ་སྤྲོད་དང་འབྲེལ་ཀུན་སྤྱོད་དང་བསམ་པ་བཟང་པོ་དགོས་ཚུལ། དགོན་པའི་སྒྲིག་ལམ་ཚུལ་བཞིན་བསྲུངས་པའི་ཐོག་ནས་སློབ་སྦྱོང་ལ་དོ་སྣང་དགོས་ཚུལ་སྐོར་ལ་བཀའ་སློབ་ལམ་སྟོན་གནང་གི་ཡོད།
སྤྱི་ཟླ་ ༠༨ ཚེས་ ༠༡ ཉིན་ཟླ་དྲུག་ཕྱི་མའི་དཔེ་ཁྲིད་དགེ་རྒན་རྣམས་བསྐོ་གཞག་གནང་ཞིང་། སྤྱི་ཟླ་ ༠༨ ཚེས་ ༡༦ ཉིན་ནས་ལོ་འདིའི་དཔེ་ཁྲིད་ཕྱི་མ་དབུ་བཙུགས་གནང་ཡོད།
སྤྱི་ཟླ་ ༠༨ ཚེས་ ༡༧ ནས་བཟུང་ཉིན་གྲངས་བཞི་བཅུ་ཞེ་ལྔའི་རིང་དབྱར་གནས་དང་འབྲེལ་སྙིང་ཐིག་གསོལ་ཁ་དང་། གནམ་ཆོས་གསོལ་ཁ། གུར་དྲག ཞི་ཁྲོ། ཕུར་ཟློག ཚེ་ཆོག་སོགས་འཚོགས་གནང་ཡོད།
སྤྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༢༥ སྔ་དྲོ་ཆུ་ཚོད་ ༨:༣༠ ནས་ ༡༠:༠༠ བར། འདི་གའི་སློབ་གྲྭའི་རྒྱུན་ལས་ནས་གསོལ་བ་བཏབ་པ་ལྟར། ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་མོ་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། གཙུག་ལག་ཁང་ཆེན་མོ་ཨོ་རྒྱན་མདོ་སྔགས་བཤད་སྒྲུབ་འོད་གསལ་དར་རྒྱས་གླིང་དུ། རྣམ་གླིང་སྔོན་འགྲོ་སློབ་གྲྭའི་ཞལ་འདོན་ཕྱོགས་བསྒྲིགས་དངོས་གྲུབ་འདོད་འཇོའི་དབུ་ནས་ཞབས་བར་དུ་ལྗགས་ལུང་བསྩལ་པ་དང་འབྲེལ་བཀའ་སློབ་ཞལ་གདམས་ཟབ་མོའི་བཀའ་དྲིན་བསྐྱངས་ཡོད།
སྤྱི་ཟླ་ ༠༩ ཚེས་ ༡༩ ཉིན་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པ་བར་གྱི་སློབ་ཕྲུག་རྣམ་པས་ཟླ་དྲུག་ཕྱི་མའི་སློབ་དེབ་ཟླ་རྒྱུགས་བཏང་ཡོད།
སྤྱི་ཟླ་ ༠༩ ཚེས་ ༢༦ ཉིན་འཛིན་གྲྭ་གསུམ་པ་མན་ཆད་སློབ་ཕྲུག་རྣམས་ཀྱིས་དབྱིན་ཇི་ཟླ་རྒྱུགས་བཏང་ཡོད་པ་དང་། སྤྱི་ཟླ་ ༡༠ ཚེས་ ༠༩ ནས་ཉིན་གསུམ་གྱི་རིང་ད་ལོའི་བོད་སྐད་རྒྱུགས་སྤྲོད་ཐེངས་གཉིས་པ་དེ་བཏང་ཡོད།
