༣༦༽མངོན་བརྗོད་ལས་ཉེ་བར་མཁོ་བའི་མིང་གི་རྣམ་གྲངས་འགའ་ཞིག

རྩོམ་སྒྲིག་པ།

བྱུ་རུའི་མིང་།
ལུས་དམར་འདབ་དང་དཔལ་མེ་ཏོག།
རིན་ཆེན་སྡོང་པོ་བྱུ་རུའི་མིང་།།
༡. ལུས་དམར་འདབ། བྱུ་རུའི་དབྱིབས་ཤིང་གི་ཡལ་འདབ་དང་འདྲ་ཞིང་ཁ་དོག་དམར་པོ་ཤས་ཆེ་བས་ནའོ།།
༢. དཔལ་མེ་ཏོག ཁྱད་དུ་འཕགས་པའི་མེ་ཏོག་དམར་པོའི་ཁ་དོག་གི་ཡོན་ཏན་ནམ་དཔལ་དང་ལྡན་པས་དཔལ་མེ་ཏོག་གོ།
༣. རིན་ཆེན་སྡོང་པོ། རིན་པོ་ཆེའི་རིགས་སུ་གཏོགས་ཤིང་དབྱིབས་སྡོང་པོ་ལྟར་གྲུབ་པས་སོ། །སྤྱིར་བཏང་བྱུ་རུ་ནི་རིན་པོ་ཆེའི་རིགས་ཏེ། རྒྱ་མཚོར་གནས་པའི་སྲོག་ཆགས་ཤིག་ལས་རྡོ་ཞུན་གྱི་ཁུ་བ་ཟགས་པ་ལས་གྲུབ་པའི་རུས་པ་ཞིག་ཡིན་པར་བཤད། མདོག་ནི་དཀར་པོ་དང་། དམར་པོ། ནག་པོ་བཅས་རིགས་གསུམ་མཆིས་སོ།།

བཞོན་པའི་མིང་།
ཁྱོགས་དང་ཐེགས་པ་བཞོན་པའི་མིང་།།
༡. ཁྱོགས། བཞོན་པས་ཅ་དངོས་སོགས་ཅི་ཡང་ཁྱོགས་པས་སོ།།
༢. ཐེགས་པ། བཞོན་པས་ཅ་དངོས་སོགས་བཏེག་ན་ཐེགས་པས་ནའོ།།

རྐང་དམག་མིང་།
མཚོན་ཆས་འཚོ་བ་དཔུང་བུ་ཆུང་།།
ལུས་ཀྱིས་རྒོལ་བ་རྐང་དམག་མིང་།།
༡. མཚོན་ཆས་འཚོ་བ། མདའ་གྲི་ལ་སོགས་པའི་མཚོན་ཆ་ལ་བརྟེན་ནས་འཚོ་བར་བྱེད་པའི་རྒྱུ་མཚན་དུ་བྱས་ཏེ་བཏགས་སོ།།
༢. དཔུང་བུ་ཆུང་། རྟ་དང་གླང་པོ་དང་། ཤིང་རྟ་དང་རྐང་ཐང་གི་དམག་བཅས་དཔུང་ཚོགས་ཡན་ལག་བཞི་ཡི་ནང་ནས་མཐའ་མ་ཡིན་པའི་ཆ་ནས་དཔུང་བུ་ཆུང་ཞེས་སོ།།
༣. ལུས་ཀྱི་རྒོལ་བ། ལུས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དགྲ་བོར་འཐབ་ཅིང་རྒོལ་བས་ནའོ།།

