ལོ་རིམ་ལྔ་པའི་སློབ་གཉེར་བ། ཤེས་རབ་རྒྱལ་མཚན།
ལང་མ་འགྱེལ་གྱི་གོམ་འགྲོས་འཁྱར་འཁྱོར་ཞིག་སྤོ་ཐུབ་པ་དང་། ཐོས་ལ་མི་ཐོས་པའི་སྐད་ཆ་ལྡབ་ལྡིབ་ཅིག་སྨྲ་ཤེས་པ་ནས་བཟུང་ད་ལ་ཐུག་གི་བར། ང་ཡི་སེམས་ནང་དུ་གོ་གནས་གལ་ཆེན་བཟུང་བའི་མི་ཞིག་ཡང་ནས་ཡང་དུ་དྲན་འོང་བ་ནི་དྲིན་ཆེན་ཨ་མ་ལགས་རེད། ཨ་མ་དྲན་པའི་མོད་ལ་འདས་ཟིན་གྱི་བྱུང་བ་དེ་དག་གི་ཁྲོད་ནས་ད་ལྟ་དྲན་པའི་ངོགས་སུ་ཆེས་གསལ་ཤོས་ཀྱི་དོན་དག་ཅིག་འཆར་འོང་བ་སྟེ། ཨ་མས་མོ་རང་གི་དངུལ་གྱི་ཐིག་པོ་བཙོངས་པའི་དོན་དག་དེ་རེད། དོན་དག་དེ་ནི་ད་ལྟའང་ལག་པས་འཇུ་རྒྱུ་ཡོད་པ་བཞིན་མིག་གཉིས་བཙུམས་ཏེ་བསྡད་ནའང་གསལ་གསལ་ཐིང་ཐིང་དུ་ཤར་འོང་།
དྲོད་ཁོལ་གྱིས་འཚོ་བའི་ཁྱིམ་ཚང་།
དེ་དུས་ང་རང་ཕྲུ་གུ་ཡིན་པས་ནམ་གསལ་ནའང་ད་དུང་ཉལ་སའི་ནང་དུ་འགྲེ་ལྡོག་རྒྱག་བཞིན་ཉལ་ནས་བསྡད་ཡོད། “བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །རྩ་བའི་བླ་མ་མཁྱེན་ནོ།།” སྐད་ངག་དྭངས་ཤིང་དལ་ལ་འཇམ་པ། ཚིག་འབྲུ་གསལ་ཞིང་གདངས་དབྱངས་རིང་བ། འགྱུར་ཁུག་གི་ཉམས་ཅུང་ཙམ་ལྡན་པའི་སྒྲ་དེ་ནི། ཨ་མས་«བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་»འདོན་པའི་སྐད་རེད། ཞོགས་པ་སྔ་མོ་ནས་ང་རང་གཉིད་ལས་སད་ཀྱང་ལས་ཀ་དམིགས་བསལ་གང་ཡང་མེད་པས་ཉལ་ས་ནས་ཡར་མར་ལྟད་མོ་ལྟ་བཞིན་ཉལ་བསྡད་རྒྱུ་དེ་རེད། ཐབ་ཚང་ནང་གི་ཕུ་ཡི་བང་སྟེགས་དང་མདོ་ཡི་ཤིང་སྒམ་གཉིས་དུ་དྲེག་གིས་ཚོས་ནས་ནག་ཅིང་སྣུམ་ལ། བང་སྟེགས་སྟེང་གི་ཟངས་རྡིག་དང་། རག་རྡིག་འགའ་མེ་འོད་ཀྱི་མདངས་ལས་འོད་མདངས་འཚེར་འཚེར་བྱེད་ཅིང་། ཨ་མས་ད་ནངས་སྔ་མོ་ནས་རྟ་ལ་ཐོར་རྩྭ་སྤྲད་ཟིན་ནས། ད་གཟོད་མེ་ཁའང་གསོས་ཚར་འདུག་པས་ཐབ་སྟེང་གི་ཇ་རྡིག་ཁ་ནས་རླངས་པ་ཐོལ་ཐོལ་དུ་འཕྱུར་བཞིན་འདུག
ད་དུང་ཁྱིམ་གྱི་ཤར་ཕྱོགས་ཀྱི་དཀར་ཁུང་འགྲམ་ན་ཨ་ཕ་ལགས་ནི། སྐྱ་ཕྱེད་སྔོ་ཕྱེད་དུ་སོང་བའི་སྐྲ་ལོ་དེ་དཔྲལ་མཚམས་ནས་ལྟག་རྒྱབ་ལ་ཤད་དེ་སྔོ་འཇགས་སེར་ཡོད་ལ། དུང་དང་ཟླ་འོད་ནང་བཞིན་དཀར་པོ་དེ་ཙམ་མེད་རུང་སྨུག་ཤས་ཆེ་བའི་ཤ་མདོག་དེ་ལ་གཟི་མདངས་དམིགས་བསལ་ཞིག་འཕྲོ། ཁོང་གི་མིག་གཉིས་ཕུར་ཚུགས་ཀྱིས་ནམ་མཁའ་ལ་བལྟས་ཏེ་ལག་གཡས་ཀྱིས་ཟངས་ཀྱི་མ་ཎི་ལག་སྐོར་གཡུ་བྱུར་གྱི་ཁྲ་རྒྱན་བཏབ་པ་ཞིག་ཙིར་སྒྲ་དང་བཅས་ཏེ་སྐོར་ཞིང་། ལག་གཡོན་པས་ཕྲེང་བ་རྙིང་གོག་སྣུམ་མདོག་བཀྲ་བ་ཞིག་ཕྲེང་རྡོག་རེ་རེ་ནས་འཕུར་ཞོར། “ཨེ་མ་ཧོ། སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལ། །ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱོན།།” ཞེས་བརྗོད་པ་གསལ་བའི་གསོལ་འདེབས་ལེའུ་བདུན་མའི་འདོན་དབྱངས་དེ་ཁྱིམ་གྱི་ཕུ་མདོ་ཡོངས་ལ་ཁྱབ་པ་སྨོས་ཅི་དགོས། ཉེ་འཁོར་གྱི་ཁྱིམ་མཚེས་ཚོས་ཀྱང་ཏག་ཏག་ཐོས་ཐུབ།
ཨ་ཇོ་དཔལ་ཡོན་ཡང་དཀར་ཁུང་དེ་ཡི་འཁྲིས་སུ་ལུས་པོ་ལུག་སློག་གིས་བཏུམས་ཤིང་མགྲིན་པ་གཟེངས་སུ་བཏེག་ནས། «ཁྱེའུ་པདྨ་འོད་འབར་གྱི་རྣམ་ཐར་»རྙིང་ཧྲུལ་དུ་དྲི་ཆིལ་ལེ་བ་ཞིག་འདི་ལྟར་ཀློག་བཞིན་འདུག “ཨ་མ་གསོན་དང་ལྷ་སྲས་བྲམ་ཟེ་ལགས། །པདྨ་འོད་འབར་ཕྱོགས་ལ་ཚུར་གསོན་དང་། །དེ་རིང་བུ་ངས་མ་ཕྱིན་བུ་ངས་ཕྱིན། །རྒྱ་གར་སྤང་སྟོད་མཐོན་པོའི་ཕྱོགས་སུ་ཕྱིན།།” ཕྲ་ལ་སྙན་པའི་སྐད་དེས་གདངས་དབྱངས་རིང་པོས་ཡིག་འབྲུ་གཉིས་གཉིས་མཉམ་དུ་བསྡུས་ནས་ཀློག་ཞོར་དུ་ཁོས་ཨ་མ་ལ་བལྟས་ནས་ངར་སྣང་ཤོད་ཀྱི་ཡོད། ཨ་མ་ཡང་ཁོ་ལ་བལྟས་ཏེ་མགོ་ལྕོག་ལྡེམ་ལྡེམ་གྱིས་ཁོ་ཡི་ཀློག་སྟངས་དེ་ལ་མགུ་བའི་བརྡ་ཞིག་བསྟན་ནས། “ཨ་མའི་བུ། ཆོས་ངར་བ་ཀློགས་ཨ། ཆོས་བདག་མེད་སྙིང་རུས་སུ་ཆེ་རེད། ཨ་མས་ཁྱེད་ལ་རྔན་པ་ཕྱེ་མར་རྫི་བཞིན་ཡོད།” ཨ་མའི་སྐད་ཆ་དེས་ཁོ་ལ་སེམས་ཤུགས་འཕར་མ་ཞིག་སྤར་བ་འདྲ། ཁོས་སྐད་གདངས་སྔར་ལས་ཇེ་ཆེ་དང་། ཚིག་འབྲུ་ཇེ་གསལ་དུ་བཏང་ནས་བཀླགས་བྱུང་བས། ངེད་ཚང་གི་ཁྱིམ་ཚང་འདིར་ནི་ཨ་མས་བླ་མ་རྒྱང་འབོད་དབྱངས་སུ་གྱེར་བ་དང་། ཨ་ཕས་ལེའུ་བདུན་མ་ཁ་འདོན་བྱེད་པ། ཨ་ཇོས་ཁྱེའུ་པདྨ་འོད་འབར་གྱི་རྣམ་ཐར་ཀློག་པ་བཅས་ཆོས་སྒྲ་ཡིས་འུར་དིར་རེར་ཁེངས་སོང་བས་ཆོས་གྲྭ་ཆུང་ཆུང་ཞིག་དང་གཉིས་སུ་མ་མཆིས།
ད་ནི་ང་ཡང་མལ་ནས་ལངས་ཏེ་ཁང་ཐོག་ལ་ཐོན་ཡོད། ཤར་ཕྱོགས་ཏོག་ལྡན་རི་བོའི་མགུལ་ནས་གསེར་མདོག་གི་ཉི་མའི་འོད་ཟེར་མིག་གིས་བཟོད་མི་ནུས་པ་ཞིག་སེར་ལམ་ལམ་གྱིས་འཕྲོས་བྱུང་བས། ནུབ་རིའི་ངོས་ཀྱི་གྲིབ་ནག་ཡོད་ཚད་མཐོང་བཞིན་མཐོང་བཞིན་མིག་སྔ་ནས་ཡལ་སོང་ལ། ང་ཚོའི་ཡུལ་སྡེ་འདི་ཡང་ཉི་འོད་འོག་ཏུ་སེར་ལྷིང་ངེར་ཆགས་ཡོད་པ་མཐོང་། “ཨོའེ། རིག་རྒོད། ཞོགས་ཟས་བཟའ་རྒྱུ་བྱུང་སོང་། ནང་ལ་ཤོག ཞོགས་པ་སྔ་མོ་སྔ་མོ་ཁང་ཐོག་ལ་གྲང་གི་མི་འདུག་གམ།” འབོད་སྒྲ་དེ་ནི་ཨ་མས་ང་ལ་སྐད་བཏང་བ་ཡིན་འདུག ང་རང་ལམ་སང་ནང་ལ་འོངས་ནས་བསྡད་པ་ཡིན། “ཡ། ད་ཕྱེ་མར་འུབ་ཧྲིལ་ལེར་ཟོ། ཨ་མ་རྫི་བོ་ལ་འགྲོ་རན་འགྲོ་འདུག ཁྱོད་རང་དང་ཨ་ཇོ་གཉིས་པོ་རྨོ་རྨོའི་རྩ་རུ་སྡོད་ཨ། ཨ་མ་མགྱོགས་པོ་ལོག་ཡོང་།” ཟེར།
ཨ་མའི་དཀའ་སྡུག་དང་ཕུགས་བསམ།