སྤྱི་ཟླ་ ༡༠ ཚེས་ ༢༩ ནས་ཟླ་དྲུག་ཕྱི་མའི་ལས་བྱེད་པ་རྣམས་བསྐོ་གཞག་གནང་ཡོད། སྤྱི་ཟླ་ ༡༡ ཚེས་ ༠༥ ཉིན་ཀ་ཁ་འཛིན་གྲྭ་ནས་འཛིན་གྲྭ་བརྒྱད་པའི་བར་གྱི་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་སློབ་དེབ་ཀྱི་ཟླ་རྒྱུགས་བཏང་ཡོད་པ་དང་། སྤྱི་ཟླ་ ༡༡ ཚེས་ ༡༣ ཉིན་འཛིན་གྲྭ་འོག་མ་རྣམས་ཀྱིས་དབྱིན་ཇི་དང་། གོང་མ་རྣམས་ཀྱིས་ཨང་རྩིས་ཟླ་རྒྱུགས་བཏང་ཡོད།
སྤྱི་ཟླ་ ༡༡ ཚེས་ ༡༩ ལྷ་བབས་དུས་ཆེན་ཉིན་ད་ལོའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་མཚམས་འཇོག་གནང་ཞིང་། སྤྱི་ཟླ་ ༡༡ ཚེས་ ༢༩ ཉིན་རང་སྦྱོང་དབུ་བཙུགས་ཡོད།
སྤྱི་ཟླ་ ༡༢ ཚེས་ ༠༦ ནས་རྒྱུགས་སྤྲོད་དངོས་གཞི་འགོ་བཙུགས་ཏེ། སྤྱི་ཟླ་ ༡༢ ཚེས་ ༢༡ ཉིན་མཇུག་གྲུབ་ཅིང་། གཞི་རིམ་སློབ་གྲྭའི་སློབ་ཕྲུག་ཆེ་གྲས་རྣམས་རྒྱལ་ཡོངས་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་སྐབས་ ༣༡ པ་འཚོག་ཏུ་ཕེབས་འཆར་ལགས་སོ།།

བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་ཟླ་དྲུག་ཕྱི་མའི་མཛད་རིམ་ཁག་ལས།
བཙུན་དགོན་གྲྭ་ཚང་གི་མཛད་རིམ་སྙིང་བསྡུས།


༸སྐྱབས་རྗེ་གྲུབ་དབང་ཡིད་བཞིན་ནོར་བུ་གང་གི་ཐུགས་དགོངས་ལྟར། སྔ་དྲོའི་ཆ་ལ་སྒྲོལ་ཆོག་དང་། དགོང་མོར་གསོལ་ཁ་དང་བསྔོ་སྨོན་བཅས་རྒྱུན་ཆད་མེད་པར་འཚོག་བཞིན་ཡོད། དེ་བཞིན་ཚེས་བཅུ་ཉེར་ལྔའི་ཚོགས་མཆོད་ནི་རྒྱུན་ལྡན་ལྟར་ཡིན་ལ། གཞན་ཡང་ཞབས་རིམ་ཆེ་ཁག་སྐབས་བཤད་གྲྭ་སློབ་གྲྭ་གྲྭ་ཚང་རྣམས་ལྷན་འཛོམས་ཐོག་འཚོག་བཞིན་ཡོད།
དབྱར་གནས་སྐབས་ཉིན་ཞག་ཞེ་ལྔའི་རིང་བླ་མ་ཕུར་པ་ཕྲིན་ལས་གཙོས་པའི་གྲྭ་ཚང་གི་བཙུན་མ་རྣམས་དང་སློབ་གྲྭའི་འཛིན་གྲྭ་ལྔ་པ་ཡན་ཆད་ཀྱི་སློབ་ཕྲུག་རྣམས་བདུན་ཕྲག་རེར་རེས་མོས་ཐོག བདུན་ཕྲག་རེ་རེའི་ནང་དུ་སྙིང་ཐིག་གསོལ་ཁ། སེང་གདོང་མའི་ཟློག་པ། སྨིན་གླིང་རྡོར་སེམས། རཏ་གླིང་ཚེ་ཆོག