རྨོག་གི་མིང་།
་་་་་་་་་་རྨོག་ལ་ནི།།
ལྕགས་ཞུ་མགོ་སྐྱོབ་ཡ་ལད་ཟེར།།
༡. ལྕགས་ཞུ། རྒྱུ་ལྕགས་ཞུས་པ་ལས་བཟོས་ཤིང་དམག་འཁྲུག་སོགས་ཀྱི་སྐབས་སུ་མཚོན་ཆ་འགོག་བྱེད་ཀྱི་ཞྭ་མོའོ།།
༢. མགོ་སྐྱོབ། མགོ་བོ་སྲུང་ཞིང་སྐྱོབ་པར་བྱེད་པའི་ཞྭ་ཡིན་པས་མགོ་སྐྱོབ་ཅེས་བཏགས་སོ།།
༣. ཡ་ལད། རྨོག་དང་གོ་ཆའི་མིང་གི་རྣམ་གྲངས་ཡིན། ཡ་ལད་བཙན་པོ་ལུས་ལ་གྱོན། ཅེས་པ་ལྟ་བུའོ།།

དཔའ་བོའི་མིང་།
སྟོབས་ཆེན་གྱད་མི་ཕ་རོལ་གནོན།།
བརྟུལ་ཕོད་བསྙེངས་བྲལ་གཡུལ་ངོར་བརྟན།།
གཏུམ་པའི་དཔུང་ཅན་དཔའ་བོའི་མིང་།།
༡. སྟོབས་ཆེན། སྙིང་སྟོབས་ཆེན་པོ་དང་ལྡན་པས་སྟོབས་ཆེན་ཞེས་དཔའ་བོའི་མིང་དུ་བརྗོད་ཅིང་། ཤེད་དང་ནུས་པ་ཤིན་ཏུ་ཆེ་བས་སོ།།
༢. གྱད་མི། དཔའ་རྩལ་ལྡན་ཞིང་དཔུང་ཤུགས་ཧ་ཅང་ཆེ་བས་ནའོ།།
༣. ཕ་རོལ་གནོན། ཕ་རོལ་དགྲ་བོ་སོགས་རྣམ་པར་གནོན་པ་ལ་བག་མི་ཚ་ཞིང་ཞུམ་པ་མི་མངའ་བའི་སྙིང་སྟོབས་ཅན་ཡིན་པས་སོ།།
༤. བརྟུལ་ཕོད། དཔའ་རྩལ་ལྡན་ལ་འཇིགས་པ་མེད་པར་སྙིང་སྟོབས་ཆེ་བས་ནའོ།།
༥. བསྙེངས་བྲལ། འཇིགས་པ་དང་བྲལ་ཞིང་བློ་ཁོག་ཤིན་ཏུ་ཆེ་བས་སོ།།
༦. གཡུལ་ངོར་བརྟན། གཡུལ་ངོའམ་དམག་འཁྲུག་རྒྱག་སར་བློ་རྩ་རབ་ཏུ་བརྟན་པས་སོ།།
༧. གཏུམ་པའི་དཔུང་ཅན། ཁྲོ་བའི་རང་བཞིན་ཅན་གྱི་དཔུང་དང་ལྡན་པས་སོ།།

གཡུལ་འགྱེད་ཀྱི་མིང་།
འཁྲུག་འཛིང་འཐབ་རྩོད་གཡུལ་འགྱེད་དེ།།
༡. འཁྲུག་འཛིང་། གཡུལ་ངོར་ཕན་ཚུན་འཁྲུག་ཅིང་འཛིང་རེས་བྱེད་པས་སོ།།
༢. འཐབ་རྩོད། ཕྱོགས་གཉིས་ཕན་ཚུན་མི་མཐུན་པར་འཐབ་ཅིང་རྩོད་པར་བྱེད་པས་སོ།།

བྲོས་པའི་མིང་།
ཞོགས་འུར་བྱེར་འཁྱུས་བྲོས་པའི་མིང་།།
༡. ཞོགས་འུར། འདྲོགས་ནས་བྲོས་པ་ལ་ཞོགས་འུར་ཞེས་བྱའོ།།
༢. བྱེར་འཁྱུས། དཔུང་ཚོགས་ལོགས་སུ་བསྐྱུར་ནས་ཁ་འཐོར་དུ་བྲོས་ཕྱིན་པའི་དོན་ནོ།།

