ལོ་རིམ་དགུ་པའི་སློབ་གཉེར་བ། ཕྲིན་ལས་མཐར་ཕྱིན།
གཙང་པོའི་བཞུར་རྒྱུན་རིང་མོ་དབྱངས་ལ་བཏགས་ནས།།
དབྱངས་ཀྱི་འགྱུར་ཁུག་སྙན་མོ་གླིང་བུར་བཅོལ་ཏེ།།
མཛུབ་མོའི་འགུལ་ལྡེག་བར་ནས་གདངས་ཤིག་འཐེན་ན།།
གདངས་དེ་ཁྱིམ་འཛིན་ཨ་མའི་སྐུ་རུ་བཞེངས་ཤོག།
འཇིག་རྟེན་དཀར་ངོགས་དང་པོར་མིག་ལ་འདྲིས་དུས།།
སྤྲིན་པ་འཇམ་པོའི་སྟེགས་ལ་དལ་བུས་བཞག་སྟེ།།
ཉི་མའི་ཟེར་ཐིག་དཀྱིལ་དུ་ཕྱག་གིས་དྲངས་ནས།།
འཛུམ་པའི་འོད་ཀྱིས་སྲོག་ལ་སྟོབས་ཤིག་བྱིན་རེད།།
མ་བཅོས་མ་བསྒྲིགས་ངང་གི་ངུ་དགོད་སླས་མ།།
གློ་བུར་སྤྲིན་གྱིས་བཟུང་བའི་ཆར་དུས་འདྲ་བ།།
སྐྱོ་ན་སེམས་ཀྱི་ཟུག་རྔུ་འབྱིན་རོགས་བྱེད་མཁན།།
དགའ་ན་འཛུམ་པའི་ཞལ་རས་སྟོན་རོགས་བྱེད་མཁན།།
ཆ་སྙོམས་མིན་པའི་རྡོག་སྣེ་མདུན་དུ་བསྒྱུར་ཏེ།།
རྡོག་སྣེའི་གོམ་ཁ་འཁྱར་འཁྱོར་རྡོ་རུ་རྡེབ་དུས།།
ཆོ་ངེའི་འབོད་སྐད་ཀློང་གི་བརྗོད་གཞི་གསོན་པོ།།
ས་ཆེན་དྲིན་གྱིས་ནོན་པའི་མི་དེ་ཡིན་སོང་།།
ང་རང་ཆར་སྨག་ཁྲོད་ཀྱི་ལྡོམ་པོ་ཞིག་སྟེ།།
གློག་ཞགས་དཀྱིལ་དང་ཚག་སྒྲའི་གསེང་ལ་ལྷུང་ཡོད།།
དེ་དུས་དྲག་རླུང་རྒྱུ་སྟངས་ཤིན་ཏུ་རྩུབ་ཀྱང་།།
ཆར་གདུགས་ཐོགས་པའི་མི་དེ་སླེབ་ཚོད་རན་བྱུང་།།
ཕྱག་ལག་དྲོན་མོ་བརྩེ་བའི་སྦྲང་རྩི་འདྲ་རེད།།
བརྩེ་བའི་སྦྲང་རྩི་ཞིམ་ལ་མངར་ཁ་ལྡན་རེད།།
མངར་ཁ་མྱངས་ཤིང་མྱོང་ན་བྲོ་བས་ཕྱུག་པ།།
བྲོ་བ་དེ་ནི་གསེར་དང་དངུལ་གྱིས་མི་ཐེག།
ལག་མཐིལ་ཁྲག་གིས་སྦངས་པའི་དུས་ཚིགས་སྐྱ་བོར།།
དུས་བཞིའི་ལྷུ་ལག་གྲང་དང་ཚ་བས་སྒྲིག་པ།།
ས་སྐྱོང་རྒྱལ་པོའི་བཀས་ནི་བསྐུལ་བ་མ་རེད།།
སུ་ཡིས་བསྩལ་པའི་སྙིང་ཤེད་ལྷང་ལ་བུད་རེད།།
མཐོ་མཐོ་གནམ་ལ་ཟུག་པའི་རི་མགོ་ཞིག་ནས།།
མིག་ཟུང་བཙུམས་ཏེ་སྣང་བའི་རྒྱལ་ཁམས་ཉུལ་དུས།།
ཚོར་བའི་འཕྱུར་རླབས་བར་སྣང་སྟོང་པར་བཀྲམ་སྟེ།།
སྣང་བ་སེམས་ཀྱི་རིས་སུ་མི་ཞིག་བྲིས་རེད།།
ཉི་མས་ནུབ་རིའི་སྒང་ནས་ཕག་ལྟ་བྱེད་ཀྱིན།།
ག་ལེར་སྨག་རུམ་སྟུག་པོའི་ཀློང་དུ་ཐིམ་ཡང་།།
སྐྱ་རེངས་གསར་པའི་འོད་སྣང་ཡང་ཡང་འདྲེན་པ།།
བརྩེ་བ་འོད་སྟོང་ཅན་ལ་འགྲན་པ་ཨེ་རེད།།
སྡོང་ལོ་དགུང་ནས་སྤུར་བའི་ནམ་ཟླའི་ཁྲོད་ནས།།
ཡ་ཁོག་གློ་བ་རྩྭ་མགོའི་ཟིལ་ཐིགས་འདྲ་བྱུང་།།
རླུང་བུ་བྱང་དུ་ཆས་པའི་ཁ་རྩང་ད་ཞག།
སྙིང་ལ་གཤོག་པ་ཐོགས་ནས་ལྡིང་སྐོར་བརྒྱབ་ཡོད།།
སྲིད་པའི་གྲོང་ན་དགོད་འཛུམ་གཉེར་རིས་ཅན་ཞིག།
སེམས་ཀྱི་གཏིང་ལ་ཕབ་པའི་འབུར་དོད་ཅན་ཞིག།
ས་ཆེན་ཧྲིལ་གྱིས་སྒུལ་བའི་གྱད་སྟོབས་ཅན་དེ།།
དེ་རིང་སྙན་པའི་རོལ་མོར་བཅུག་སྟེ་བླངས་ཡོད།།
རྒྱུད་སྐུད་རེ་རེར་ཁྱེད་ཀྱི་འཛུམ་བག་བཏགས་ཏེ།།
བརྩེ་བའི་རང་བཞིན་མགྲིན་པའི་དབྱངས་ལ་བཀུག་སྟེ།།
དུང་བའི་ཚོར་བ་སེམས་ཀྱི་ངོགས་སུ་བཞེངས་ཏེ།།
འདི་ན་སྙན་ངག་རོལ་མོ་ཐེངས་གཅིག་བཀྲོལ་ཡོད།།