སྡུག་བསྔལ་རང་གྲོལ་བཅས་འཚོགས་ཡོད་པ་དང་། དེ་ནས་ཉིན་བརྒྱད་ཀྱི་རིང་མཁན་པོ་བཀྲ་ཤིས་རྣམ་རྒྱལ་མདུན་ནས་བསྙེན་གནས་ཀྱི་སྡོམ་པ་ཞུས་ཏེ་བཙུན་མ་རྣམས་ཀྱིས་དགེ་སློང་མ་དཔལ་མོས་མཛད་པའི་སྨྱུང་གནས་ཀྱི་ཆོ་གའི་སྒོ་ནས་སྨྱུང་གནས་ཆ་བཞི་འཚོགས་ཤིང་། ཉིན་མཐའ་མར་འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་ཞལ་ཕྱེ་སྟེ་གཏང་རག་གི་ཚོགས་འཁོར་བསྐོར་བ་དང་བཅས་མཐའ་གྲུབ།


བཙུན་དགོན་བཤད་གྲྭ་ཐོས་བསམ་དགའ་བའི་ཚལ་གྱི་མཛད་རིམ་སྙིང་བསྡུས།


བོད་རྒྱལ་ལོ་ ༢༡༤༦ བོད་ཟླ་ ༠༦ ཚེས་ ༡༤ སྤྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༡༤ ཉིན་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་གིས་དབུས་པའི་རྒྱུན་ལས་ལྷན་འཛོམས་ཐོག་སྔར་སྲོལ་བཞིན་བཙུན་མ་ཡོངས་ལ་དབྱར་གནས་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་གནང་།
སྤྱི་ཟླ་ ༠༨ ཚེས་ ༡༦ རེས་གཟའ་པ་སངས་ཉིན་མོར་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ་མཁན་སློབ་དགེ་འདུན་འདུས་པ་རྒྱ་མཚོ་དང་བཅས་དམ་ཆོས་འདུལ་བའི་ཕྱག་སྲོལ་ལྟར་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླངས་ནས། ཉིན་རེར་ཐུན་གསུམ་དུ་བགོས་ཏེ་ཞོགས་པའི་ཆར་རྒྱུན་ཆགས་གསུམ་པ་དང་། ཉིན་གུང་གདུགས་ཚོད་སྐབས་དཀོན་མཆོག་རྗེས་དྲན། བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ་སོགས་ཞབས་རིམ་ཁག་དང་། དགོང་མོའི་ཆར་གཞུང་ཆེན་ཁག་གི་རྩ་བ་དང་བསྔོ་སྨོན་ཞལ་འདོན་གནང་ཞིང་། ཟླ་རེའི་གསོ་སྦྱོང་རྣམས་ནམ་རྒྱུན་ལྟར་དང་། སྤྱི་ཟླ་ ༠༩ ཚེས་ ༠༦ རེས་གཟའ་པ་སངས་ཉིན་བཀྲ་ཤིས་པའི་གསོ་སྦྱོང་བཅས་འཚོགས།
དབྱར་གནས་སྐབས་འཆད་རྩོད་རྩོམ་གསུམ་གྱི་ལས་རིམ་སྟར་ཆགས་སུ་ཡོད་པ་ལྟར། སྤྱི་ཟླ་ ༠༩ ཚེས་ ༠༦ དང་། ཚེས་ ༡༣ ཉིན་ལོ་རིམ་བདུན་པའི་སློབ་གཉེར་བ་རྣམས་ཀྱིས་གསང་སྙིང་སྤྱི་དོན་འོད་གསལ་སྙིང་པོ་དང་། ལོ་རིམ་དྲུག་པའི་སློབ་གཉེར་བ་རྣམས་ཀྱིས་ཤེར་ཕྱིན་དཔལ་སྤྲུལ་སྤྱི་དོན་བཅས་མདོ་སྔགས་གཉིས་ཀྱི་གཞུང་ལུགས་ཐོག་ནས་འཆད་རྒྱུགས་ཕུལ་ཡོད།