ཉི་མ་ཤར་རི་དང་རྒྱང་ཐག་ཅུང་ཙམ་བཀྱེད་དེ་ཚུར་ཚུར་སླེབས་ཟིན་པས། ཨ་མ་ལགས་ནི་ལུ་གུའི་ཚ་རུ་འདྲ་བའི་སྐྲ་ལོ་རལ་པ་ཅན་དེ་རས་སྐུད་དམར་པོ་གཅིག་གིས་ལྟག་རྒྱབ་ཏུ་བསྡམས་ཡོད་ལ། དཔྲལ་ངོས་སུ་གཉེར་མ་ཤར་ཤུར་དོད་ཡོད་པའི་དཀར་ཞིང་དྭངས་པའི་ངོ་གདོང་གོར་གོར་དེ་ལས། ཅི་ཞིག་བྱེད་དགོས་ཐུག་རུང་ཉམ་མི་ང་བའི་རྣམ་འགྱུར་གསོན་ཤུགས་དོད་པོ་ཞིག་མངོན་འོང་ཞིང་། ལུས་ལ་རས་ཀྱི་ཕྱུ་པ་ནག་པོ་གཅིག་གྱོན་པའི་སྒང་ལ་བལ་གྱི་སྨད་དཀྲིས་སྨུག་ཁྲ་ཞིག་དཀྲིས་ཏེ། ར་ལུག་རྣམས་སྒོ་ར་ནས་བཏོན་ཏེ་རྒྱབ་ལ་སླེལ་པོ་དང་ཏོག་ཙེ་ཁུར་ནས་ཉིན་ཕྱོགས་ཀྱི་རི་འདབས་དེ་ནས་ཡར་འཛེགས་སོང་།
ད་ལོ་དབྱར་ཀ་ཆར་ཆུ་དུས་སུ་མ་བབས་པའི་རྐྱེན་གྱིས་ལོ་འདིར་རི་ལ་རྩྭ་དཀོན་ཞིང་། ཀླུངས་ལ་ལོ་ཏོག་མི་ལེགས་པས་རི་ཀླུང་གང་དུ་བལྟས་ཀྱང་སྐྱ་ཐལ་ཐལ་དུ་ཡོད་པ་མ་ཟད། མཐོ་སྒང་གི་དགུན་གཞུང་འདིར་ས་དང་རྡོ་ཡང་གས་འགྲོ་བའི་གྲང་ངར་རེ་རེ་ཐལ་རྡུལ་དང་མཉམ་དུ་བྱབས་འོང་དུས། ན་ནིང་ཨ་ཞང་གིས་བྱང་གི་ཚོང་ར་ནས་ཁུར་འོངས་པའི་མགོ་རས་ལྗང་ཁུ་དེས་ཨ་མའི་དཀར་ཞིང་འཇམ་པའི་ངོ་གདོང་ལ་དཀྲིས་ཡོད་ན་ཡང་། དེ་མ་ཉིད་ལ་ཤ་མདངས་ཤོར་ཏེ་ངོ་མདོག་དམར་སྐྱ་སྐྱ་དང་རྩུབ་ཧྲོག་ཧྲོག་ཏུ་གྱུར།
གྲང་ངར་ནི་ད་དུང་ཡང་མཚམས་འཇོག་མེད་པར་ཉིན་དང་སྲིབ་ཀྱི་བྲག་རིའི་ཕར་ངོས་དང་ཚུར་ངོས་ལ་བརྡབས་ཏེ་འུར་འུར་གྱིས་ཤུགས་དྲག་ཏུ་ལྡང་བས། གཡས་གཡོན་གྱི་རི་བོ་དེ་དག་ཀྱང་འཁྱོམ་དུ་བཅུག་མི་འོང་ངམ་སྙམ་པར་འདུག འཇག་རྩྭ་སྐྱ་བོ་ཐར་ཐོར་རེ་ཡོད་པ་རྣམས་རེ་འགའ་གར་སོང་མེད་པར་དེད་སོང་ལ། རེ་འགའ་ནི་ཕར་གཡོ་ཚུར་གཡོའི་ངང་ནས་སྨྲེ་སྔགས་འདོན་པ་དང་འདྲ་བར་ཤུགས་གླུ་ཀྱུར་ཀྱུར་དུ་ལེན། དེ་ན་ར་ལུག་ཤེད་ཤུགས་ཅུང་བཟང་བ་རྣམས་ནགས་ཕུང་རེའི་མཐའ་ན་ཡང་སྐོར་བསྐྱར་སྐོར་གྱིས་ཅི་ཞིག་འཚོལ་བར་བྲེལ་ཞིང་། ཤེད་ཤུགས་སྐྱོ་བ་རྣམས་ནི་ཅི་ཡང་མི་ནུས་པར་གྲང་ངར་གྱི་ཁྲོད་དུ་འཁུམས་ནས་འདུག་པ་མཐོང་བས། ཨ་མའི་སེམས་ལ་སྐྱོ་སྣང་ཞིག་ངམ་ངམ་ཤུགས་ཀྱིས་སྐྱེས་ནས་འདས་མ་ད་གསུམ་གྱི་གནས་སྟངས་མང་པོ་ཞིག་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་དང་། བློ་རྩེ་ཉི་ཤུ་རྩ་ལྔ་བསྐོར་ནས་འདི་ལྟར་བསམས།
ཨ་ཙི། འཇིག་རྟེན་གྱི་འཚོ་བ་ནི་འདི་འདྲའི་དཀའ་ངལ་ཆེན་པོ་ཞིག ད་ལོ་བཞིན་ལོ་ལྟར་རི་ལ་རྩྭ་ཆུ་དང་། ཀླུངས་ལ་ལོ་ཏོག་མ་ལེགས་ན་མི་ཚེ་ཇི་ལྟར་འཁྱོལ་ལམ། སྒོ་ཕྱུགས་རྣམས་གསོ་སྐྱོང་གང་འདྲ་བྱེད་དགོས་སམ། ང་ཚོ་ཅི་ཟ་འམ། བུ་ཕྲུག་གི་མི་ཚེ་ཇི་ལྟར་བཟོ་དགོས་སམ།
ད་བར་འདས་ཟིན་པའི་ལོ་ཟླ་དེ་དག་སྡུག་སྡུག་དཀའ་དཀའི་ངང་ནས་བསྐྱལ་ཟིན་ཀྱང་། ད་དུང་ཡང་བགྲོད་པར་དཀའ་བའི་མི་ཚེའི་འཕྲང་ལམ་ནི་ཇི་ཙམ་དོག་རུང་རྒལ་དགོས་ཤིང་། ལྷག་པར་དུ་བུ་ཕྲུག་གི་མི་ཚེ་ཡང་སྡུག་སྡུག་དཀའ་དཀའི་ངང་དུ་ཟད་ན། ཚེ་འདིར་མི་ལུས་བླངས་པ་དོན་གོ་ཆུང་ཞིང་མི་ཚེའི་སྙིང་པོའང་རྙེད་པར་མི་འདུག་པས། དེ་བས་ཐབས་ཇུས་གཞན་ཞིག་མ་འཐེན་ཀ་མེད་རེད་ཨང་།
འོ་རེད། དེ་རིང་གི་ཟ་མ་དེ་རིང་དང་། སང་ཉིན་གྱི་ཟ་མ་སང་ཉིན་སྒྲུག་ཐུབ་པ་ཙམ་ཞིག་ལམ་ཟུར་གྱི་སྤྲང་སློང་ཚོས་ཀྱང་ཐུབ་པ་མ་ཟད། སྲང་ལམ་གྱི་ཁྱི་འཁྱམ་དག་གིས་ཀྱང་ནུས་ཀྱི་ཡོད། དེ་ཙམ་གྱིས་མི་ཚེ་འཁྱོལ་བར་བྱེད་པ་ནི་སྲང་ལམ་གྱི་ཁྱི་འཁྱམ་དང་ཁྱད་པར་བྱུང་མ་སོང་བས། ང་ཚོ་ནི་སྤྱི་བོ་གནམ་བསྟན་གྱི་མི་ཞིག་ཡིན་པའི་ཆ་ནས་དེ་རིང་གི་ཟ་མ་དེ་རིང་དང་། སང་ཉིན་གྱི་ཟ་མ་སང་ཉིན་སྒྲུག་ཐུབ་པ་ཙམ་གྱིས་མི་ཚེ་སྐྱེལ་བ་ནི་དངོས་གནས་ངོ་ཚ་དགོས་པ་ཞིག་རེད། དེ་བས་ང་རང་ངལ་རྩོལ་ཇི་ཙམ་བྱེད་དགོས་ཐུག་རུང་། བུ་ཕྲུག་གི་མི་ཚེ་འདི་དབྱར་ཆར་ཆུ་དང་དགུན་གྲང་ངར་གྱི་ཁྲོད་དུ་སྡུག་དཀའ་ལས་རྐྱང་རྐྱང་མྱོང་མི་དགོས་པར་ཆོས་ཡག་པོ་ཞིག་ཤེས་ན། ང་བཀྲ་ཤིས་ལྷ་མོའི་བསམ་དོན་འགྲུབ་པ་ཡིན།
བྱིས་དུས་ཀྱི་འཚོ་བ།
ཨ་མ་རྫི་བོ་ལ་སོང་ཤུལ་དུ། རྨོ་རྨོ། ཨ་ཕ། ཨ་ཇོ། ཨ་ཅེ། ཁྱིམ་མཚེས་རྒན་འཁོགས་འགའ་དང་ངེད་ཕྲུ་གུ་ཚོ་ཆུ་ཀླུང་གི་བྲག་སྐྱིབས་འོག་ཏུ་དགོང་མོའི་ཉི་གཞུག་ལྡེ་བཞིན་ཡོད། ང་ཡི་རྨོ་རྨོས་གཙོས་པའི་རྒན་འཁོགས་ལ་ལ་ནི་མ་ཎི་སྐོར་བཞིན་ཕྲེང་བ་འཕུར། ལ་ལ་བལ་སྐུད་འཁལ་ཞིང་“གནའ་སྔ་མོ་སྔ་མོ་……..”ཟེར་ནས། ངས་ཐོས་མ་མྱོང་བའི་སྔོན་བྱུང་གི་ལོ་རྒྱུས་ཉན་མི་ཚར་བ་ཞིག་ཤོད་ཀྱིན་འདུག ངེད་ཕྲུ་གུ་ཚོ་ནི་སྐད་ཆ་དེ་དག་ལ་ཉན་འཇོག་སྤུ་ཙམ་ཡང་མི་བྱེད་པར། ཕྱོགས་ག་ས་གང་ནས་རྡོ་ཧྲུག་དང་། ཤིང་ཆག རས་ཧྲུལ་སོགས་བསྒྲུགས་ཤིང་རང་རང་སོ་སོའི་ས་ནས་ལས་འགུལ་གལ་ཆེན་རེ་སྤེལ་གྱི་ཡོད་པ་ལྟར། ཚང་མས་གཅིག་ལ་གཅིག་འགྲན་པའི་ཚུལ་གྱིས་བྲག་སྐྱིབས་དེའི་འོག་ཏུ་རྡོ་ཧྲུག་གི་རྩིག་པ་བརྩིགས་ནས་ཁང་པའི་ངོས་བཞིའི་གྱང་བསླངས། ཤིང་ཆག་གི་གདུང་མ་བརྐྱངས་ནས་ཐོག་ཕུབ། རས་ཧྲུལ་ལ་ཚེམ་བུ་བཙེམས་ནས་གྱོན་པ་བཟོ་བ་བཅས། མདོར་ན་མི་ཚོས་འཚོ་བའི་མཐུན་རྐྱེན་ཇི་སྙེད་ཅིག་མཁོ་སྒྲུག་བྱེད་ཀྱི་ཡོད་པ་ལྟར། ངེད་ཕྲུ་གུ་རྣམས་ཀྱིས་ཀྱང་བྱིས་དུས་ཀྱི་འཇིག་རྟེན་ཉམས་དགའ་བ་ཞིག་བསྐྲུན།
ཡ་….. དགུན་ཁའི་ཉི་མ་ནི་ཇི་འདྲའི་ཐུང་ཐུང་ཞིག་རེད་དམ། དུས་ཚོད་ག་འདྲ་རྫོགས་པའང་མ་ཚོར་བར་རྩེད་མོར་གཡེངས་ནས་ཉི་མ་ནུབ་རི་ཡི་ལ་ཁར་འབྱར་ལ་ཉེ་ཞིང་། སྲིབ་རི་ཡོད་ཚད་ལ་གྲིབ་སོ་གུག་ནས་ནག་ཞལ་ལེར་རེད། རྒན་འཁོགས་ཚོས་ཉི་འོད་མིག་གིས་མི་བཟོད་བཞིན་དུ་ལག་པ་དཔྲལ་མཚམས་ལ་བཞག་སྟེ་ཉི་ཡོལ་བཅད་ནས། ཅི་ཞིག་ལ་འཕྲེང་སེམས་སྐྱེ་བ་དང་འདྲ་བར། ཨ໋་མ་ཎི་པདྨེ་ཧཱུྃ་ཧྲཱི་ཡི་གེ་དྲུག་མ་རེ་ཤབ་ཤུབ་ཏུ་ཟློ་ཞིང་ཉི་མ་བྱོན་མཚམས་ལ་ཅེ་རེར་བལྟས་ཏེ་ཉི་མ་ལ་ཕེབས་སྐྱེལ་ཞུ་བ་དང་མཚུངས།
