རྩོམ་སྒྲིག་པ།
གངས་ཅན་འགྲོ་བའི་བསོད་ནམས་ལས་བྱུང་སྐྱེ་རྒུ་དུ་མའི་མིག་གཅིག་པུ།།
ཆོས་ཀྱི་གནས་ལུགས་ཇི་བཞིན་མཁྱེན་པས་འགྲོ་བའི་དོན་དུ་ཅིར་ཡང་སྤྲུལ།།
དད་དང་མོས་པའི་སློབ་མ་ཙམ་མིན་ཆོས་ཀྱི་སྤྱན་ལྡན་དུ་མས་ཀྱང་།།
ཁྱེད་ལ་གུས་ཤིང་བསྟོད་པའི་མེ་ཏོག་རྒྱུན་ཆད་མེད་པར་གཏོར་དེ་མཚར།།
དེ་ལ་འདིར་བསྟན་པ་སྤྱི་དང་བྱེ་བྲག་རྒྱལ་དབང་པདྨ་འབྱུང་གནས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་དུ་ཡུན་ནས་ཡུན་དུ་གནས་པའི་ཕྱིར་བསམ་བཞིན་སྲིད་པ་བཟུང་བའི་སྤྲུལ་པའི་སྐུ་ཆེན་པོ་འགྲོ་འདུལ་དཔའ་བོ་རྡོ་རྗེ་མཆོག་གི་རྣམ་པར་ཐར་པ་འདི་ཉིད་འཆད་པ་ལ།
དམ་པའི་ལུང་གིས་ཟིན་པ་ཇི་བཞིན་སྐུ་བལྟམས་པའི་མཛད་པ།
དེ་ཡང་རིག་འཛིན་བདུད་འདུལ་རྡོ་རྗེས། ད་ལྟའི་རཏྣ་ཤྲཱི་ཡང་༔ མ་འོངས་ཀཿཐོག་ཤར་ཕྱོགས་སུ༔ ཨ་ཡི་མིང་ཅན་འགྲོ་དོན་འབྱུང་༔ ཞེས་དང་། རིག་འཛིན་ཆེན་པོ་པདྨ་བདུད་འདུལ་གྱིས། ཟབ་རྒྱས་ཆོས་ཀྱི་སྒོ་འཕར་འགྱེད་པའི་ཚེ༔ གྲུབ་ཐོབ་རྨ་ཐོག་རིན་ཆེན་སྤྲུལ་པ་ནི༔ ཁྲ་གྱི་ཕྱོགས་སུ་ཟབ་གཏེར་བདག་པོ་འབྱུང་༔ དེ་དང་འཕྲད་ན་སྐལ་ལྡན་དཔག་མེད་གྲོལ༔ ཞེས་དང་།
གཞན་ཡང་མཆོག་གླིང་གི་རུ་དམ་ཟི་ཁྲོོམ་གནས་གྱི་མདོ་བྱང་ལས། ལས་ཅན་འབྲུག་གི་མིང་ཅན་གྱིས༔ ཟབ་མོའི་ཐུགས་གཏེར་ལྷོ་ནས་འགྱེད༔ སྦས་ཚུལ་རང་གཞན་དོན་གཉིས་སྤྱོད༔ ཅེས་པ་ལ་སོགས་པའི་རྡོ་རྗེའི་ལུང་གིས་ཡང་ཡང་བསྔགས་པ་ལྟར། སྤྱི་ལོ་ ༡༨༤༢ བོད་རྒྱལ་ལོ་ ༡༩༦༩ རབ་བྱུང་ ༡༤ ཆུ་སྟག་ལོར་རིགས་རུས་ཕུན་སུམ་ཚོགས་པ་ཡབ་བསོད་ནམས་རྒྱ་མཚོ་དང་ཡུམ་ཨ་ཀ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དེའི་ཚེ་བཀྲ་ཤིས་པའི་རྟགས་དུ་མ་བྱུང་ཡོད་དེ་གཟིམ་སྦྲ་ལ་འཇའ་ཚོན་ལན་མང་ཟུག་པ་དང་། ཞག་བདུན་གྱི་བར་དུ་སྐུ་ལུས་ལ་འོད་ཀྱི་སྣང་བ་དང་ལྡན་ཞིང་མཚན་ལ་གོས་ཀྱི་སྤུ་ཚུན་ཆད་བསལ་ནུས་པ་སོགས། སོ་སྐྱེ་རང་ག་བའི་སྤྱོད་ཡུལ་ལས་འདས་པའི་ངོ་མཚར་དུ་མ་དང་བཅས་པ་ནི། གང་སྐུ་ཟླ་གཞོན་གསར་པ་འཇིག་རྟེན་འདིར་ཇི་ལྟར་བྱོན་པའི་ཚུལ་མདོ་ཙམ་མོ།།