སྤྱི་ཟླ་ ༠༩ ཚེས་ ༠༦ དང་། ཚེས་ ༡༣ ཉིན་ལོ་རིམ་དང་པོ་ནས་ལོ་རིམ་བཞི་པའི་བར་གྱི་སློབ་གཉེར་བ་རྣམས་ཀྱིས་རྩོད་རྒྱུགས་ཕུལ་བ་དང་། དེ་བཞིན་དུ་ལོ་རིམ་གཉིས་པ་ནས་དགུ་པའི་བར་འཛིན་གྲྭ་གོང་འོག་གི་རྩོད་པའི་འགྲན་སྡུར་ཡང་གནང་ཡོད།
བགྲོ་གླེང་རྩོམ་ཤོག་གི་རིམ་པ་རྣམས་རྒྱུན་ལས་ཀྱི་བཀའ་དགོངས་ལྟར་ད་ལོ་ཡང་སྐྱོར་དཔོན་མིན་པའི་ལོ་རིམ་བརྒྱད་པའི་སློབ་གཉེར་བའི་ནང་ནས་དཔྱད་རྩོམ་རྩེ་ཕུད་དུ་འདེམས་ཐོན་བྱུང་བ་རྣམས་ཀྱིས་སྤྱི་ཟླ་ ༠༩ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན་སློབ་གཉེར་བ་གཉིས་ཀྱིས་སྔགས་དང་ཤེར་ཕྱིན་གྱི་དམ་བཅའ་དང་། སྤྱི་ཟླ་ ༠༩ ཚེས་ ༢༡ རེས་གཟའ་སྤེན་པའི་ཉིན་སློབ་གཉེར་བ་གཉིས་ཀྱིས་དབུ་མའི་བགྲོ་གླེང་གི་དམ་བཅར་བཞུགས་ཡོད། བགྲོ་གླེང་སྐབས་ལོ་རིམ་བརྒྱད་པའི་སློབ་གཉེར་བ་རྣམས་ཀྱིས་ཆུ་ཚོད་ཕྱེད་ཀའི་རིང་དྲི་བ་དྲིས་གནང་ཡོད་པ་དང་། གཞན་ཡང་ལོ་རིམ་གཉིས་པ་ནས་དགུ་པའི་བར་གྱི་སློབ་ཕྲུག་དོན་གཉེར་ཅན་ཚོས་དྲི་བ་དྲིས་གནང་ཡོད། དབྱར་གནས་སྐབས་སྔོན་འགྲོ་འཛིན་གྲྭའི་སློབ་ཕྲུག་རྣམས་དང་ལོ་རིམ་དང་པོའི་སློབ་ཕྲུག་རྣམས་ཀྱིས་རྟགས་རིགས་སོགས་ལ་དམིགས་གསལ་གྱི་རྩོད་སྦྱོང་གནང་ཡོད། དེ་བཞིན་དགག་དབྱེའི་སྦྱོར་ཆོས་དང་ལྗོངས་རྒྱུའི་ལས་རིམ་རྣམས་སྔར་སྲོལ་ལྟར་གནང་སྟེ་དབྱར་གནས་མཐའ་ལེགས་པར་གྲུབ།
སྤྱི་ལོ་ ༢༠༡༩ སྤྱི་ཟླ་ ༡༠ ཚེས་ ༡༣ རེས་གཟའ་ཉི་མའི་དགོང་མོ་སྔ་འགྱུར་མཐོ་སློབ་ཆེན་མོའི་དགེ་སློབ་ཚང་འཛོམས་ཐོག ཐོས་བསམ་དགའ་བའི་ཚལ་གྱི་སློབ་གཉེར་བ་རྣམས་ལ་དབྱར་གནས་སྐབས་ཀྱི་འཆད་རྩོད་རྩོམ་གསུམ་གྱི་གྲུབ་འབྲས་གསལ་བཤད་གནང་ཡོད།
