འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ།
དེ་ནས་བུད་མེད་ཀྱི་རྟགས་སུ་བསྒྲུབ་པའི་རྐྱེན་ནི་ཨ་ཐུང་ཨཱཔ྄་འཇུག་སྟེ་པ་རྗེས་འབྲེལ་ཕྱིས་མཚམས་སྦྱར། བྷཊྚ་རཀཱ། རྗེ་བཙུན་མ། ཏཱ་རཱ། སྒྲོལ་མ། ཨ་ཛ་སོགས་ལའང་ཨཱཔ྄་འཇུག་སྟེ། ཨ་ཛཱ། ར་མ། ཀོ་ཀི་ལཱ། ཁུ་བྱུག་མོ། པ་ཙི་ཀཱ། འཚེད་པ་མོ། ཤྲཱུདྲཱ། དམངས་མོ་སོགས་སོ། །ན་མཐའ་རམཐའ་ཨ་ཎ་མཐའ་རྣམས་ལ། ཨཱིཔ྄་འཇུག་སྟེ། དཎྜིན྄་ལ། དཎྜི་ནཱི། དབྱུག་པ་ཅན་མ། དནྟི་ནཱི། སོ་ཅན་མ། རཱ་ཛན྄་ལ། རཛྙཱི། ཨཏ་དབྱིའོ། །ཤུ་ནཱི། ཁྱི་མོ་སོགས་སོ། །ཀརྟ྄ལ། ཀརྟ྄ཱ། བྱེད་པ་མོ་སོགས་སོ། །ཨ་ན་མཐའ། བུ་རྒྱུད་ཀྱི་རྐྱེན་ཏེ། ཨཽ་པ་ག་བ་ལ། ཨཽ་པ་ག་བཱི། ཉེ་བའི་བ་ཡང་མ། ཡུ་བན྄་ལ། ཡཱུ་ནཱི། ཡཱུ་ནཱི། ལང་ཚོ་མ། བྷ་ག་བ་ཏཱི། བཅོམ་ལྡན་འདས་མ་སོགས་སོ། །གཞན་ཡང་། ན་དཱི། གཙང་པོ། གཽ་རཱི། དཀར་མོ། ཨིནྡྲ་སོགས་ལ་ཨཱ་ནཱིཔ྄་འཇུག་སྟེ། པ་ཕྱིས། ཨིནྡྲཱ་ཎི། དབང་མོ། རུ་དྲཱ་ཎི། དྲག་མོ། པཏྣཱི་ལ་སོགས་པའི་སྒྲ་ཚིག་ཕྲད་དུ་བྱས་པ་སྟེ། པནྟཱི། བྲམ་ཟེའི་ཆོ་ག་བྱས་པའི་བུད་མེད་དོ། །ས་ཁཱི། གྲོགས་མོ། ཡུ་བ་ན྄་ལ་བུད་མེད་ཀྱི་རྐྱེན་དུ་ཏི་འཇུག་སྟེ། ཡུ་བ་ཏིཿ ལང་ཚོ་ཅན་མ་ལྟ་བུའོ། །མི་ཡི་རིགས་བརྗོད་པའི་ཨུ་མཐར་ཨཱུ་བྱིན་པས། བནྡྷཱ། རྩ་ལག་མའམ་གཉེན་མ། ཀུ་རཱུ། སྒྲ་ངན་མ་ལྟ་བུའོ། །མི་རིགས་ཡིན་ན་མི་འགྱུར་རོ། །བུད་མེད་ཀྱི་ཨཱཔ྄་དང་ཨཱིཔ྄་མཐའ་ལས་རྟག་ཏུ་སི་དབྱིའོ། །བུད་མེད་ཀྱི་རྟགས་སུ་བསྒྲུབས་པའི་རྐྱེན་རྣམས་བྱིངས་ལས་མིང་དུ་བསྒྲུབ་པ་ཀྲ་ཏ྄་རྐྱེན་དང་། མིང་ལས་མིང་གི་ཁྱད་པར་བསྒྲུབ་པའི་དེ་ཕན་གྱིས་བསྒྲུབ་པའི་མཐའ་རྣམས་མོ་རྟགས་སུ་བྱེད་པ་ཡིན་