ད་ནི་ཁ་དབུགས་ཀྱང་གྲང་ཤུར་ཤུར་རེད། རྒན་འཁོགས་རྣམས་རྐང་འཛུགས་ལག་འཛུགས་ཀྱིས་ལངས་ནས་ང་ཚོ་ཁྱིམ་ལ་ལོག་འགོ་བརྩམས། ཨ་མ་ཡང་རྫི་བོ་ནས་སླེབས་སོང་བས། ང་རང་ལམ་སང་དགའ་སྣང་གིས་མྱུར་བར་བརྒྱུགས་ནས་ཨ་མའི་ལག་པར་འཐམས། རི་མགོ་མཐོན་པོའི་གྲང་ངར་གྱིས་གཙེས་པའི་དམར་ལ་རྩུབ་པའི་ཨ་མའི་ངོ་གདོང་དང་། བྱམས་བརྩེའི་འོད་སྣང་འཕྲོ་བའི་མིག་ཟུང་དེ་ལས་དགའ་སྐྱོ་ཟུང་འབྲེལ་གྱི་རྣམ་འགྱུར་འཆར་ཞིང་། ཉིན་གང་ས་རྡོ་དང་ཤིང་ནགས་ལ་འཐབས་པའི་ལག་པ་གཉིས་རྩུབ་ཤོད་ཤོད་ཀྱིས་ང་ཡི་འགྲམ་པར་བྱིལ་བྱིལ་བྱས་ནས། “ཨ་མའི་སྙིང་གོང་འཁྱགས་ཡོད་འགྲོ། ད་ནང་ལ་ལོག་འགྲོ། ཨ་མས་མེ་ཁ་གསོས་ནས་དགོང་ལྟོ་བཟོ་ཆོག”ཟེར།
ཨ་མས་ཕུགས་བསམ་གྲོས་སུ་འདེབས་པ།
ཁྱིམ་གྱི་ཤར་ཕྱོགས་དཀར་ཁུང་ནས་ཕྱི་ལ་ལྟ་དུས། སྲོད་རུབ་ནས་གནམ་ལ་སྐར་མ་རེ་གཉིས་རེ་ཤར་ཡོང་ཞིང་། རི་ཀླུང་ཡོད་ཚད་ནག་ཐིབས་སེར་གང་ཡང་མི་མཐོང་ལ། “འའུ། འའུ།” སྒོ་ཁྱི་ཟུག་པའི་སྐད་རེ་གཉིས་རེ་ཐོས་པ་མ་གཏོགས། ཕྱི་ལོགས་ཀྱི་ཁོར་ཡུག་ཡོད་ཚད་གྲག་འགུལ་ཅི་ཡང་མེད་པར་ཁུ་སིམ་མེར་གནས། ཁྱིམ་ནང་གི་ཕུ་མདའ་ཡོད་ཚད་ཐབ་ཀའི་མེ་འོད་དང་དཀར་མེའི་འོད་མདངས་ལས་གསལ་ལམ་ལམ་དུ་འཆར་གྱིན་འདུག་ལ། མེ་ཐབ་ཀྱི་མཐའ་སྐོར་དུ་བསྡད་ཡོད་པའི་ཨ་མ། ཨ་ཕ། ཨ་ཇོ། ང་རང་བཅས་ཀྱི་ངོ་གདོང་ཡང་ཕར་ཚུར་མཐོང་བཞིན་འདུག ཨ་མས་དགོང་ལྟོ་བཟོས་ནས་ང་ཚོ་རེ་རེའི་མདུན་དུ་སྒྲིག་གཤོམ་བྱས་བྱུང་བས། དེ་རིང་ལྟོགས་དྲགས་པས་ཡིན་ནམ་ཨ་མས་བཟོས་པའི་དགོང་ལྟོ་དེ་ཞིམ་དྲགས་པས་ཡིན། ཁྱིམ་ཚང་ཚང་མ་དགོང་ལྟོ་ལ་རྩེ་གཅིག་ཏུ་ཐིམ་ནས་མགོ་བོ་ཡར་འདེགས་ཙམ་ཡང་མི་བྱེད་པར་ཟས་ལ་རོལ་བཞིན་འདུག
དགོང་ལྟོ་བཟས་ནས་ཅུང་ཙམ་གྱི་རྗེས་སུ། “ཧུ་ཤུ་” ཨ་མས་ཤུགས་རིང་ཞིག་འཐེན་ཏེ་དེ་རིང་ཉིན་མོ་རྫི་བོར་ཕྱིན་པའི་དཀའ་སྡུག་གླེང་བ་དང་འབྲེལ་ནས། ཨ་མས་མོ་རང་གི་ཕུགས་བསམ་དེ་ཨ་ཕ་གཙོས་པའི་ནང་མི་རྣམས་ལ་གྲོས་མོལ་བྱེད་འགོ་བཙུགས་སོང་།
“ད་ལོ་བཞིན་ལོ་ལྟར་རི་ལ་རྩྭ་ཆུ་དང་། ཀླུངས་ལ་ལོ་ཏོག་མ་ལེགས་ན་སྒོ་ཕྱུགས་རྣམས་གསོ་སྐྱོང་བྱེད་དཀའ་ཞིང་། ང་རང་ཚོའི་འཚོ་བའང་དཀའ་ལས་ཁག་ཉེན་ཆེ། ལྷག་པར་དུ་བུ་ཕྲུག་གི་མི་ཚེ་ཡང་ང་ཚོ་ནང་བཞིན་སྡུག་དཀའ་ལས་རྐྱང་རྐྱང་གིས་སྐྱེལ་དགོས་བྱུང་ན། འུ་ཕ་མ་གཉིས་ཀྱིས་མ་འཇོན་པ་རེད། བུ་ཕྲུག་རྣམས་ནི་ནམ་ཞིག་རང་མགོ་མ་ཐོན་བར་ཁོང་ཚོའི་གློ་སྙིང་བྲང་གསུམ་འུ་ཕ་མ་གཉིས་ལ་བཅོལ་ཡོད། དེས་ན་བུ་ཕྲུག་འདི་ཚོ་ད་ལྟ་ན་ཚོད་གཞོན་དུས་རྒྱ་གར་བལ་ཡུལ་དེ་བ་ལ་བཏང་ནས་ཆོས་ཡག་པོ་ཞིག་སློབ་ཐུབ་ན། ཁོང་རང་ཚོ་མ་འོངས་པ་ང་ཚོ་ནང་བཞིན་སྡུག་དཀའ་ལས་རྐྱང་རྐྱང་མྱོང་མི་དགོས་པར་མི་ཚེ་བདེ་སྐྱིད་དང་ལྡན་པ་ཆགས་ངེས་ཤིང་། འུ་ཕ་མ་གཉིས་ཀྱང་བུ་ཕྲུག་གི་ཆེད་དུ་མ་བྱས་བསམས་པའི་འགྱོད་པ་སྐྱེ་མི་དགོས་པ་ཞིག་ཏན་ཏན་ཡོང་གི་རེད།”
ཨ་ཕས་ཨ་མའི་སྐད་ཆ་དེར་འཐད་ལ་མི་འཐད་པའི་ཚུལ་གྱིས་ལག་པ་གཉིས་ལྟག་རྒྱབ་ཏུ་བསྣོལ་ནས་མགོ་བོ་དགྱེད་ཙམ་བྱས་ཏེ་དབུགས་རིང་ཞིག་བཏང་རྗེས། “ད་ཁྱོད་བསམ་རྒྱུ་དྲན་རྒྱུ་མང་བ་ཞིག་འདུག ཡུལ་ལུང་འདིར་གནའ་ནས་ད་བར་མི་རབས་ནས་མི་རབས་བརྒྱུད་དེ་ང་ཚོའི་ཕ་མེས་ཡང་མེས་རྣམས་མི་ཚེ་འདི་བསྐྱལ་ནས་འོངས་པ་རྐྱང་རྐྱང་ཡིན་ལ། མི་ཚེ་སྐྱེལ་སྟངས་འདི་ནི་ཡུལ་ལུང་འདི་དང་ང་ཚོའི་ཕ་མེས་ཡང་མེས་ཚོའི་འགྲོ་ལུགས་འགྲོ་སྟངས་ཡིན་པས་ང་ཚོའི་རིག་གཞུང་ཡིན། ང་ཚོས་ཀྱང་དེ་འདྲ་བྱས་ནས་ད་བར་གང་ལ་གང་འཚམས་མི་ཚེ་འཁྱོལ་བ་རེད། ད་ང་ཚོ་ཕ་མ་གཉིས་ན་ཚོད་རྒས་ཏེ་ལས་ཀ་བྱེད་མི་ཐུབ་པར་དཀའ་ལས་ཁག་གི་འདུག་ན། བུ་ཕྲུག་ཚོས་ལས་དགོས་པའི་དུས་ལ་བབས་པ་རེད། ད་བར་ཁོང་ཚོ་ང་ཚོས་རྒྱབ་ལ་ཁུར་པང་ལ་བཟུང་སྟེ་བསྐྱངས་བསྐྱངས་ནས། ད་གཟོད་ང་ཚོར་སྡུག་དཀའ་ལས་འཕྲད་དུས་ཕན་མ་ཐོགས་ན་བུ་ཕྲུག་གསོས་པ་ལ་མདོ་ཅི་ཡོད། དེར་མ་ཟད་ད་ལོ་བུ་ཆེ་བ་དཔལ་ཡོན་ལོ་ན་བཅུ་གཉིས་དང་། བུ་ཆུང་བ་རིག་རྒོད་ལོ་ན་བདུན་ལོན་ཟིན་པ་རེད། ད་ནས་དབྱར་དགུན་གྱི་རྫི་བོ་དང་། ཆུ་ལེན་དང་འབུད་ཤིང་འཐུ་མཁན་ནི་གོ་ཆོད་ཐག་ཆོད་འདུག ང་ཚོ་སྡུག་སྐད་རྒྱག་དགོས་དོན་ཅང་མི་འདུག་ག ད་དུང་ཁོང་རང་ཚོ་ན་ཚོད་ཡར་ལོན་གྱིན་ལོན་གྱིན་སོ་སོའི་འགན་སོ་སོས་ཁུར་འགྲོ་བ་མ་ཟད། འུ་ཕ་མ་གཉིས་ལ་ཡང་ཞབས་ཏོག་ལོས་འབུལ། ད་དེ་མ་གཏོགས་གཞན་རྒྱ་གར་བལ་ཡུལ་ཟེར་བ་གང་འདྲ་ཡོད་མེད་ངས་ནི་མཐོང་མྱོང་ཡང་མེད། དེ་བས་དཀོར་ཁ་གྲོང་ཆོག་ལ་རྒྱུག་ཐུབ་པ་ཙམ་གྱི་ཆོས་ཤིག་ཤེས་ན་ལོས་འགྲིག དེས་གྲོད་པ་མི་འགྲངས་པ་ཅི་ཡོད། མ་འཁྱགས་མ་ལྟོགས་ཙམ་གྱིས་འགྲིག་འདུག་ག དེ་མིན་ཁྱོད་ཀྱིས་རྒྱ་གར་བལ་ཡུལ་ཟེར་བའི་རྨི་ལམ་དེ་འདྲ་མ་གཏོང་རོགས།”