སྤྱི་ཟླ་ ༠༩ ཚེས་ ༢༢ རེས་གཟའ་ཉི་མའི་དགོང་མོར་ཤེར་ཕྱིན་དང་། སྤྱི་ཟླ་ ༡༠ ཚེས་ ༢༠ དགོང་མོར་འདུལ་བ་དང་། དེ་བཞིན་སྤྱི་ཟླ་ ༡༡ ཚེས་ ༠༣ རེས་གཟའ་ཉི་མའི་དགོང་མོར་སྔགས་ཀྱི་སྐོར་ལ་ཟླ་རེའི་དམ་བཅའ་ཆེན་མོ་འཚོགས་ཡོད།
སྤྱི་ཟླ་ ༡༡ ཚེས་ ༡༩ བོད་ཟླ་ ༠༩ ཚེས་ ༢༢ རྒྱལ་བ་ལྷ་ལས་བབས་པའི་དུས་བཟང་ཁྱད་པར་ཅན་གྱི་ཉིན་མོར་བཤད་གྲྭའི་ལོ་འཁོར་མོ་གཅིག་གི་དཔེ་ཁྲིད་འཚམས་འཇོག་བྱས་ཤིང་། སྤྱི་ཚེས་ ༡༡ ᫄ᨓས་ ᨂᨀ ཉིན་སྔར་སྲོལ་བཞིན་སྔོན་འགྲོ་འཛིན་གྲྭའི་སློབ་གཉེར་བས་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རྩོད་རྒྱུགས་ཕུལ་ཡོད།
སྤྱི་ཟླ་ ༡༡ ཚེས་ ༢༩ རེས་གཟའ་པ་སངས་ཉིན་བཙུན་དགོན་བཤད་གྲྭའི་རང་སྦྱོང་དབུ་འཛུགས་གནང་བ་དང་། སྤྱི་ཟླ་ ༡༢ ཚེས་ ༢༣ རེས་གཟའ་ཟླ་བའི་ཉིན་ནས་བཟུང་ཉི་མ་གསུམ་རེའི་རྗེས་སུ་ཡིག་རྒྱུགས་རེ་བཏང་ནས། མཐར་སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༠༡ ཚེས་ ༠༨ ཉིན་བཙུན་དགོན་བཤད་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་མཐའ་གྲུབ། ཟླ་དེའི་སྤྱི་ཚེས་ ༡༩ ཉིན་གནས་མཆོག་རྡོ་རྗེ་གདན་དུ་རྒྱལ་ཡོངས་སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོ་འཚོག་ཏུ་ཕེབས་འཆར་བཅས་སོ།།


བཙུན་དགོན་གཞི་རིམ་སློབ་གྲྭ་ཐུབ་བསྟན་པད་ཚལ་གླིང་གི་མཛད་རིམ་སྙིང་བསྡུས།


འདི་གའི་སློབ་ཕྲུག་རྣམས་ཀྱིས་རྒྱུན་དུ་བར་བསམ་སྒྲོལ་གསུམ། གདུགས་ཤེར་སེང་གསུམ། ཚེ་མདོ་ཚེ་གཟུངས། བཀྲ་ཤིས་སྨོན་ལམ་དང་རྒྱལ་བའི་ཞབས་བརྟན་བཅས་ཞལ་འདོན་གནང་བཞིན་ཡོད་པ་དང་། ཕྱི་ཟླ་ ༠༦ ཚེས་ ༢༨ རེས་གཟའ་པ་སངས་དགོང་མོ་ཆུ་ཚོད་ ༧:༣༠ ཐོག་ཚོགས་གཙོ་མཁན་པོ་བསོད་ནམས་རྡོ་རྗེ་མཆོག་དང་བཙུན་དགོན་གྱི་འགན་འཛིན་རྣམ་གཉིས་ཀྱིས་དབུས་པའི་བཙུན་དགོན་གྱི་རྒྱུན་ལས་དང་དགེ་སློབ་ལྷན་འཛོམས་ཐོག གཞི་རིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་སློབ་སྦྱོང་ཡར་རྒྱས་དང་ཡ་རབས་བཟང་སྤྱོད་བྱེད་ཕྱོགས་སྐོར་ལ་བཀའ་སློབ་ལམ་སྟོན་གནང་ཡོད།