འཇིགས་སྐྲག་གི་མིང་།
བརྒྱལ་མྱོས་བོག་རྨོངས་འཇིགས་སྐྲག་སྟེ།།
༡. བརྒྱལ་མྱོས། འཇིགས་སྐྲག་སྐྱེས་ནས་བརྒྱལ་ཞིང་མྱོས་པའོ།།
༢. བོག་རྨོངས། འཇིགས་ནས་མགོ་བོ་རྨོངས་པར་གྱུར་པའམ་འཐོམས་པའོ།།

བསད་པའི་མིང་།
བསྒྲལ་བ་བཀུམ་པ་བསད་པའི་མིང་།།
༡. བསྒྲལ་བ། རྟོགས་པ་དང་ལྡན་པའི་བླ་མས་ཞིང་བཅུ་ཚང་བའི་བསྟན་དགྲ་བསད་པའམ་བསྒྲལ་བའི་དོན་ནོ།།
༢. བཀུམ་པ། བསད་པའི་དོན་ལ་འཇུག་པའི་འགུམ་པའི་འདས་པའི་བྱ་བའི་མིང་སྟེ། ལྐོག་གསོད་པས་རྒྱལ་པོ་བཀུམ་པ་ལྟ་བུའོ།།

རོ་ཡི་མིང་།
སྲོག་བྲལ་ཕུང་པོ་རོ་ལ་སྟེ།།
༡. སྲོག་བྲལ། ཚེ་སྲོག་དེ་ཉིད་ལུས་ཅན་གྱི་དྲོད་དང་རྣམ་ཤེས་ཀྱི་རྟེན་དུ་གྱུར་པའི་དབང་པོ་དང་བྲལ་བས་སོ།།
༢. ཕུང་པོ། དྲོད་དང་རྣམ་ཤེས་ཡལ་ནས་ས་རྡོའི་ཕུང་པོ་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས་རོ་ལ་ཕུང་པོ་ཞེས་བྱའོ།།

རྒྱལ་བའི་མིང་།
བྱུས་ལེགས་གཡུལ་ལས་རྒྱལ་བའི་མིང་།།
༡. བྱུས་ལེགས། ཐབས་ཇུས་ལེགས་པ་ལ་བརྟེན་ནས་དགྲ་སྡེའི་གཡུལ་ལས་རྣམ་པར་རྒྱལ་བས་ན་དེ་ལྟར་བརྗོད་པ་ཡིན་ནོ།།

རང་ཕྱོགས་མིང་།
ཡིད་གཅུགས་མཛའ་བཤེས་ཁོན་མེད་ཟུན།།
གྲོགས་པོ་བློ་ཉེ་རང་ཕྱོགས་མིང་།།
༡. ཡིད་གཅུགས། ནང་ཕན་ཚུན་བློ་ཡིད་མཐུན་པའི་གྲོགས་སུ་གྱུར་པས་དེ་ལྟར་བཏགས།
༢. མཛའ་བཤེས། མི་མཐུན་པ་མེད་པར་སྙིང་ཉེ་བའམ་སྤུན་མཆེད་ལྟ་བུའི་ཕན་ཚུན་བརྩེ་བ་དང་ལྡན་པའོ།།
༣. འཁོན་མེད། སྔར་གྱི་གནོད་འཚེ་ལ་འཁོན་འཛིན་མེད་པར་མཛའ་གྲོགས་སུ་གྱུར་པས་སོ།།
༤. ཟུན། གཉེན་གྱི་མིང་གི་རྣམ་གྲངས་ཏེ། དཔེར་ན། དགྲ་ཟུན་གཉིས་ཀྱི་དབྱེ་བ་འབྱེད་ཤེས་པ་ལྟ་བུའོ།།
༥. གྲོགས་པོ། ཕན་ཚུན་ལ་ཆ་རྒྱུས་དང་མཛའ་སེམས་ཡོད་ཅིང་ཡིད་མཐུན་པས་སོ།།
༦. བློ་ཉེ། གྲོགས་ཕན་ཚུན་བློ་ཐག་ཉེ་བས་ན་བློ་ཉེ་ཞེས་བརྗོད་དོ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།