ཨ་མས་ཡང་བསྐྱར་ཤུགས་རིང་ཞིག་འཐེན་ནས་“འུ་ཁ་ཁྱད་ཚ་པོ་ཡིན། གནའ་ནས་ད་བར་མི་རབས་ནས་མི་རབས་བར་བརྒྱུད་པའི་ཕ་མེས་ཡང་མེས་ཚོའི་འགྲོ་ལུགས་འགྲོ་སྟངས་འདི་རིག་གཞུང་རེད་ཟེར་ནས་ད་དུང་ཡང་ང་ཚོས་འདི་ག་རང་སྡོད་རྩིས་ཡིན་ནམ། ང་རང་གཉིས་ཀྱི་མི་ཚེ་སྡུག་སྡུག་དཀའ་དཀའི་ངང་ནས་གང་ལ་གང་འཚམས་འཁྱོལ་ཟིན་པ་རེད་དེ། མ་འོངས་བུ་ཕྲུག་གི་མི་ཚེ་སྐྱིད་སྡུག་ཅི་འོང་འུ་ཕ་མ་གཉིས་ལ་འགན་ཡོད་རེད་པ། ཁོང་གི་མི་ཚེ་ཡང་ང་ཚོ་ནང་བཞིན་སྡུག་དཀའ་ལས་རྐྱང་རྐྱང་གིས་འབུད་དགོས་བྱུང་ན། བུ་ཕྲུག་ལ་སྙིང་རྗེ་ས་མ་རེད་དམ། དེས་མི་ཚད་འདིར་མནོ་བསམ་ཡག་པོ་ཞིག་ཐོངས་དང་། གནའ་སྔ་མོའི་ཁ་དཔེ་ལའང་། སྔར་དུས་དང་ད་དུས་མི་གཅིག ད་ར་དང་ཕྱུར་ཁུ་མི་གཅིག་ཟེར་བ་ལྟར་དུས་ཚོད་དང་སྤྱི་ཚོགས་ནི་ལོ་རེ་ནས་ལོ་རེར་འགྱུར་འགྲོ་བཞིན་ཡོད་པས། ང་ཚོའི་ཡུལ་སྡེ་ཆུང་ཆུང་འདི་མ་གཏོགས་ས་ཕྱོགས་ག་ས་གང་ནས་ད་ལྟའི་དུས་ཚོད་འདི་སྔ་མ་དང་གཅིག་པ་མེད་པར་འགྱུར་ལྡོག་ཐེབས་བཞིན་པ་རེད། ང་རང་ཚོའི་ཕ་མེས་ཡང་མེས་ནས་ད་བར་དུས་རབས་དང་སྤྱི་ཚོགས་ཀྱི་རྗེས་མ་ཟིན་པར་བྲན་གཡོག་གི་མི་ཚེ་འདི་ལྟ་བུ་ཞིག་བསྐྱལ་ནས་འོངས། འདི་ནི་ང་ཚོས་ལན་པ་ཡིན་ནམ་ཕ་མེས་ཡང་མེས་ཚོས་ལན་པ་ཡིན་གང་ལྟར་གང་ཡིན་ནའང་ཡིན་དུ་ཆུག ཕྱི་དྲགས་ཚར་བ་རེད། ད་ལྟ་ང་ཚོ་ལ་བབས་པའི་འགན་འཁྲི་ཆེ་ཤོས་ཤིག་ཡོད་པ་ནི། ང་རང་ཚོའི་བུ་ཕྲུག་ནས་འགོ་བཟུང་སྟེ་མི་རབས་རྗེས་མ་རྣམས་བྲན་གཡོག་གི་མི་ཚེ་སྐྱེལ་མི་དགོས་པར་བཟོ་རྒྱུ་འདི་རེད།”
ཨ་ཕས་ཐབ་ཟུར་དུ་བཞག་ཡོད་པའི་ཆང་ཕོར་དེ་བསྙབས་ནས་ཧུབ་ཐེངས་གཅིག་གཉིས་ཤིག་བརྒྱབས་རྗེས་ངོ་མདོག་སྨུག་པོ་དེ་དམར་ཐིང་ཐིང་དུ་གྱུར་ནས། “ཧུན།” སྣ་ཕུད་གཅིག་བརྒྱབས་ཏེ་ཡང་ཞིག་བཤད་སོང་། “ཁྱོད་ཀྱིས་འགྲུབ་རྒྱུ་མེད་པའི་བསམ་རྒྱུ་དྲན་རྒྱུ་རྒོད་པོ་དེ་བཤད་མ་ཡོང་། བུ་ཕྲུག་གསོས་གསོས་ནས་ད་གཟོད་ཕན་ཐོགས་རན་ཁར་གཞན་ཡུལ་ལ་བཏང་ན་བུ་ཕྲུག་བསྐྱངས་པ་ལ་མདོ་མི་འདུག ང་རང་ཚོ་འདི་རུ་མ་འཁྱགས་མ་ལྟོགས་ཙམ་ཞིག་བྱུང་ན་མི་འགྲིག་པ་གང་ཡོད། ད་མང་པོ་བཤད་མ་ཡོང་། གཟན་པོ་འདུག” ཟེར་ནས་ཆང་ཕོར་དེ་ཁྲོག་སྒྲ་དང་བཅས་ཏེ་བརྡབས་ནས་སྐད་ཆའི་ཚིག་ཐག་བཅད་སོང་། ཨ་ཕའི་ངོ་མདོག་ནི་དམར་པོ་དམར་ནག་ཏུ་གྱུར་འདུག་པས། ད་གཟོད་ཨ་ཇོ་ངེད་གཉིས་ཀྱང་ཅུང་ཙམ་སྐྲག་ནས་མགོ་བོ་བྲང་ཁར་དུད་དེ་ཁུ་སིམ་མེར་བསྡད།
མེ་དམར་ལྷབ་ལྷབ་ཏུ་འབར་གྱིན་པའི་ཐབ་སྟེང་དེ་ནས་ཆུ་ཁོལ་ཚ་པོ་ཞིག་ཧུར་སྒྲ་དང་སྦྲགས་ཏེ་དྲོད་རླངས་ཐོལ་ཐོལ་དུ་འཁོལ་བཞིན་འདུག ཨ་མས་ཆུ་ཁོལ་དེ་ཐབ་སྟེང་ནས་ཕབ་སྟེ་ཚ་དེམ་ནང་ལ་བླུགས་རྗེས། སྐད་ཤུགས་ཆེ་རུ་བཏང་ནས་བཤད་རྒྱུར། “འུ་དེ་འདྲ་རང་ཟེར་མཁན་ཡིན། མ་འཁྱགས་མ་ལྟོགས་ཙམ་ཞིག་སུས་ཀྱང་ལོས་ནུས། དེ་རིང་གི་ཟ་མ་དེ་རིང་དང་། སང་ཉིན་གྱི་ཟ་མ་སང་ཉིན་སྒྲུག་ཐུབ་པ་ཙམ་ཞིག་ལམ་ཟུར་གྱི་སྤྲང་སློང་ཚོས་ཀྱང་ནུས་པ་མ་ཟད། སྲང་ལམ་གྱི་ཁྱི་འཁྱམ་དག་གིས་ཀྱང་ཐུབ་ཀྱི་ཡོད། དེ་ཙམ་གྱིས་མི་ཚེ་འཁྱོལ་བར་བྱེད་པ་ནི་སྲང་ལམ་གྱི་ཁྱི་འཁྱམ་དང་ཁྱད་པར་བྱུང་མ་སོང་བས། ང་ཚོ་ནི་སྤྱི་བོ་གནམ་བསྟན་གྱི་མི་ཞིག་ཡིན་པའི་ཆ་ནས་དེ་རིང་གི་ཟ་མ་དེ་རིང་དང་། སང་ཉིན་གྱི་ཟ་མ་སང་ཉིན་སྒྲུག་ཐུབ་པ་ཙམ་གྱིས་མི་ཚེ་སྐྱེལ་བ་ནི་གདོང་ལ་ལྤགས་པ་ཡོད་མཁན་ཞིག་ཡིན་ན་དངོས་གནས་ངོ་ཚ་དགོས་པ་ཞིག་རེད། དེ་བས་ང་རང་ཚོ་ངལ་རྩོལ་ཇི་ཙམ་བྱེད་དགོས་ཐུག་རུང་། བུ་ཕྲུག་གི་མི་ཚེ་འདི་དབྱར་ཆར་ཆུ་དང་དགུན་བུ་ཡུག་གི་ཁྲོད་སྡུག་དཀའ་ལས་རྐྱང་རྐྱང་མྱོང་མི་དགོས་པར་ཆོས་ཡག་པོ་ཞིག་ཤེས་ན། རང་སྐྱིད་པ་མིས་སྨོན་པ་གཉིས་ཀ་ཆགས་པ་རེད། གང་ལྟར་གཏམ་སྨྲས་པའི་མདོར་བསྡུས་སྙིང་པོ་ནི། བུ་ཕྲུག་འདི་ཚོ་ད་ལྟ་ལོ་ན་གཞོན་དུས་ནས་རྒྱ་གར་བལ་ཡུལ་དེ་བ་ལ་ཆོས་སློབ་ཏུ་གཏང་རྒྱུ་དེ་ཡིན།” ཞེས་བཤད་ནས་ཇ་ཡུན་ཙམ་ཞིག་ཨ་ཕ་ཨ་མ་གཉིས་ཀ་ཅི་ཡང་མི་སྨྲ་བར་རང་རང་གི་ས་ནས་བསམ་གཞིག་གི་ཀློང་དུ་ཚུད་ནས་འདུག
ད་ནི་དུས་ཚོད་ཀྱང་འཕྱི་པོ་ཆགས་ཡོད་པས་མཚན་མི་ཉལ་ཁྱི་ཉལ་གྱི་དུས་ཚོད་ལ་སླེབས་ཟིན། ང་རང་མཚན་མོར་ཕྱི་ལ་གཅིག་པུར་འགྲོ་བར་འདྲེ་སྒྲུང་ནང་གི་སྐད་ཆ་དེ་ཚོ་དྲན་ནས་འཇིགས་སྣང་སྐྱེ་བས། ནམ་ཡིན་ཡང་ཨ་མའི་ལག་པར་འཐམས་ཏེ་འགྲོ་བ་ཡིན། དེ་རིང་ཡང་ཨ་མའི་ལག་པར་འཐམས་ནས་ཕྱི་ལོགས་ལ་གཅིན་གཏོང་དུ་ཕྱིན། ཨ་མས་གནམ་ལ་བལྟས་ནས་ཀེར་རེར་འགྲེངས་ཏེ་འདུག་སྟངས་ལ་བལྟས་ན། ཕལ་ཆེར་དེ་རིང་ཉིན་མོའི་བསམ་བློ་དང་དགོང་མོའི་སྐད་ཆ་དེ་དག་གི་སྐོར་ལ་ཡང་སྐོར་བསྐྱར་སྐོར་གྱིས་མནོ་བསམ་གཏོང་བཞིན་ཡོད་པ་དང་འདྲ་ལ། དགུན་ཁའི་མཚན་ལྗོངས་ཀྱི་ནམ་མཁའ་དེ་ལའང་མཛེས་སྡུག་དམིགས་བསལ་ཞིག་ཡོད་པ་འདྲ། དངོས་གནས་འདུག ཟླ་འོད་གསལ་བའི་མཚན་ལྗོངས་ཀྱི་ནམ་མཁའ་ནི་ཧ་ཅང་གིས་སྔོ་ཞིང་དྭངས་ལ་དགུ་ཚིགས་སྐྱ་བོའི་སྐེ་རགས་ཤིག་ཁྲ་ན་རེར་བརྐྱངས་ནས་འདུག འོད་དཀར་འཕྲོ་བའི་ཟླ་བ་དང་སྐར་མ་ནི་དེ་བས་ཀྱང་དྭངས་ཤིང་གསལ་བས། ཡུལ་སྡེ་འདི་ཡི་ཕར་ངོས་དང་ཚུར་ངོས་ཡོངས་ལ་ཟླ་ཟེར་གྱིས་ཁྱབ་ནས་སྐྱ་ཐིང་ངེར་འདུག “སྐར་མ་སྨལ་པོ་རང་ཐོག་ལ་སླེབས་ཟིན་ཅིང་། སྨིན་དྲུག་ཀྱང་ནུབ་ལ་ཉེ་འདུག་པས་དེ་རིང་ཡིན་ན་དངོས་གནས་མཚན་འཕྱི་པོ་ཆགས་འདུག ད་མ་ཉལ་ན་སང་ཉིན་ཡང་སྔ་མོ་ལང་དགོས་རེད།” ཟེར་ནས་ཨ་མས་མོ་རང་ལ་ཆིག་ལབ་རྒྱག་གིན་རྒྱག་གིན་ནང་ལ་ལོག
ཨ་མའི་རྨི་ལམ་སྐྱིད་པོ།