རང་གཞན་དོན་གཉིས་མཐར་ཕྱིན་པའི་མཛད་པ།
རྗེ་འདི་ཉིད་ཐོག་མར་དགུང་ལོ་བཞི་ལྔ་ཙམ་ནས་ཞེ་ཆེན་མ་ཧཱ་པཎྜི་ཏ་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་གྱི་སྐུ་དྲུང་དུ་བསྟན་པའི་ཆོས་སྒོར་ཞུགས་གནང་བ་དང་། སྐུ་ན་ཆུང་དུས་ནས་གཤིས་སྤྱོད་བཟང་ལ་བྱིས་པ་གཞན་ལས་ཁྱད་དུ་འཕགས་ཤིང་སྙིང་རྗེ་དང་ངེས་འབྱུང་སོགས་ཡོན་ཏན་དུ་མ་མངའ་བའི་སྐྱེས་བུ་ཆེན་པོ་གང་ཉིད་དགུང་ལོ་བཅུ་གཉིས་སྐབས་སུ་སི་ཏུ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས་མདུན་ནས་སྔོན་འགྲོ་རྡོ་རྗེ་སྙིང་པོའི་ཁྲིད་གསན་དུས་འཆི་བ་མི་རྟག་པའི་ཁྲིད་བར་དུ་གསུང་སྒྲོས་ཇི་ལྟ་བ་བཞིན་དུ་ཐུགས་སུ་མ་ཆུད་ཀྱང་དོན་གནད་གལ་ཆེན་ཕལ་ཆེ་བ་ལ་གོ་བ་རྣལ་མ་རེ་སྐྱེས། དེ་ནས་བཟུང་ཚིག་དོན་གཉིས་ཀ་བཀྲ་ལམ་མེར་ཐུགས་སུ་ཆུད་སྟབས། འཁོར་བའི་སྡུག་བསྔལ་གྱི་རང་བཞིན་ལ་ངེས་འབྱུང་ཤུགས་དྲག་པོ་འཁྲུངས་ནས། ཉིན་ལ་གསོལ་མི་བཞེས་པ་དང་། མཚན་ལ་མི་མནལ་བར་བཤུམས་ནས་བཞུགས་པའི་མཛད་པ་ཡང་ཡང་བསྟན་པས། གཞན་རྣམས་ཀྱི་བསམ་པར་སྐུ་ན་ཕྲ་བའི་རྐྱེན་གྱིས་མ་ཡུམ་དང་ཕ་ཡུལ་ཐུགས་ལ་བཅགས་པ་ཡིན་ལས་ཆེ་སྙམ་ནས། ཐུགས་གསོས་མང་པོ་ཕུལ་རུང་བཞིན་རས་ལ་འཛུམ་གྱི་སྣང་བ་ཆུང་ཙམ་ཡང་མི་མངོན་པར་མཛད།
དེ་ལྟར་སོ་ཐར་སྡོམ་པའི་ས་བོན་ཐུན་མོང་མིན་པ་རྒྱུད་ལ་འཁྲུངས་པའི་རྒྱུ་རྐྱེན་ལེགས་པོས་རྒྱན་བྱས་གཤིས། དམ་པ་ཉིད་ཀྱི་ཞལ་ནས་སྔ་མ་ཁོང་བཞུགས་སའི་ཡུལ་ལུང་དེར་མཁན་སློབ་མང་པོ་བཞུགས་མེད་པར་བརྟེན། ཚིགས་གསུམ་རིམ་ནོད་ལྟ་བུའི་སྡོམ་རྒྱུན་མ་ཐོབ་གསུངས་ཀྱང་། རྟེན་ཨུ་པ་སི་ཀའི་ཚུལ་དུ་བཞུགས་ནས། སྔར་རྒྱ་གར་འཕགས་པའི་ཡུལ་གྱི་སྟོན་པའི་རྗེས་འཇུག་རྣལ་མ་བཞིན། རྒྱུ་ནོར་སོགས་འཇིག་རྟེན་པའི་དངོས་པོ་ལ་ཞེན་པ་མི་གནང་ཞིང་། བག་ཡོད་དང་ལྡན་པའི་ཀུན་སྤྱོད་མངའ་བ་དང་། རྣམ་ཀུན་ཆོས་གོས་རྣམ་གསུམ་དང་འབྲལ་མེད་མཛད་པ། དུས་ཆེན་རྣམས་ལ་ཤ་ཆང་དང་ཕྱི་དྲོའི་ཁ་ཟས་མི་མཆོད་པ་སོགས་དུས་ཁྲིམས་ཡན་ལག་བརྒྱད་པའི་གསོ་སྦྱོང་རྒྱུན་པར་གནང་ཞིང་། གསོལ་ཚིགས་ཀྱང་སློང་བ་ལ་བརྟེན་ནས་འཚོ་ཞིང་བཞུགས་པ་སོགས་མཛད་པ་མང་། དུས་རྒྱུན་སོ་ཐར་སྡོམ་པ་འདི་བསྟན་པའི་འཇུག་སྒོ་དང་པོ་ཡིན་པས་གལ་ཆེ་ཚུལ་དང་། འདུལ་བ་གཞི་གསུམ་གྱི་ཆོ་ག་ལག་ལེན་གནང་མཁན་རྣམས་ལ་ཕྱག་ཐལ་མོ་སྦྱོར་བཞིན་རྗེས་སུ་ཡི་རང་ཁོ་ན་མཛད། འོན་ཀྱང་རྩ་བའི་བླ་མའི་བཀའ་ཡང་ནས་བསྐྱར་དུ་ཕེབས་པས་ཕྱིས་སུ་སྔགས་པའི་ཆ་ལུགས་མཛད་པ་ཡང་རང་རྣམ་དུ་གསལ་ལོ།།
གཞན་ཡང་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ནས་ཟབ་མོ་ལྟ་བའི་ལུགས་དང་། ཨོ་རྒྱན་མཁའ་མཉམ་གླིང་པའི་མདུན་ནས་རྒྱ་ཆེན་སྤྱོད་པའི་སྲོལ་གྱི་བྱང་སྡོམ་བཞེས། དེ་བཞིན་ཟབ་མོ་ལྟ་བའི་སྲོལ་རྗེ་ཨུ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་སོགས་ལས་ལན་གྲངས་དུ་མ་གསན་པར་མཛད་ཅིང་། དེ་དག་ཀྱང་སེམས་མཆོག་བསྐྱེད་པ་ཙམ་མིན་པར་ཚད་མེད་བཞིའི་བློ་སྦྱོང་གནད་དུ་སྨིན་པར་མཛད། བདག་གཞན་མཉམ་བརྗེ་དང་བདག་ལས་གཞན་གཅེས་པ་སྤྱོད་འཇུག་སོགས་དྲི་མེད་གཞུང་ཆེན་དག་ལས་གསུངས་པ་ལྟར་བློ་སྦྱོང་རྣམས་རྟག་ཏུ་ཉམས་བཞེས་མཛད་པས་སྐུ་ལུས་ཡན་སྦྱིན་པ་གཏོང་ཐུབ་ངེས་པ་ལ་ཐེ་ཚོམ་མེད་པ་བྱུང་། ཁྱད་པར་གསང་ཆེན་སྔགས་ཀྱི་སྒོར་ཞུགས་པ་ཡང་སི་ཏུ་རིན་པོ་ཆེ་ནས་ཀློང་གསལ་གཏེར་ཆོས་སྐོར་ཡོངས་རྫོགས་ཀྱི་སྨིན་གྲོལ་གསུང་ཐོར་བུ་དང་བཅས་པ། བདུད་འདུལ་ཕུར་པའི་དབང་ལུང་སོགས་དང་། རྒྱ་སྤྲུལ་མདོ་སྔགས་བསྟན་འཛིན། དབོན་སྤྲུལ་རིག་འཛིན་འཇིགས་མེད་རང་གྲོལ་བཅས་རྣམ་གཉིས་ལས་རཏྣ་གླིང་པའི་ཐུགས་སྒྲུབ་སྐོར། མ་ཏིའི་སེང་གདོང་། ཁྲིད་ཡིག་སངས་རྒྱས་ལག་འཆང་རྒྱས་འབྲིང་གཉིས་སོགས་སྨིན་གྲོལ་སྣ་ཚོགས་མཐའ་རྒྱས་སུ་ཟླ་བ་ལྔ་བར་གསན་པ་ལ་སོགས་པ་དང་།
ལྷག་པར་དུ་རྗེ་སི་ཏུ་རྡོ་རྗེ་འཆང་གིས་ཞལ་ཆེམས་གནང་བ་ལྟར་དིལ་མགོ་ཞབས་དྲུང་མཁྱེན་བརྩེ་ལས་གསན་བསམ་རྒྱ་ཆེར་མཛད། དེ་བཞིན་དུ་དཔལ་སྤྲུལ་རིན་པོ་ཆེའི་སྐུ་མདུན་ནས་སྙིང་ཐིག་གི་ལུགས་ལྟར་རྩ་རླུང་གི་སྐོར་སོགས་ཞུས། ཁྱད་པར་དུ་མགོན་པོ་གང་ཉིད་ཀྱིས་ང་ལ་གང་ཟག་མི་ཡི་བླ་མ་རྣམས་ཀྱང་བཀའ་དྲིན་ཚད་བཟུང་མེད་པ་ཡིན་མོད། བཀའ་དྲིན་འགྲན་ཟླ་དང་བྲལ་བ་ནི་ཀུན་མཁྱེན་བླ་མ་ཉིད་ཡིན་ཞེས་གསུངས་པ་ལྟར། ཕུན་ཚོགས་དགའ་ཚལ་དུ་བཞུགས་སྐབས་ཚེས་བཅོ་ལྔ་ཞིག་གི་དུས་སུ། མདུན་གྱི་ནམ་མཁར་ཀུན་མཁྱེན་འཇིགས་མེད་གླིང་པ་མངོན་སུམ་དུ་བཞུགས་ཡོད་པ་དང་འདྲ་བར་ཞལ་མཇལ་བ་དང་། ཞལ་ནས་བཞད་གད་ཆེན་པོ་ཞིག་མཛད་པས་དར་ཅིག་བརྒྱལ། བརྒྱལ་སངས་མ་ཐག་སྣང་བའི་བདེན་འཛིན་ཞིག་ནས་རིན་པོ་ཆེའི་གསེར་གླིང་དུ་ཕྱིན་པ་ལྟར། ཐེག་པ་དང་ལྟ་གྲུབ་གང་ལའང་འགྲམ་ཆུ་ལྡང་མི་དགོས་པར་གུ་ཡངས་བློ་བདེའི་རྣལ་འབྱོར་དུ་གྱུར།
དེ་ཡང་རྨི་ལམ་ཟ་ཟི་ཙམ་མ་ཡིན་པར་རིག་འཛིན་འཇིགས་མེད་གླིང་པས་མངོན་སུམ་རྗེས་སུ་བཟུང་སྟེ་གཞི་ལམ་འབྲས་བུ་དབྱེར་མེད་དུ་ངེས་ཤེས་རྙེད་པ་སོགས། མདོར་ན་རིགས་བདག་རྩ་བའི་བླ་མ་ཐུན་མོང་མ་ཡིན་པ་ནི་ཀུན་མཁྱེན་རང་བྱུང་རྡོ་རྗེ་ཁོ་ནར་བསྟེན་པས། འོད་གསལ་སྙིང་ཐིག་གི་བརྒྱུད་པ་ལ་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ཡོད་པ་ལས། གཉིས་ཀ་ལ་རྗེ་དེ་ཉིད་བཟང་ཚུལ་ཉིད་ཀྱིས་ཞལ་བཞེས་གནང་བ་ཡང་དོན་ལ་གནས་པའོ། །དེ་ཙམ་མ་ཟད་འཇུག་སྒོ་སྨིན་བྱེད་རྒྱབ་རྟེན་གྲོལ་ཁྲིད་དང་བཅས་པ་ཡོངས་འཛིན་དུ་མའི་མདུན་ནས་གསན་བཞེས་མཛད། དེ་དག་ཀྱང་གསན་ལོ་ཙམ་མིན་པར་ཐུགས་ཉམས་དཔྱིས་ཕྱིན་པ་གནང་བར་བརྟེན། སྣང་སེམས་རང་དབང་ཐོབ་པའི་འབྲས་རྟགས་སུ་རྡོ་ལ་ཞབས་རྗེས་དང་ཕྱག་རྗེས་བཞག་གནང་བ། གདན་ས་ཕུན་ཚོགས་དགའ་ཚལ་གྱི་གཡས་ཕྱོགས་བྲག་སྟེང་དམ་སྲིའི་སྙིང་ལ་གཟིར་བའི་ཤིང་ཕུར་བཏབ་པ་སོགས། ད་ལྟ་རྡིལ་འབུམ་སྤུངས་ན་མཇལ་རྒྱུ་ཡོད་རབས་འདུག དེ་དང་དེས་མཚོན་པའི་དད་ལྡན་མང་པོས་དངོས་སུ་མྱོང་རོལ་བྱེད་ནུས་པའི་ཡ་མཚན་ཅན་གྱི་རྟགས་མཚན་དུ་མ་བསྟན་པར་གནང་ངོ་།།
དེ་ལྟར་ཉམས་རྟོགས་ཀྱིས་ཕྱུག་པའི་སྐྱེས་བུ་ཆེན་པོ་འདིས་རང་དོན་ཁོ་ནར་དགོངས་ནས་མ་བཞུགས་པར་གཞན་དོན་བླ་ལྷག་ཏུ་བསྐྱངས་པ་ཡང་། རྗེ་འདི་ཉིད་ཀྱི་རྣམ་ཐར་རྒྱས་པ་རྣམས་སུ་གསལ་བ་ལྟར། སི་ཁྲོན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་རྩོོམ་སྒྲིག་ཁང་ནས་བསྡུ་སྒྲིག་གནང་བའི་གསུང་འབུམ་པོད་བཅུ་ཐམ་པ་བདག་ཅག་གདུལ་བྱ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་བཞུགས་ཡོད་པ་དེ་ག་ལགས། དེ་དག་ལས་མང་པོ་ཞིག་གཏེར་ཆོས་ཡིན་པ་དང་འགའ་རེ་ཞལ་གསུང་དངོས་ཡིན་པར་གསལ། དེས་མ་ཚད་བླ་མ་མཚན་ཉིད་དང་ལྡན་པ་རྣམས་ལ་སློབ་མ་ཡང་དེ་མཚུངས་བྱུང་དང་འབྱུང་གི་ཡོད་པ་ལྟར། ཡབ་རྗེ་འདི་ཉིད་ལའང་དོན་གཉིས་ཐར་ཕྱིན་པའི་སློབ་མ། ཀཿཐོག་སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ། སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ། ཞེ་ཆེན་རབ་འབྱམས་རིན་པོ་ཆེ། རྒྱལ་ཚབ་རིན་པོ་ཆེ་འགྱུར་མེད་པདྨ་རྣམ་རྒྱལ། དཔལ་ཡུལ་སྐུ་ཆེན་རིན་པོ་ཆེ་ཀརྨ་འགྱུར་མེད། གྲུབ་དབང་རིན་པོ་ཆེ་པདྨ་ནོར་བུ། ངོར་མཁན་པོ་ཐར་རྩེ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན། ཁྱུང་སྤྲུལ་པདྨ་དབང་ཆེན། བྱ་བྲལ་བ་ཆོས་དབྱིངས་རང་གྲོལ། བོན་པོ་ཕྱོགས་སྨན་རྒྱལ། དགེ་བཤེས་བློ་བཟང་ཚེ་རིང་ལ་སོགས་པ་བོད་གངས་ཅན་ལྗོངས་དང་རྒྱ་བལ་འབྲུག་སོགས་ནས་དམ་པའི་ཆོས་ཀྱི་བདུད་རྩི་ལ་ཐོས་བསམ་ཚུལ་བཞིན་དུ་གནང་མཁན་གྱི་སློབ་མ་གྲངས་ལས་འདས་པ་བྱུང་ཡོད་པ་དག་ལས་འགའ་ཤས་ཤིག་ནས་ཆོས་གནང་ཞུ་གཉིས་ཀ་མཛད་ཡོད་ཀྱང་འདིར་ཡིག་ཚོགས་ལ་དོགས་ནས་མ་སྨོས་སོ།།
མཐར་གདུལ་བྱའི་བསོད་ནམས་ཀྱིས་མ་བཟོད་པར་སྐུ་གཞན་དུ་གཤེགས་ཚུལ།
དེ་ལྟར་བསྟན་དང་འགྲོ་བའི་དོན་བླ་ན་མེད་པ་མཐར་ཕྱིན་རྗེས། སྐུ་གཤེགས་ལ་ཉེ་དུས་རང་གཞན་སུ་ལའང་དམ་ཚིག་ཉམས་པའི་མི་གཅིག་ཀྱང་མེད་པས་གཤེགས་དགའ་བཞུགས་སྐྱིད་ཟེར་བ་དེ་ཡིན། ད་ནི་རྒད་པོ་འགྲོ་བ་དགའ། བར་སྲིད་ཀྱི་འགྲོ་བ་དུང་ཕྱུར་གསུམ་འདྲེན་རྒྱུར་གུ་རུས་ལུང་བསྟན་ཡོད་གསུངས། གཞན་ཡང་སྒྱུ་འཕྲུལ་ཞི་བ་དང་ཁྲོ་བོའི་གཟུགས་སྐུའི་བཀོད་པ་དང་། རྡོ་རྗེ་ཕུར་པའི་ལྷ་ཚོགས། མ་དང་མཁའ་འགྲོའི་བསུ་མ་སོགས་ཕེབས་པའི་གཟིགས་སྣང་ཟུར་ཙམ་རེ་གསུངས་རྗེས་གཞན་གསུང་གླེང་ཆེར་མི་གནང་བར་བཞུགས་པ་དང་དུས་མཚུངས། ཤང་སྒྲོམ་ནས་འོད་ཀྱི་གོང་བུ་སྲན་མའི་ཚད་ཙམ་ཁྲ་ཉི་ལི་ལི་བྱུང་བ་དང་། དངོས་པོ་ཐོགས་རེག་ཅན་མིན་པའི་འོད་དཀར་དུམ་བུ་དུམ་བུ་དུ་མ་བྱུང་བ་དང་བཅས། སྤྱི་ལོ་ ༡༩༢༤ ལོར་འོད་གསལ་ཆོས་སྐུའི་ཀློང་དུ་གཟུགས་སྐུའི་རྣམ་རོལ་བསྡུས་པ་ལགས་སོ།།
དེ་ལྟར་འབད་པས་དགེ་བ་ཆུང་ངུ་འདི།།
འགྲོ་རྣམས་བླ་མེད་མཆོག་གི་རྣམ་ཐར་ལ།།
ཡིད་ཆེས་དད་པའི་ས་བོན་རིན་པོ་ཆེ།།
ད་ལྟ་ཉིད་དུ་སྐྱེ་བའི་རྒྱུ་རུ་བསྔོ།།
རྩོམ་སྒྲིག་པའི་གསལ་བཤད།
རྣམ་ཐར་འདི་ཉིད་སི་ཁྲོན་བོད་ཡིག་དཔེ་རྙིང་འཚོལ་བསྡུ་རྩོོམ་སྒྲིག་ཁང་ནས་བསྒྲིགས་པའི་རྣམ་ཐར་ཞལ་གསུང་མ་དང་། རྣམ་ཐར་སྐལ་བཟང་ཡིད་ཀྱི་གདུང་སེལ་གཉིས་ལ་གཙོ་བོར་ཁུངས་བཅོལ་བ་ཡིན་ལ་ཡི་གེ་འགའ་ཤས་མ་དཔེ་ཇི་བཞིན་ཚིག་གི་འབྲུ་དང་བཅས་པ་སོར་བཞག་བྱས་ཡོད།