སྤྱི་ལོ་ ༢༠༡༩ ལོའི་སྔ་འགྱུར་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་དར་རྒྱས་གླིང་གི་རྒྱུན་ལས་ཐུན་མོང་ནས། སྤྲུལ་སྐུ་ཐུབ་ཟང་རིན་པོ་ཆེ་མཆོག་ལ་བཙུན་དགོན་གྱི་གཞི་རིམ་སློབ་གྲྭར་མཚན་ཞིག་གནང་བར་གསོལ་བ་བཏབ་པ་བཞིན། མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་མཆོག་གི་བརྒྱུད་ནས་སྤྱི་ལོ་ ༢༠༡༩ ཟླ་བ་ ༠༦ ཚེས་ ༢༢ ཉིན་«ཐུབ་བསྟན་པད་ཚལ་གླིང་།»ཞེས་བསྩལ་གནང་བྱུང་བ་དང་། སྤྱི་ཟླ་ ༡༡ ཚེས་ ༠༨ རེས་གཟའ་པ་སངས་གཟའ་སྐར་དགེ་བའི་ཉིན་གྱི་སྔ་དྲོའི་ཆར་མཁན་སྤྲུལ་གྱང་ཁང་རིན་པོ་ཆེ་མཆོག་དང་མཆོག་སྤྲུལ་རྨུགས་སངས་སྐུ་ཆེན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག རྒྱུན་ལས་ཁག་གི་ལས་བྱེད་རྣམ་པ་ལྷན་འཛོམས་ཀྱིས་སློབ་གྲྭའི་མཚན་བྱང་སྒོ་འབྱེད་ཀྱི་རྟེན་འབྲེལ་མཛད་ཡོད།
གཞན་ཡང་སློབ་ཕྲུག་རྣམས་ཀྱིས་སུམ་རྟགས་དག་གསུམ་དང་དབྱིན་ཡིག་གི་སྙན་རྩོམ་སོགས་འཛིན་གྲྭ་གོང་འོག་འགྲན་སྡུར་དང་། གཏོར་མ་དང་དཀར་རྒྱན། རི་མོ། འབུད་རྡུང་དཀྲོལ་གསུམ་བཅས་ཀྱི་རྒྱུགས་སྤྲོད་རིམ་བཞིན་བཏང་ནས། དེ་དག་ལས་རྩེ་ཕུད་དུ་སོན་པའི་སློབ་ཕྲུག་རྣམས་ལ་བྱ་དགའ་གསོལ་རས་བསྩལ་ཡོད།
སྤྱི་ཟླ་ ༡༢ ཚེས་ ༡༣ ཉིན་ནས་བཟུང་བདུན་ཕྲག་གཅིག་གི་རིང་ལོ་འཁོར་རྒྱུགས་སྤྲོད་ཆེན་མོའི་རང་སྦྱོང་གནང་ནས། ཟླ་འདིའི་ཚེས་ ༢༠ ཉིན་སློབ་གྲྭའི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་དབུ་བཙུགས་ཏེ། ཉིིན་གསུམ་རེའི་རྗེས་སུ་ཡིག་རྒྱུགས་རེ་བཏང་ནས། མཐར་སྤྱི་ལོ་ ༢༠༢༠ ཟླ་བ་ ༠༡ ཚེས་ ༠༥ ཉིན་མཐའ་གྲུབ། སྔ་འགྱུར་རྡོར་གདན་སྨོན་ལམ་ཆེན་མོར་ཕེབས་ཕྱོགས་ནི་དགོན་པ་སྤྱི་དང་གཅིག་མཚུངས་ཡིན།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།