མི་ཚང་མ་གཉིད་ཀྱི་ཞིང་ཁམས་ལ་འགྲིམས་ནས་སྔུར་སྒྲ་འུར་དི་རེར་ཡོད་ན་ཡང་། ཨ་མ་བཀྲ་ཤིས་ལྷ་མོ་ནི་དེ་རིང་ཉིན་མོ་དང་དགོང་མོའི་དོན་དག་དེ་དག་ལ་བསམ་བློ་དྲུག་གསུམ་བཅོ་བརྒྱད་དང་། བློ་རྩེ་ཉི་ཤུ་རྩ་ལྔ་སྐོར་བཞིན་སྐོར་བཞིན་གཞི་ནས་གཉིད་ཁུགས་སོང་། གཉིད་ཁུགས་ནས་ཀྱང་དེ་རིང་ཉིན་མོ་དང་དགོང་མོའི་དོན་དག་དེས་ཡང་ཡང་གཉིད་ལས་སད་དུ་འཇུག་པས། དེ་ལྟར་གཉིད་དང་འདྲེས་མར་དོན་དག་དེར་བསམ་བློ་བཏང་བཏང་བའི་མཐར། གཟོད་ཕུགས་བསམ་མངོན་དུ་གྱུར་པའི་རྨི་ལམ་སྐྱིད་པོ་ཞིག་གཏོང་འགོ་ཚུགས། དེ་ནི་“བུ་དཔལ་ཡོན་རྒྱ་གར་སློབ་གྲྭ་ཆེན་མོའི་ནང་འཛུལ་ཞུགས་ཐུབ་པ་མ་ཟད། སློབ་མ་སྟོང་ཕྲག་མང་པོའི་ཁྲོད་ནས་སྦྱངས་འབྲས་རྩེ་ཕུད་ཤ་སྟག་བླངས་ཤིང་། ཕྱི་ནང་གི་བྱ་བ་སྤྱོད་པའང་བག་ཡོད་ཅིང་ཚུལ་དང་མཐུན་པས། དཔལ་ཡོན་ནི་དགེ་སློབ་ཆེ་ཆུང་སུས་བལྟས་ཀྱང་ཕུལ་བྱུང་གི་སློབ་མ་ཞིག་ཏུ་མ་གྲོས་གཅིག་མཐུན་གྱིས་ངོས་འཛིན་བྱེད། ལྷག་པར་དུ་ན་ནིང་བུ་དཔལ་ཡོན་རྒྱ་གར་སློབ་གྲྭ་ཆེན་མོ་ནས་བསླབ་པ་མཐར་ཕྱིན་ཏེ། འདི་ལོར་ཕ་ཡུལ་དུ་ལོག་ནས་འདི་གའི་ཡུལ་མིའི་རྒན་དར་གཞོན་གསུམ་ལ་རིག་གནས་ཀྱི་གོ་རྟོགས་སྤེལ་བཞིན་ཡོད་པས། ཡུལ་ལུང་འདིར་རིག་གནས་ཀྱི་ཁ་དབུགས་གསར་པ་ཞིག་གིས་ག་ས་གང་དུ་ཁྱབ་ཅིང་། ཡུལ་ལུང་གཞན་དག་ནང་དུ་ཡང་ཁོ་ཡི་གྲགས་པ་རླུང་གི་རྒྱུ་ཕྱོགས་དང་བསྡོངས་ནས་ཁྱབ་དང་ཁྱབ་མུས་རེད་ལ། འདི་གའི་ཡུལ་མི་ཤེས་ཡོན་ཅན་རེ་འགས་ཀྱང་ཁོ་ལ་གདེང་འཇོག་མཐོན་པོ་གནང་བཞིན་འདུག”
ཨ་མས་ཕུགས་བསམ་སྒྲིག་འགོད་བྱེད་པ།
ནམ་སྐྱ་མདའ་བཏང་རྗེས་ཁྱིམ་གྱི་ཤར་ཕྱོགས་དཀར་ཁུང་ནས་འོད་མདངས་ཤིག་ཁྲ་ལམ་མེར་ཤར་བས་ཁྱིམ་གྱི་ཕུ་མདའ་ཆ་ཚང་གསལ་བ་དང་ཨ་མ་གཉིད་ལས་སད། དེ་མ་ཐག་ཨ་མས་མདང་དགོང་གི་རྨི་ལམ་དེ་དྲན་ནས་ཡིད་ཆེས་ལ་མི་ཆེས་པའི་ངང་ཡར་ལྟ་མར་ལྟ་བྱས་རྗེས། རྨི་ལམ་དེ་མངོན་སུམ་ཡིན་ནམ་འཁྲུལ་སྣང་ཡིན། མངོན་སུམ་ཡིན་ན་དངོས་གནས་དགའ་བ་ལ་ཨང་། འོན་ཏེ་རྨི་ལམ་ནི་རྨི་ལམ་རང་ཡིན་གཤིས་ད་ལྟ་ནི་སྟོང་སང་སང་གི་འཆར་སྣང་ཞིག་མ་གཏོགས། ཅ་དངོས་ལྟ་བུ་རྡོག་རྡོག་ཅིག་གང་ཡང་མཐོང་རྒྱུ་རེག་རྒྱུ་མི་འདུག དེ་བས་ཕུགས་བསམ་གྱི་རྨི་ལམ་འདིའི་སྟེང་ནས་དོན་དག་དངོས་དེ་འགོ་བཙུགས་བཞག་པ་ཡིན་ན། རྨི་ལམ་ཡང་མངོན་སུམ་དུ་མི་འགྱུར་བའི་ངེས་པ་ག་ལ་ཡོད།
འོ་རེད། ཏག་ཏག་རེད། ད་ལོ་བུ་དཔལ་ཡོན་ལོ་བཅུ་གཉིས་ཡིན་ཞིང་། སང་ཕོད་ལོ་བཅུ་གསུམ་ལོན་གྱི་ཡོད་པས། ཆོས་སློབ་པའི་དུས་ཚོད་འཕྱི་མ་དྲགས་ནའང་སྔ་དྲགས་མེད། ད་ལྟ་བོད་ཟླ་བཅུ་གཉིས་བྱས་ན་དང་པོ། གཉིས་པ། གསུམ་པ་གསུམ་སོས་ཟླ། བཞི་པ། ལྔ་པ། དྲུག་པ་གསུམ་དབྱར་ཟླ། བདུན་པ། བརྒྱད་པ། དགུ་པ་གསུམ་སྟོན་ཟླ་ཡིན་པས། ད་དུང་སྟོན་ཚེས་ཚེས་བར་ཟླ་བ་འགའ་ཤས་འདུག གང་ལྟར་སང་ཕོད་སྟོན་ཀ་དཔལ་ཡོན་ཁོ་རང་རྒྱ་གར་ལ་བཏང་ན་ཏག་ཏག་རེད།
དེ་ཡིན་ན་བུ་དཔལ་ཡོན་ཁོ་ལ་ལམ་གྲོན་དང་ཆོས་རྒྱགས་གྲ་སྒྲིག་བྱེད་དགོས་པས་ག་ནས་བྱེད་དགོས་སམ། ཁྱིམ་གྱི་ཨ་ཕ་ཁོ་ལ་གྲོས་མོལ་བྱས་ན་ཁོས་ཁོ་རང་གི་འདོད་པ་གཅིག་པུ་ཨུ་ཚུགས་མཐར་སྐྱེལ་བྱེད་པ་ལས་ང་ཡི་སྐད་ཆ་ལ་ཉན་ནི་མི་ཉན། དེ་བས་ང་རང་གཅིག་པུས་ཐབས་ཇུས་མ་བཏང་ཀ་མེད་རེད། འོ་རེད། རྨོ་རྨོ་ཉི་མ་བཟང་མོས་ང་རང་ལ་སྤྲད་པའི་དངུལ་གྱི་ཐིག་པོ་དེ་བཙོངས་ན་བུ་ཡི་ལམ་གྲོན་དང་ཆོས་རྒྱགས་གཉིས་ཀ་འདང་ངེས་རེད། ད་དུང་ཡང་དེ་ཡིས་མ་འདང་ན་ནང་གི་རྒྱུ་ཆ་ཁ་ཤས་འཚོང་དགོས་ཐུག་ནའང་གལ་མེད། དེ་ལྟ་དེ་ལྟའི་ངང་ནས་དགུན་ཁ་དེ་ཨ་མས་བསམ་བློ་རྐྱང་རྐྱང་བཏང་ནས་རྫོགས།
ཨ་མས་ཕུགས་བསམ་དངོས་སུ་ལག་ལེན་བསྟར་བ།
ད་ལོ་ནི་ཚང་མས་དངོས་གནས་དགའ་འོས་པ་ཞིག་སྟེ། དབྱར་ཁ་རི་ཀླུང་ཀུན་ལ་ཆར་ཆུ་མོད་པས་ད་ལྟ་ཡུལ་གྲོང་གང་དུ་སོང་ཡང་རི་ཚང་མ་རྩྭ་རྩི་ཤིང་གིས་ཁེངས་ནས་སེར་ཐིང་ངེར་ཡིན་ཞིང་། གནའ་བ་དང་། རི་བོང་སོགས་རི་དྭགས་དང་། གཡག འབྲི། མཛོ། བ། ར་ལུག་བཅས་ཤ་ཤེད་རྒྱས་པའི་དུད་འགྲོ་རྣམས་ཁྱུ་དང་ཁྱུ་རུ་འདུས་ནས། རྫ་ནས་སྤང་དང་སྤང་ནས་ནགས་སུ་འཕག་མཆོང་ལིང་ལིང་གིས་ཕན་ཚུན་རྭ་རྩེད་རྩེ་ཞིང་ངུར་སྒྲ་དིར་དིར་སྒྲོག དེ་བཞིན་ཀླུངས་ལའང་ནས། བྲ་བོ། རྒྱ་བྲ། གྲོ་སོགས་སྨིན་ཟིན་པའི་འབྲས་བུའི་ཁུར་གྱིས་དུད་པའི་ལོ་ཏོག་རྣམས་ཤུགས་དྲག་ཆེ་བའི་རླུང་གིས་ཀྱང་གཡོ་ཙམ་གཡོ་ཙམ་བྱེད་པ་མ་གཏོགས། མ་བཅོས་རང་བྱུང་གི་ལང་ཚོའི་མཚར་སྡུག་ནི་སེར་ཡོམ་མེར་འཇིག་རྟེན་མི་ཡི་མདུན་དུ་བཤམས་ནས་འདུག་པས་ད་ནི་དངོས་གནས་ནམ་ཟླ་སྟོན་ཀ་ཚེས་འདུག
ཡུལ་མི་རྣམས་ཀྱང་སོས་དལ་ངང་སྡོད་པའི་དུས་ཚོད་དེ་རྫོགས་ཟིན་ནས། ད་ཆ་ང་མགྱོགས་ཁོ་མགྱོགས་ཀྱིས་ཉིན་མཚན་བསྟུད་མར་སྦྲེལ་ནས་སྟོན་ཐོག་རྣམས་སྒམ་ནང་ལ་སྡུད་གསོག་རྒྱག་པར་བྲེལ། དེ་མཚུངས་ངེད་ཚང་གི་ཁྱིམ་ཚང་ཡང་ཐོ་རངས་སྐར་ཆེན་མ་ཚེས་པའི་སྔོན་ནས་ཞོགས་པའི་ཉི་མ་མ་ཤར་བར་ཞིང་ཁ་ནས་གཡུལ་སའི་ནང་དུ་སྙེ་མ་དབོར་འདྲེན་བྱེད་ཅིང་། ཞོགས་པའི་ཉི་མ་ཤར་ནས་དགོང་ཁའི་ཉི་མ་མ་ནུབ་བར་དབོར་ཟིན་པའི་སྙེ་མ་རྣམས་གཡུལ་སྐྱོར་གྱི་ནང་དུ་གཅོག་པ་དང་། དགོང་ཁའི་ཉི་མ་ནུབ་ནས་སྲོད་མ་རུབ་བར་བཅག་ཟིན་པའི་སྙེ་མ་རྣམས་ཤུགས་གང་ཡོད་ཀྱིས་གཡུལ་ཐེར་སྟེང་དུ་བརྡུངས་ཤིང་། སྟོན་མཚན་ཟླ་བའི་འོད་མདངས་འོག་ཏུ་འབྲུ་རྣམས་རླུང་ཁ་རུ་འཕྱར་ནས་གཙང་བཟོ་བྱས་ཏེ་སྒམ་ནང་དུ་ལུགས་པ་བཅས། ཅུང་ཟད་རེ་མ་གཏོགས་ཟ་ལོང་འཐུང་ལོང་ཡང་མེད་པར་བྲེལ་འཚུབ་འཚུབ་ངང་ནས་ད་ལོའི་སྟོན་ལས་མཐའ་གྲུབ།
ད་ནི་རྒད་པོ་རེ་གཉིས་དང་ཕྲུ་གུ་འགའ་མ་གཏོགས་སྐྱེས་པ་ཕལ་ཆེར་རོང་ལ་གཡག་སྐྱེལ་དུ་འགྲོ་རན་ཞིང་། དེ་དང་མཉམ་དུ་ཤ་དར་ཁྲག་དར་གྱི་གཞོན་ནུ་རྣམས་རྒྱ་གར་རྡོ་རྗེ་གདན་དང་། བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་གནས་སྐོར་དང་སྤྲོ་འཆམ་ལ་འགྲོ་བར་གྲ་སྒྲིག་བྱེད་མུས་ཡིན་པས། ཨ་མས་ཨ་ཇོ་དཔལ་ཡོན་ཡང་ཁོང་ཚོའི་མཉམ་དུ་རྒྱ་གར་ལ་གཏང་རྒྱུའི་ལམ་གྲོན་དང་ཆོས་རྒྱགས་གྲ་སྒྲིག་བྱེད་བཞིན་པའི་སྒང་སྟེ། ཁ་རྩང་དབྱར་ཀ་ནས་གྲོས་བཏབ་པའི་ཡུལ་ཕར་ནང་གི་བུད་མེད་དེ་དེ་རིང་ངེད་ཚང་ལ་འོངས་ནས། “བཞུགས་མཉེས།” “འོ་བདེ་མོ་ཡིན་ནོ།།” “ང་ནི་སྲུ་མོའི་ཐིག་པོ་ཀོ་ཉོ་རུ་འོངས་པ་ཡིན་ཡ།” “འོ་ཡ་ཡ། འདི་རུ་སྡོད་ལ་ཇ་འཐུངས།” ཨ་མས་མོ་ལ་ཇ་བླུགས་རྗེས། དུ་དྲེག་གིས་ཚོས་ནས་ནག་ཅིང་སྣུམ་པའི་བང་སྟེགས་སྟེང་གི་ཟངས་རྡིག་གོར་གོར་དེའི་ནང་ནས་དངུལ་གྱི་ཐིག་པོ་དེ་ཁྲ་ལེབ་བེར་བཏོན་བྱུང་། དངུལ་གྱི་ཐིག་པོ་ནི་ཁྱིམ་ཚང་ཞིག་གི་ཕུགས་ནོར་རྩ་ཆེན་ཞིག་དང་། ལྷག་པར་བུད་མེད་ཚོས་མི་མང་འདུ་འཛོམས་བྱེད་སར་མགོ་ལ་གྱོན་རྒྱུའི་རྒྱན་ཆ་རིན་ཐང་ཆེ་ཤོས་དེ་ཡིན་པས་སྣང་ཆུང་ཆུང་ཞིག་ག་ལ་ཡིན། དེ་ནི་རྒྱུ་ཆ་དངུལ་ལས་བཟོས་ཤིང་། དཀྱུས་རིང་ཐུང་སྐྱེས་པ་དར་མ་ཞིག་གི་ཁྲུ་གང་དང་ཞེང་ཚད་ལ་མཐོ་གང་དང་སོར་བཞི། བཟོ་བཀོད་ནི་ལེབ་ལེབ་ནར་མོ་ཡིན་ལ། རྒྱབ་ཕྱོགས་ལ་གཡུ་དང་སྤོས་ཤེལ་གཟི་བྱུར་གྱིས་སྤྲས་ཡོད་པ་དང་། ནང་ལོགས་སུ་སྣམ་བུ་ལྗང་ཁུ་དང་སྨུག་པོ་སོགས་ཅི་རིགས་ཀྱིས་གླན་པའང་ཡོད། ཁོང་གཉིས་ལབ་གླེང་ཉུང་ཙམ་རེ་བྱས་རྗེས་ཨ་མས་དངུལ་གྱི་ཐིག་པོ་དེ་བུད་མེད་དེར་བཙོངས་ནས་རིན་གོང་ཡང་འགྲིག་ཐག་ཆོད་ཁུགས་ཤིང་དཔལ་ཡོན་གྱི་ལམ་གྲོན་དང་ཆོས་རྒྱགས་གཉིས་ཀ་འདང་ངེས་འདུག་པས། ཨ་མ་མོ་རང་གིས་མ་གཏོགས་ཚོར་མི་ཐུབ་པའི་དགའ་བ་ཞིག་དང་སྤྲོ་བ་ཞིག་ཁོག་སྟོད་ཁོག་སྨད་ཡོངས་ལ་བདེ་འཇམ་འཇམ་དང་སྤྲོ་སིང་སིང་གིས་ཁྱབ།
ཨ་ཇོ་དཔལ་ཡོན་དེ་རིང་རྒྱ་གར་ལ་འགྲོ་རན་པས་མདང་དགོང་མཚན་འཕྱི་པོ་མ་ཆགས་བར་དུ་ངེད་ནང་མི་ཚང་མ་ནམ་རྒྱུན་དང་མི་འདྲ་བའི་ཟས་སྣ་ཕུན་སུམ་ཚོགས་པ་འགའ་བཟས་ཤིང་། ངེད་ཚང་མས་ཨ་ཇོ་ཆོས་ལ་འགྲོ་བས་དགའ་བ་རེ་དང་། ཡང་ཕྱོགས་གཅིག་ནས་ཁྱིམ་ཚང་ཞིག་ཁ་ཐོར་འགྲོ་བའི་སྐྱོ་སྣང་རེ་སྐྱེ། ཨ་མས་ཨ་ཇོ་དཔལ་ཡོན་ལ། “ཨ་མའི་བུ་ཁྱོད་ཆོས་ངར་བ་སྦྱོངས་ཤིག ང་ཚོ་མི་གཞན་དང་འདྲ་ས་མེད། ཁྱིམ་ཚང་འདི་ན་ཨ་མས་དཀའ་ངལ་ཅི་མྱོང་ཁྱོད་ཀྱིས་མཐོང་ཡོད་རེད། ངས་རྒྱུན་དུ་ཁྱོད་རང་ལ་ལབ་ཀྱི་ཡོད། ཆོས་བདག་མེད་སྙིང་རུས་སུ་ཆེ་ཟེར་བ་རེད། ཡིན་གཅིག་མིན་གཅིག་ཆོས་ལ་སྙིང་རུས་གྱིས། ད་དུང་མི་ཀུན་དང་མཐུན་ན་ལྷ་ཆོས་ཀྱི་གཞི་མ་ཟེར་གྱི་ཡོད་རེད། རྒན་པ་ལ་བརྩི་བཀུར་དང་། འོག་མ་ལ་བྱམས་སྐྱོང་བགྱིས་ལ་མི་ཚང་མ་དང་མཐུན་པོ་གྱིས། ཁྱོད་རང་ཨ་མ་མི་ཐུག་པའི་སེམས་ཁྲལ་མི་དགོས། ཁྱོད་ཆོས་དགའ་མོ་ཞིག་དང་། མི་ཀུན་དང་མཐུན་པོ་མཛའ་བོ་ཞིག་བྱུང་ན་ཨ་མ་ཐུག་པ་དང་ཁྱད་པར་མེད། ཨ་མས་འདི་ནས་ཁྱོད་ལ་དངུལ་ག་ཚོད་ཐུབ་ཐུབ་བཏང་ཡོང་། གང་ལྟར་ཁྱོད་རང་ཆོས་ངར་བ་ཞིག་གྱིས་དང་། དེ་ལས་ལྷག་པ་ཞིག་དགོས་པ་ཡོད་མ་རེད།” ཅེས་གཟབ་ནན་གྱིས་བསླབ་བྱ་ནན་པོ་ཞིག་བརྒྱབས་སོང་།
ཨ་ཇོ་དཔལ་ཡོན་གྱི་ངོ་དབྱིབས་ནི་ཨ་མའི་གདོང་པ་ནང་བཞིན་གོར་གོར་ཡིན་ཞིང་གཞོན་ཤ་དོད་ལ། གཞོན་ཤ་དོད་པའི་ངོ་གདོང་དེ་ལས་སྤྱང་གྲུང་འཛོམས་པའི་རྣམ་འགྱུར་དང་། འཁྱུག་འགྲོས་མྱུར་བའི་འདྲེན་བྱེད་ཟུང་ལས་རྣམ་རིག་བཀྲ་བའི་འོད་སྣང་འཚེར།
དེ་རིང་ཞོགས་པ་ཡང་མདང་དགོང་གི་བསླབ་བྱ་དེ་ཨ་མས་ནན་ཏན་གྱིས་རྒྱག་ཞོར་དུ། ཨ་ཇོ་དཔལ་ཡོན་གྱི་མགོ་ལ་མར་གྱིས་བྱུགས་ནས་ལག་པས་བྱིལ་བྱིལ་བྱེད་ཅིང་། “ང་ཡི་བུ་འདི་ལ་རྟག་ཏུ་དཀོན་མཆོག་གསུམ་གྱིས་མགོན་སྐྱབས་མཛོད་ཅིག བུ་འདི་ཆོས་མགོ་ལེགས་པོ་ཞིག་འཐོན་པར་ཤོག” ཅེས་སེམས་པའི་གཏིང་རུམ་ནས་བཞུར་འོངས་པའི་སྨོན་ལམ་ཞིག་བཏབ་ནས་མིག་མཐའ་མཆི་མ་འཁྱིལ་འཁྱིལ་གྱིས་བལྟས་འདུག ཨ་ཇོ་དཔལ་ཡོན་གྱི་ངོ་གདོང་གོར་གོར་དེ་ལ་ཡང་འགྲེལ་བཤད་ཕོག་དཀའ་བའི་རྣམ་འགྱུར་ཞིག་རང་བཞིན་གྱིས་མངོན་འོང་ཞིང་མིག་གཡས་གཡོན་གཉིས་ཀ་ནས་མཆི་མ་རྡོག་པོ་གཅིག་གཉིས་ཤིག་དབང་མེད་དུ་ཟགས་བྱུང་། ང་རང་། ཨ་མ། རྨོ་རྨོ། ཨ་ཅེ་བཞི་ཡིས་ཨ་ཇོ་དཔལ་ཡོན་རྟ་རྐྱང་སྨུག་གི་སྒལ་པར་བསྐྱོན་ཏེ་ཡུལ་སྡེ་འདི་ནས་ལྷོ་ཕྱོགས་སུ་འཐེན་པའི་གཞུང་ལམ་དེ་ནས་ཞུགས་ཏེ་ཆུ་ཀླུང་བར་དུ་སྐྱེལ་མ་བྱས། ང་ཚོས་ཨ་ཇོ་དཔལ་ཡོན་གྱི་རྗེས་སུ་བལྟས་བལྟས་རིག་རིག་ངང་ཨ་ཇོའི་རྒྱབ་གཟུགས་དེ་ཐག་རིང་ནས་རིང་དུ་སོང་སྟེ། མཐར་ང་ཚོའི་མིག་གིས་ཀྱང་ཟིན་མ་ཟིན་ཙམ་ནས་ཕ་གིའི་དེའུ་འབུར་དེའི་རྒྱབ་ལ་ཡལ་སོང་།
ཨ་ཇོ་སོང་ཤུལ་དུ། ངེད་རྣམས་རེ་ཞིག་ཅི་ཡང་མི་སྨྲ་བར་ཕན་ཚུན་ལྟ་རེས་རེ་བྱས་ནས་ཨ་མས་ང་རང་ལག་པ་ནས་ཁྲིད་དེ་ཁྱིམ་ལ་ལོག ད་ལྟ་རི་ཀླུང་གང་སར་ཐལ་རླུང་འཚུབ་ཅིང་སེར་ཐལ་ལེར་རེད། འདི་གའི་ཡུལ་མི་ཚོས་དེང་སང་གང་དུ་འཛོམས་ཀྱང་“བཀྲ་ཤིས་ལྷ་མོའི་བུ་ཆེ་བ་དཔལ་ཡོན་ཟེར་བ་ཁོ་ཁོང་རང་ནང་མི་གྲོས་མ་འཆམས་བཞིན་དུ་བཀྲ་ཤིས་ལྷ་མོ་མོ་རང་གིས་ནང་གི་ཐིག་པོ་བཙོངས་ནས་རྒྱ་གར་ལ་བཏང་བ་རེད།” ཅེས་པའི་སྐད་ཆ་ཞིག་ཁ་ནམ་ཁོམ་དུ་ལབ་གླེང་རྒྱག་བཞིན་ཡོད། དེ་དག་གི་ཁྲོད་ནས་འགའ་ཞིག་གིས། “བུད་མེད་དེ་ནམ་རྒྱུན་ལས་ཀ་ཅི་ཞིག་ལས་ཀྱང་ངར་བ་རེད། ད་ལམ་ནང་མི་གྲོས་མ་མཐུན་པར་ཕྲུ་གུ་ཆོས་ལ་བརྫངས་པ་དེ་གང་འདྲ་ཞིག་ཡིན་ནམ།” ཞེས་དོགས་མི་བདེ་སྣང་བྱེད། ཡང་ཁ་ཤས་ཀྱིས། “ཧ་ཧ་ཧ། ད་དེ་བུད་མེད་སྨྱོན་མ་མ་རེད་དམ། བུ་ཕྲུག་ག་ཚོད་རྩ་ཆེ་ཡང་ནང་གི་ཐིག་པོ་འཚོང་མཁན་སུ་འདུག” ཅེས་འཕྱ་སྨོད་བྱེད། ཡང་ངེད་ཚང་གི་ཁྱིམ་ཚང་ལ་རྒྱུས་མངའ་ཏོག་ཙམ་ཡོད་མཁན་གྱི་ཡུལ་མི་རྒན་གྲས་འགའ་རེ་དང་རྣམ་དཔྱོད་ལྡན་པའི་ན་གཞོན་གཅིག་གཉིས་ཤིག་གིས། “སྙིང་རྗེ་….. མ་གཞི་ནས་བུ་ཕྲུག་ཅིག་རྒྱ་གར་ལ་གཏོང་དགོས་ན་ལས་སླ་མོ་ག་བ་ཡིན། ཁོང་གི་ཁྱིམ་ཚང་ནི་རྒྱུ་སྟོབས་ཡོད་མཁན་དེ་འདྲ་མིན་པས་ཐིག་པོ་མ་བཙོངས་ཀ་མེད་བྱུང་བ་འདྲ། ཁྱིམ་ཚང་དེ་ན་ནམ་རྒྱུན་ལས་ཀ་བྱེད་མཁན་གཙོ་བོ་ཡང་བཀྲ་ཤིས་ལྷ་མོ་མོ་རང་ཡིན་ཞིང་། མོས་ལས་ཀ་གང་ཞིག་བྱས་ཀྱང་ཐག་ཆོད་ནན་པོ་བྱས་ནས་གྲུབ་འབྲས་འཐོན་མཁན་ཞིག་རེད། ད་ལམ་ཡང་བུ་དེ་རྒྱ་གར་ལ་གཏང་རྒྱུར་ཁོང་རང་ནང་མི་གྲོས་མ་འཆམས་ནའང་མོ་རང་གིས་ཐག་བཅད་ནས་བཏང་བ་ཡིན་འདུག རྗེས་མ་བུ་དེ་ཡག་པོ་ཆགས་ཀྱི་རེད། ད་ལྟ་ནས་བུ་དེ་ཡི་གེ་འབྲི་ཀློག་གང་ལ་གང་འཚམས་ཤེས་ཤིང་མོ་རང་གིས་ཅི་སྨྲས་ལ་ཉན་མཁན་ཞིག་རེད།” ཅེས་མི་རེའི་ཁ་ནས་སྐད་ཆ་མི་འདྲ་བ་རེ་གླེང་བཞིན་ཡོད།
ཉི་མ་དེ་དག་གི་རིང་ལ་ཨ་མ་བཀྲ་ཤིས་ལྷ་མོའི་སྐོར་ལ་འགྲིག་དང་མ་འགྲིག་གི་སྐད་ཆ་འདྲ་མིན་ཤོད་མཁན་ཇི་ཙམ་ཡོད་ཀྱང་། ཨ་མས་མོ་རང་གི་ཕུགས་བསམ་བསྒྲུབ་རྒྱུའི་དོན་དག་དེ་འགོ་བཙུགས་ཟིན་པས། སྐད་ཆ་དེ་དག་གི་ཁྲོད་ནས་ལེགས་ཆ་རེ་ཡོད་ན་བླངས། དེ་མིན་བཤད་ཡམ་གྱི་སྐད་ཆ་དག་ལ་ནི་སྣང་བ་གཡོར་ཙམ་ཡང་མ་བྱས་པར་སྔར་བཞིན་སྒོ་ཕྱི་ནང་གི་ལས་ཀ་རྣམས་ཧུར་ཐག་གིས་ལས་ཤིང་། ཉིན་པར་དགའ་བཞིན་སྤྲོ་བཞིན་ར་ལུག་གི་རྫི་བོར་འགྲོ་བཞིན་ཡོད།
ཨ་མས་བུ་ཕྲུག་གི་དོན་དུ་དཀའ་ཚེགས་ཁུར་དུ་བླངས་པ།
འོན་ཏེ། སྐྱིད་སྡུག་ཆ་མི་སྙོམ་པ་ཞིག་ལ། ཨ་མ་མོ་རང་ལ་ལས་ཀྱིས་བསྐོས་པའི་ཚེ་རོགས་གཅིག་ཡོད་པ་སྟེ། དེ་ནི་ང་ཚོའི་ཨ་ཕ་ལགས་རེད། ན་ནིང་སྟོན་ཀ་ཨ་ཇོ་དཔལ་ཡོན་རྒྱ་གར་ལ་བཏང་བ་ནས་བཟུང་། ཨ་ཕས་ཨ་མ་ལ་སྒོ་ཕྱི་ནང་གི་ལས་རོགས་བྱ་རྒྱུ་ཕར་ཞོག ཐ་ན་སོས་སྟོན་ཞིང་ལས་ཀྱི་སྐབས་སུ་ཡང་། ཁྱི་ལྡོམ་བཞིན་འཁྱམ་རྒྱུར་དགའ་བའི་ཕོ་ཧྲེང་ཟས་མེད་ལས་མེད་འགའ་དང་འགྲོགས་ཏེ། ཆང་ཁང་གར་ཡོད་དུ་ཉིན་མཚན་ཁ་སྦགས་ནས་ཆང་རག་འཐུང་བ་དང་། སྐབས་རེ་ཁྱིམ་ལ་ལོག་ཡོང་དུས། “འུ་ལ་བུ་ཕྲུག་གསོས་པའི་མདོ་ཅི་ཡོད། ད་ནི་ང་ལ་བུ་ཕྲུག་ཡོད་སེམས་པའི་བསམ་བློ་ཡང་མེད།” ཟེར་ནས་ར་བཟི་བྱེད། ཨ་མས་ར་བཟིའི་སྐད་ཆ་ལ་ཁ་ཡ་མི་བྱེད་པར་ཨ་ཕའི་མདུན་དུ་ཆང་བཀོལ་དང་རྩམ་པ་བཤམས་ནས་ནང་ལས་ལ་བྲེལ་བའི་སྒང་ཡིན།
ཨ་ཕས་ཉིན་མོ་ཆང་ཁང་ཉུལ་ཞིང་མཚན་མོ་ནང་མི་ལ་ར་བཟི་བྱེད་པ་ནི་ཉིན་གཅིག་གཉིས་ཙམ་མིན་པར། ཆང་ཁང་ན་ཆང་རག་ཡོད་ན་ཆང་ཁང་ཉུལ་རྐྱང་དང་ར་བཟི་བྱེད་རྐྱང་ཡིན་པས། སྐབས་རེར་ཨ་མའི་སེམས་སུ་ཨ་ཕ་དང་ཁ་འབྲལ་འདོད་ཀྱི་བསམ་བློ་ཡང་ཡང་འཁོར་བཞིན་ཡོད་ནའང་། གལ་ཏེ་ཕ་མ་གཉིས་ཁ་ཁར་གྱེས་པ་ཡིན་ན་ནར་མ་སོན་པའི་བུ་ཕྲུག་འདི་དག་ལ་དཀའ་ངལ་འཕྲད་རྒྱུ་ནི་ཉག་གཅིག་སྟེ། དེང་སྐབས་འདི་ན་ཁྱི་ལྡོམ་བཞིན་ཆང་ཁང་གར་ཡོད་དུ་འཁྱམ་བཞིན་པའི་ཕོ་ཧྲེང་ཟས་མེད་ལས་མེད་དེ་ཚོ་ཡང་བཟའ་ཚང་ཁ་ཐོར་དུ་སོང་བ་ཤ་སྟག་ཡིན་ཞིང་། དེ་དག་གི་བུ་ཕྲུག་ནི་ཕྱུག་པོའི་བྲན་གཡོག་ཏུ་འཁོལ་བཞིན་པ་ཡིན་པས། བུ་ཕྲུག་འདི་ཚོས་ཨ་ཕ་ཨ་མ་ཟེར་བ་ཞིག་མཚམས་རེར་མཐོང་ཐོས་བྱུང་བ་མ་གཏོགས། ཡང་སྙིང་ཁོང་ཚོའི་སེམས་ནང་དུ་ཨ་ཕ་ཨ་མ་ཟེར་བ་དེ་ཅི་འདྲ་ཡིན་མིན་ཤེས་མེད་པའི་ཁར་ཨ་ཕ་ཨ་མ་ལ་འཁང་ར་བྱེད་མཁན་ཡང་ཉུང་ཉུང་མིན། ཕྱོགས་གཅིག་ན་ཆང་ཁང་གི་བདག་པོས་གཙོས་པའི་ཡུལ་མི་འདི་ཚོར་མཐོང་ན་ཁོང་ཁྲོ་བ་དང་། ཐོས་ན་ཞེ་མེར་འོང་བའི་རང་མ་གཏོགས་གཞན་མི་མཐོང་བའི་གཤིས་ཀ་ངན་པ་ཞིག་ཡོད་པའི་རྐྱེན་གྱིས། དེང་སང་ཁྱིམ་གཞིས་བོར་བའི་ཕོ་ཧྲེང་མོ་ཧྲེང་འདི་ཚོར། “ཁྱིམ་གཞིས་གཡུགས་ནས་ཁྱོད་དེ་འདྲ་མ་བྱེད། ཁྱོད་ལ་མི་དགོས་ནའང་ཁྱོད་ཀྱི་བུ་ཕྲུག་ལ་དགོས་པ་ཡོད་རེད།” ཟེར་ནས་བསླབ་བྱ་བརྒྱག་རྒྱུ་ཕར་ཟད། ནང་གི་རྒྱུ་ནོར་དང་། ཕྱི་ཡི་ས་ཞིང་རྣམས་ཉོ་མ་འཕྲོག་གིས་སླུ་ཅི་ཐུབ་བྱས་ནས་སྤྲང་སློང་དུ་བཏོན་པ་མ་ཟད། ཕོ་ཧྲེང་མོ་ཧྲེང་དེ་ཚོའི་བུ་ཕྲུག་ཀྱང་ཁོང་ཚོས་བདག་པོ་བརྒྱབ་ནས། ཤིང་འཐུ་བ་དང་། ཆུ་ལེན་པ། ཐལ་བ་འབོ་བ། འབགས་སྣོད་འཁྲུད་པ། རྫི་བོར་རྫོང་བ་བཅས་བྲན་གཡོག་ཏུ་འཁོལ་གྱིན་ཡོད།
ཁོང་ཁྲོ་ཞིང་ཞེ་མེར་བ། སྙིང་རྗེ་ཞིང་ཡ་ང་བའི་གནས་སྟངས་དེ་དག་ལ་བསམས་ནས། ཨ་ཕས་རྣམ་འགྱུར་ཅི་ཞིག་བསྟན་ཀྱང་ཨ་མས་ནམ་ཡང་ཨ་ཕ་དང་བསྟུན་གང་ཐུབ་བྱེད་ཅིང་། ཨ་ཅེས་གཙོས་པའི་གཉེན་ཉེ་དང་། ཁྱིམ་མཚེས་དག་གི་རོགས་རམ་ལ་བརྟེན་ནས་མི་ཚེ་སྐྱེལ་གྱིན་ཡོད་པས། ང་ཚོའི་ཁྱིམ་ཚང་ནི་ད་དུང་ཡང་སྔར་བཞིན་གྲ་མ་ཆག་གྲུ་མ་ཉམས་པར་ཚ་ཚ་འུར་འུར་ངང་ནས་འཚོ་བཞིན་ཡོད།
ཨ་མའི་ཕུགས་བསམ་དོན་འཁྱོལ་བྱུང་བ།
ད་སྐབས་ཨ་ཇོ་དཔལ་ཡོན་རྒྱ་གར་དུ་འབྱོར་ནས་གསར་རྒྱུགས་གཏང་རྒྱུར་ཟླ་བ་གཅིག་གི་རིང་ལ་ཉིན་སྦྱོང་མཚན་སྦྱོང་གིས་སྦྱངས་པས། རྒྱུགས་འབྲས་ཨང་རིམ་གཉིས་པའི་སྡེ་ཚན་དུ་སོན་ཏེ་རྒྱ་གར་གྱི་སློབ་གྲྭ་ཆེན་མོར་འཛུལ་ཞུགས་ཐུབ་པ་བྱུང་། དེ་ནས་བཟུང་སྟེ་ཁོ་ལ་སྤྲོ་སེམས་འཕར་མ་ཞིག་སྐྱེས་ནས་ཁོས་ནམ་ཡིན་ཡང་“ཆོས་བདག་མེད་སྙིང་རུས་སུ་ཆེ།” ཞེས་པའི་ཨ་མའི་བསླབ་བྱ་དག་ནངས་རེ་དགོང་རེ་བཞིན་དུ་ཡིད་ལ་དྲན་པར་བྱས་ནས། འགྲོ་འདུག་ཟ་ཉལ་ནམ་གྱི་ཚེ་ན་ཡང་ལག་དཔེ་དེབ་དང་འབྲལ་མེད་དུ་སྡོད་ཅིང་། དགེ་རྒན་དམ་པ་དེས་བསྩལ་པའི་“ང་ཚོ་སུ་ཡི་ཆེད་དུ་སློབ་སྦྱོང་སྦྱོང་གི་ཡོད་དམ།” ཞེས་པའི་དྲི་ཚིག་དེ་ཡང་ནས་བསྐྱར་དུ་ཡིད་ལ་འཁོར་ཏེ་དཔེ་ཀློག་དང་བསམ་གཞིག་བྱེད་ཀྱི་ཡོད།
སློབ་གྲྭ་ཆེན་མོ་འདིའི་ནང་དགེ་སློབ་ཚང་མས་ཁ་གཅིག་བསྒྲགས་སུ་འདི་ལྟར་གླེང་གིན་ཡོད་དེ། སློབ་མ་དཔལ་ཡོན་གྱི་བརྩོན་འགྲུས་ནི་ཨ་གསར་མིན་ཞིང་གནས་སྐབས་མིན་པས་ནམ་མཐོང་ནའང་ཁོ་ཡི་ལག་ན་དཔེ་དེབ་གཅིག་དང་སྨྱུ་གུ་གཅིག་ཡོད་ཡོད་ཁར་རེད་ལ། ཁོ་ཡི་ཤེས་རབ་ནི་སྟབས་ལེགས་སྟེས་དབང་གིས་ཕྲད་པའི་ལམ་འགྲོ་མིན་གཤིས་ཁོས་ལོ་རྟག་པར་རྒྱུགས་འབྲས་ཨང་དང་པོའི་བྱ་དགའ་ལེན་པ་མ་ཟད། ཁྱད་པར་དུ་སློབ་ཚན་གྱི་དཀའ་གནད་རེ་ལ་དོགས་སློང་བྱེད་དུས་གཞན་ལས་ཁྱད་པར་དུ་འཕགས་པའི་རྣམ་དཔྱོད་ཀྱི་རྩལ་ཁ་དམིགས་བསལ་ཞིག་འདུག དེས་མི་ཚད་ཁོ་ནི་སློབ་མ་གཞན་དང་མི་འདྲ་བའི་གཤིས་ཀ་བརྟན་པོ་ཡག་པོ་ཞེ་དྲག་ཅིག་རེད། ཅེས་སློབ་གླིང་འདིའི་དགེ་སློབ་ཡོངས་ཀྱིས་མ་གྲོས་གཅིག་མཐུན་དུ་ཨ་ཇོ་དཔལ་ཡོན་ལ་ཕུལ་བྱུང་གི་སློབ་མ་ཞིག་ཏུ་ངོས་འཛིན་བྱས་ནས་གདེང་འཇོག་མཐོན་པོ་གནང་གི་ཡོད་པ་རེད།
ཨ་ཇོ་དཔལ་ཡོན་ཕ་ཡུལ་དང་ཁ་གྱེས་ནས་མི་ལོ་ཧྲིལ་པོ་བཅུ་འཁོར་བའི་ད་ལོ་སྟེ། ཨ་ཇོ་ཁོང་རྒྱ་གར་སློབ་གྲྭ་ཆེན་མོ་ནས་བསླབ་པ་མཐར་སོན་ཏེ་ད་ཆ་ཕ་ཡུལ་ལ་ཕ་མ་ཐུག་འཕྲད་དུ་སླེབས་ཡོད། སྤྱིར་བཏང་ལོ་བཅུ་ནི་ཧང་སང་དགོས་པའི་དུས་ཚོད་རིང་པོ་ཞིག་མིན་ན་ཡང་། ཕ་མ་དང་བུ་ཕྲུག་ཁ་བྲལ་ནས་ལོ་ངོ་བཅུ་འགོར་བ་ནི་ཐུང་ཐུང་ཞིག་གཏན་ནས་ཡིན་ཐབས་མི་འདུག ཁོས་བལྟས་ན་ད་ལྟ་ཕ་མ་གཉིས་ཀ་དབུ་སྐྲ་དཀར་པོར་གྱུར་ཡོད་ཅིང་། གདོང་ཡོངས་གཉེར་མས་བཏུམས་ནས་རྒད་པོ་དང་རྒད་མོ་ཆགས་ཟིན་འདུག ཕ་མ་གཉིས་ཀྱིས་བལྟས་ནའང་ཁོ་ནི་གཟུགས་པོ་སྔར་ལས་ལྡབ་འགྱུར་གྱིས་རིང་དུ་ཕྱིན་ཡོད་ན་ཡང་། སྔོན་མ་ནང་བཞིན་གཞོན་ཤ་དོད་པོ་དང་བཀྲག་མདངས་མེད་པར་སྐམ་ཞིང་རིད་པ་ཞིག་འདུག
འོན་ཀྱང་། དངོས་གནས་སེམས་བསམ་པའི་གཏིང་ནས་དགའ་བ་སྐྱེ་འོས་པ་ཞིག་ནི། ཨ་ཇོ་དཔལ་ཡོན་ནི་མཁས་པ་སུས་བལྟས་ནའང་ཡོན་ཏན་ཅན་ཞིག་ཡིན་པ་ཕྱིའི་ཚུགས་ཀ་ལས་ཀྱང་མངོན་འོང་བ་སྟེ། ཁོང་གི་བསམ་བློ་གཏོང་སྟངས། སྐད་ཆ་ཤོད་སྟངས། ལས་ཀ་ལས་སྟངས་ཀྱི་ཐད་ནས་ཕ་མ་གཉིས་དང་འདི་གའི་ཡུལ་མི་ཚོ་མགུ་བ་མ་ཟད། ཤར་ནུབ་ཀྱི་མཁས་པ་མང་པོས་ཁོང་ལ་གདེང་འཇོག་མཐོན་པོ་གནང་གི་ཡོད་ཅིང་། ཁོང་གིས་ཀྱང་འདི་གའི་ཡུལ་མི་རྒན་དར་གཞོན་གསུམ་ལ་རིག་གནས་ཀྱི་གོ་རྟོགས་རྒྱ་ཆེར་སྤེལ་གྱིན་ཡོད་པས། དེང་སང་ཡུལ་སྡེ་འདིའི་ནང་རིག་གནས་ཀྱི་ཁ་དབུགས་གསར་པ་ཞིག་གིས་ཁྱབ་ནས། «རྒན་ལགས་དཔལ་ཡོན་»ཞེས་ཁོང་གི་སྙན་གྲགས་རླུང་གི་རྒྱུ་ཕྱོགས་དང་བསྡོངས་ཏེ་རྒྱལ་ཁབ་ཕྱི་ནང་ག་ས་གང་དུ་ལྡང་བཞིན་ཡོད་པས། ཕྱི་ལོགས་ནས་བསམ་བློའི་གོ་རྟོགས་རྗེ་རེས་བྱེད་མཁན་གྱི་མཁས་པ་དང་། སློབ་མ་མང་པོ་ཞིག་ཡུལ་སྡེ་འདིར་འདུས་དང་འདུ་བཞིན་ཡོད་པས་སྔར་གྱི་སྤྱི་ཚོགས་ཡ་ང་བོ་དེ་དེང་སང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་དར་སའི་བསྟི་གནས་ཤིག་ཏུ་གྱུར་འདུག
ད་ནི་ང་རང་ཡང་ནར་སོན་ནས་བསམ་བློ་ཏོག་ཙམ་གཏོང་ཤེས་མཁན་ཞིག་ཆགས་ཡོད་ཟེར་ནའང་ཧ་ཅང་གིས་ཐལ་དྲགས་མེད། ངས་འདས་མ་ད་གསུམ་ལ་བསམ་བློ་གཏོང་གི་ཡོད། བསམ་བློ་བཏང་བཏང་བའི་མཐར་སེམས་ནང་དུ་གོ་གནས་གལ་ཆེན་བཟུང་བའི་མི་ཞིག་ཡང་ནས་ཡང་དུ་དྲན་འོང་བ་ནི་དྲིན་ཆེན་ཨ་མ་ལགས་རེད། ཨ་མ་དྲན་པའི་མོད་ལ་འདས་ཟིན་གྱི་བྱུང་བ་དེ་དག་གི་ཁྲོད་ནས་ད་ལྟ་དྲན་པའི་ངོགས་སུ་ཆེས་གསལ་ཤོས་ཀྱི་དོན་དག་ཅིག་འཆར་འོང་བ་སྟེ། ཨ་མས་མོ་རང་གི་དངུལ་གྱི་ཐིག་པོ་བཙོངས་པའི་དོན་དག་དེ་རེད། དོན་དག་དེ་བརྒྱུད་ནས་འགྲོ་དུས་ང་རང་ཡང་བསྐྱར་བསམ་གཞིག་གི་ཀློང་དུ་ཐིམ་ནས་ཨ་མ་དང་ཨ་མའི་དངུལ་གྱི་ཐིག་པོ་དྲན། ཨ་མ་དང་། ཨ་མའི་དངུལ་གྱི་ཐིག་པོ་……….
༢༠༡༩ \ ༡༠ \ ༡༣ ཉིན་མཐའ་གྲུབ་པར་བྱས།
This Post Has One Comment
ཨ་མ་ལགས་ཀྱི་ཐིག་པོ་ཞེས་པ་འདི་རོབ་ཀློག་བྱ་བའི་གོ་སྐབས་བྱུང་། སྒྲུང་རྩོམ་འབྲི་མཁན་མང་པོ་ཞིག་གིས་མངོན་ཤེས་ཀྱིས་འབྲི་གི་ཡོད་པ་དེ་འདིར་ཡང་འདུག གང་ཟག་གསུམ་པའི་སྐོར་ཤོད་དུས་ཁོང་གི་སེམས་ནང་གི་ཚོར་བ་འདི་འདྲ་བྱུང་དང་དེ་འདྲ་བྱུང་སོགས་ཤོད་པ་འདི་དག་ནི་མངོན་ཤེས་མེད་ན་ཤེས་ཐབས་མེད་པ་རེད།
ཐིག་པོ་ཟེར་དུས་སྒྲུང་འདི་འབྲི་མཁན་ཕལ་ཆེར་དོལ་པོ་བ་ཞིག་ཡིན་པ་འདྲ། སྤྱིར་བཏང་བྱས་ན་ཐིག་པོ་ནི་འཚོང་མི་ཆོག་པའི་དངོས་པོ་ཞིག་རེད། ཁྱིམ་གྱི་ཨ་མའི་གོ་གནས་དང་འབྲེལ་བའི་རྒྱན་ཆ་ཞིག་ཡིན་པས་ཐིག་པོ་བཙོངས་ན་ཁྱིམ་ཚང་ལ་དམའ་འབེབས་སུ་འགྲོ་གི་ཡོད། འོ་ད་ངའི་མཆན་ཐུང་འདི་ཚོ་ཧོབ་བྲིས་ཙམ་ཡིན་པས་དཔྱད་མཆན་འདེབས་ས་ལ་ཡིག་ཉོག་སྤེལ་བ་འདྲ།