ལ། ཀྟི་ན་སོགས་ཀྲ་ཏ་རྐྱེན་ལས་མོ་རྟགས་སུ་གྲུབ་ཟིན་པ་ཕལ་ཆེར་དང་། བིདྱུ་ཏ྄། གློགས་སོགས་དང་། མཱ་ཏྲི་མ་ཡི་མིང་སོགས་རང་བཞིན་གྱི་མོ་རྟགས་སུ་གནས་པ་མང་པོ་ཞིག་ལ་མོ་རྟགས་ཀྱི་རྐྱེན་གསར་དུ་མི་དགོས་སོ། །དེས་ན་མོ་རྟགས་ཀྱི་རྐྱེན་འདི་རྣམས་དེ་ཕན་གྱི་རྐྱེན་དང་ཆ་འདྲ་ཡང་དེར་མི་གཏོགས་ཏེ། དེ་ཕན་རྐྱེན་རྟགས་མཐར་སུཔ྄་རྐྱེན་སྦྱར་བར་འཇུག་ལ། འདི་དག་སུཔ྄་མེད་པའི་རྟགས་མཐར་ཡང་འཇུག་པས་སོ། །མོ་རྟགས་ཀྱི་རྐྱེན་ཙནྡྲཱ་པ་ལྟར་ན། དཱིཔ྄། ཌཱཔ྄། དཱིཥ྄། ཨཱུད྄། ཙཔ྄། ཏིང྄་། དྲུག་གོ། །ཥྥ་དང་། ཥྱང྄་། གཉིས་དཱིཔ྄་དང་ཙས྄་དག་དང་འབྲེལ་བའི་བར་རྐྱེན་ཡིན་པས་སོགས་སུ་མི་བརྩིའོ། །ཞེས་གསུངས་སོ།།
རྣམ་དབྱེ་འདི་དག་འཇུག་ཡུལ་ལམ་དོན་ནི། ཆོས་དངོས་ལས་དང་བྱེད་པ་དང་། །ཆེད་དོན་འབྱུང་ཁུངས་འབྲེལ་པ་དེར། །གནས་གཞི་དང་ནི་བདུན་པོ་ལ། །དེ་དག་སོ་སོར་འཇུག་པ་ཡིན། །ཞེས་པ་ལྟར་ལ་དམིགས་བསལ་དུ། ཀ་ཊཾ་ཀ་རོ་ཏི། རྩ་ལྷས་བྱེད་དོ་ལྟ་བུ་རྩ་ལས་སྔོན་མེད་གསར་དུ་བྱེད་པ་ལས་སུ་བྱ་བའི་དོན་ཡིན་པས་གཉིས་པ་ཨམ྄་སྦྱར་བས་རྩ་ལྷས་ལ་བྱེད་དོ་ལྟ་བུར་འབྱུང་ཡང་དང་པོའི་དོན་དུ་གོ་དགོས་པ་སོགས་དེ་འདྲ་དུ་མ་དང་། གྲོང་ལ་ཆུ་འབབ། ལྷས་བྱིན་ལ་སྐྱོན་ཡོད། གྲོང་ལ་འཁྲིས་ནས་འཁྲིས་སུ་ནོར་ཡོད་ལྟ་བུ། ཟླ་བ་གཅིག་ལ་ཀློག རྒྱང་གྲགས་ལ་རི་ཡོད་ལྟ་བུ་རྟེན་གནས་ཀྱི་དོན་ལ་གཉིས་པ་སྦྱར་བ་དང་། སྟོང་ཉིད་བསྒོམ་པ་བྱ་བ་ཀུན་ཀྱི་མཆོག །ཚངས་པ་ནི་ཀུན་གྱི་མཆོག་ལྟ་བུ་དགར་བའི་དོན་ལ་ཀུན་ལས་མཆོག་ཅེས་ལྔ་པ་འཇུག་ཀྱང་དྲུག་པ་སྦྱར་ནའང་དོན་འདྲ་བ་དང་། བྱེད་པོ་དང་བྱས་པའི་དོན་ལ་གསུམ་པ་འཇུག་ཀྱང་། བྱཱས་སྱ་ཀྲ་ཏི῝རྒྱས་པས་བྱས་པ། ནཱ་གརྫུན་སྱ་ཀྲ་ཏི། ཀླུ་སྒྲུབ་ཀྱིས་མཛད་པ་ཞེས་འབྲེལ་སྒྲ་སྦྱོར་ཏེ་གཞུང་དེ་བྱེད་པ་པོ་དེའི་ཡིན་པའི་ཕྱིར་རོ། །བྷ་ར་ཏ་ལ་ས་ཐོས་ཞེས་པ་ལ། བྷ་ར་ཏ་ཡིས་ཐོས་ཞེས་པ་དང་། ཕ་མ་དྲན་པ་ལ་ཕ་མ་ཡི་དྲན་ནོ་ཞེས་དང་པོའི་དོན་ལ་དྲུག་པ་སྦྱར་བ་འདི་ཡང་རྣམ་དབྱེ་དང་པོ་དང་འདྲ་བར་གོ་དགོས་ཏེ། དེ་དང་འབྲེལ་བ་ཙམ་ལས་གཞན་མེད་པར་གོ་དགོས་ཏེ་མདོ་རྣམས་སུའང་དེ་འདྲ་དུ་མ་ཡོད་དོ། །རྒྱུ་མཚན་གྱི་དོན་ལ་རྣམ་དབྱེ་གསུམ་པ་ནི་འཇུག་པ་ནི། བྱས་པས་མི་རྟག་གོ་ཞེས་སམ། བྱས་པ་ལས་མི་རྟག་གོ་ཞེས་པ་ལྟ་བུ་སྟེ་ཕྱིར་ཞེས་པའི་སྒྲ་མེད་ཀྱང་འདིས་གོ་ཆོད་དོ། །འཇིགས་པའི་ཡུལ་ལའང་སྟག་ལས་སྐྲག་གོ་ལྟ་བུ་སོགས་དང་། སློབ་མ་བུ་དང་འདྲ་ཞེས་པར་བུས་དང་འདྲ། འཁོར་བ་སྙིང་པོ་མེད་ལ། སྙིང་པོས་མེད། མིག་གིས་ཞར་བ། རྐང་པས་འཐིང་བ། ལུས་ཀྱིས་ལག་པ་བཞི་པ་ལྟ་བུ་སོགས་དང་པོའི་དོན་ལ་གསུམ་པ་ཐོབ་པ་ཡོད་པ་དང་། གང་གིས་སྐྱེ་དགུ་བསྐྱེད་པ་ལ། གང་ལས་ཞེས་ལྔ་པ་སྦྱར་བ་དང་། ཉེ་བསྒྱུར་ཨཱད྄་མཚམས་འཛིན་པའི་དོན་ཅན་དུ་གྱུར་པ། འདི་ཚུན་ཆད་དུ་ཞེས་པ་ལ། འདི་ཚུན་ཆད་ལས་ཞེས་དང་། བྱང་ཆུབ་བར་དུ་ཞེས་པ་ལ། བྱང་ཆུབ་བར་ལས་ཞེས་ལྔ་པ་སྦྱར་བ་དང་། ཁྲོ་བ་ལ། གྲོགས་ལས་འཁུ་བ། ཡོན་ཏན་ཅན་ལས་སྐྱོན་འདོགས་པ་ལྟ་བུ་གཉིས་པའི་དོན་ལ་ལྔ་པ་སྦྱར་བ་དང་། ཁང་བཟང་ལས་བལྟ། གདན་ལས་བལྟ་ཞེས། ཁང་བཟང་གི་སྟེང་ནས་བལྟ་བ་དང་། གདན་ལ་འདུག་བཞིན་ལྟ་བའི་དོན་དུ་ལྔ་པ་སྦྱར་བ་དང་། པགས་པ་ལ་གཟིག་གསོད། ལྟ་བུ་པགས་པའི་ཆེད་དུ་གསོད་པའི་བཞི་པ་ལ་བདུན་པ་སྦྱར་བ་དང་། ཡུལ་གྱི་དོན། རྟོག་གེ་ལ་སྤྱང་པོའམ་ཅི། ལྟ་བུ་བདུན་པ་སྦྱར་བ་དང་། ངག་མི་ཉན་པའམ་མ་གུས་པའི་དོན་ལ་དྲུག་པའམ་བདུན་པ་འཇུག་པ། མང་པོའི་ཅ་ཅོ་ཡི་རྐུན་མ་བྲོས། ཅ་ཅོ་ལ་རྐུན་མ་བྲོས། ཞེས་དང་། གསུམ་པའམ་ལྔ་པ་རྒྱུ་མཚན་གྱི་དོན་ལ་དེ་ལྟར་དྲུག་པ་བདུན་པ་དང་དྲུག་པ་འཇུག་པ་དང་། ཕ་མ་ངུ་བ་ལ་བུ་གཞན་དུ་སོང་ཞེས། ཕ་མ་ངུ་ཡང་མ་ཉན་པར་སོང་བ་ལྟ་བུ་སོགས་དམིགས་བསལ་གྱིས་འཇུག་པ་དུ་མ་ཡོད་ལ། གལ་ཏེ་དོན་དེ་ལ་རྣམ་གཉིས་གཉིས་ཐོབ་པ་ལྟ་བུ་ལ་ཕྱི་མ་བཙན་པར་བྱས་ནས་སྦྱར་བར་བཤད་དོ།།
སྒྲ་ཡི་སྡེབ་སྦྱོར་གྱི་ཚུལ་ལུགས་གཞན་ཞིག་ལས་ནི་རྣམ་དབྱེ་རྣམས་ངེས་མེད་སྣ་ཚོགས་སུ་སྦྱར་བའང་ཡོད་དོ། །དེ་ཡང་དྲུག་སྒྲ་མ་གཏོགས་རྣམ་དབྱེ་གཞན་དྲུག་ལ་བྱེད་ཅན་དྲུག་ཅེས་བྱ་སྟེ། དེ་དག་སོ་སོ་ལ་བྱ་བྱེད་ལས་གསུམ་གྱི་རྣམ་གཞག་སྦྱར་དུ་ཡོད་ལ། འབྲེལ་པ་སྟོན་པ་རྣམ་དབྱེ་དྲུག་པའི་སྒྲ་ནི་དངོས་པོ་དེ་གཉིས་འབྲེལ་བ་ཙམ་ལས་བྱེད་པོ་དང་ལས་སུ་བྱ་བའི་ཐ་སྙད་མེད་དོ། །མདོ་སྡེ་རྣམས་ལས། ཡོན་ཏན་ཀུན་གྱི་མཆོག་མངའ་རྒྱ་ལ་དེ་སྐད་གསུངས་ཞེས་པ་ལྟ་བུ་ལ། རྒྱལ་བས་ཞེས་བྱེད་ཚིག་མ་སྦྱར་བ་ནི་བརྡ་སྤྲོད་པའི་ལུགས་ལས་རྒྱལ་པོ་སོགས་གཙོ་བོ་སོགས་ལ་བྱེད་ཚིག་དངོས་སུ་མི་སྦྱར་ཞིང་འཁོར་རྣམས་ལ་སྦྱར་བའི་སྲོལ་ཡོད་པ་ལྟར་མདོ་རྣམས་སུ་ཡང་སངས་རྒྱས་ལ་མ་སྦྱར། ཉན་ཐོས་སོགས་འཁོར་ལ་སྦྱར་བ་ཡོད་པས་སྔོན་གྱི་སྒྲ་བསྒྱུར་ཆེན་པོ་རྣམས་ཀྱིས་ཀྱང་དེ་ཡི་ཚུལ་དང་མཐུན་པར་བསྒྱུར་བ་ཡིན་ཞེས་བརྡ་སྤྲོད་སྨྲ་བའི་དབང་ཕྱུག་ཆེན་པོ་དག་གསུངས་སོ། །རྣམ་དབྱེ་དེ་དག་བསྡུས་ནས་སྒྲ་ཟོར་ཡང་བར་བྱས་པའི་ཚིག་སྡུད་ལ་རྣམ་གྲངས་དྲུག་ཡོད་པའི་དང་པོ་རྣམ་དབྱེ་རྣམས་བསྡུས་པ་ལ་དེའི་སྐྱེས་བུ་ཞེས་བྱ་སྟེ། ཏཏྤུ་རུ་ཥ་ཞེས་པའི་མིང་དེས་དེའི་དཔེར་རྗོད་ཀྱང་མཚོན་པར་བྱས་པའོ། །འདི་ལ་རྣམ་དབྱེ་དང་པོ་ནས་བདུན་པའི་བར་བསྡུས་པས་བདུན་དང་ན་ཉྲའི་བསྡུ་བ་དང་བརྒྱད་བཤད་དོ། །ན་ཉྲ། དགག་པའི་དོན་ཏེ་ཉ་ཕྱིས། འདིར། དེ་དང་མཚུངས་པ་དངོས་མེད་དང་། །དེ་ལས་གཞན་དང་དེ་ལས་ཆུང་། །མི་བསྔགས་པ་དང་འགལ་བ་སྟེ། །ན་ཉའི་དོན་དྲུག་རབ་ཏུ་གྲགས། །ཞེས་པ་ལྟར། ཨ་བྲཱཧྨ་ཎ། བྲམ་ཟེ་འདྲ་ཞེས་ཏེ། བྲམ་ཟེ་དངོས་མིན་པའི་དོན་ནོ། །ཨ་ལུཀ྄ །དངོས་མེད་དེ་འཇིག་པར་བྱ་རྒྱུའི་དངོས་པོ་མེད་པའི་དོན། ཨསཾ་ཡོ་གཱཏ྄། ཡང་དག་པར་སྦྱོར་བ་ལས་གཞན་པའི་དོན་ཏོ། །ཨ་ལ་བ་ཎ། ཚ་ཉུང་བའི་དོན་ཏོ། །ཨ་པུཏྲ། བུ་མི་ལེགས་པའམ་བུ་མེད་ཅེས། ཨ་ཤུཀླ། དཀར་མེད་དེ་དཀར་པོ་དང་འགལ་བ་ནག་པོའི་དོན་ཏོ། །སྤྱིར་དགག་སྒྲ་འདི་དག་མིང་གང་ལ་སྦྱར་བ་དེ་དགག་པར་བྱེད་དེ། ཡོད་པའི་དོན་ཅན་ལ་སྦྱར་ན་མེད་པ་དང་། ཡིན་པའི་དོན་ཅན་ལ་སྦྱར་ན་མ་ཡིན་པ་སོགས་གང་སྦྱར་བ་དེ་ལས་བཟློག་སྟེ་དགག་པར་བྱེད་དོ། །འོན་ཀྱང་སྨད་པ་ལ་དགག་སྒྲ་སྦྱར་བ་ནི་བུ་ངན་པ་མེད་པ་དང་འདྲ་བས་བུ་མེད་ཅེས་སྦྱར་བ་དང་། ཚ་མེད་དང་བྲམ་ཟེ་འདྲ། ཡང་དག་པར་སྦྱོར་བ་མེད་པ་ལྟ་བུའོ། །ནག་པོ་ལ་དཀར་མེད་སྦྱར་བ་ནི་དགག་པ་དངོས་ཡིན་ཡང་དགག་པ་ཙམ་མིན་པར་འགལ་ཟླ་སྒྲུབ་པའི་ཕྱིར་རྣམ་གྲངས་དྲུག་ཏུ་བཤད་དོ། །སྐབས་ཕལ་ཆེར་དུ་ན་ཉྲའི་ན་ཕྱིས་ཏེ་ཨ་ཐུང་ཉིད་དགག་སྒྲར་བྱས་པ་མང་སྟེ། གོང་བསྟན་དེ་རྣམས་དང་། ཨ་སུ་ར། ལྷ་མིན། ལ་སོགས་པ་བཞིན་ནོ། །ལ་ལར་ན་མི་དབྱི་བར་དགག་སྒྲ་སྦྱར་བ་ནི། འདི་ལ་དབང་པོ་མེད་པའི་དོན་དུ། ན་ཁ῝སྟེ་སེན་མོ། ན་ཀུ་ལ། རིགས་མེད་དེ་སྲེ་མོང་། ནཀྵ་ཏྲཾ། འགྱུར་མེད་དེ་རྒྱུ་སྐར། ན་ཀྲ། ཆུ་སྲིན་ཀུམྦྷི་རའི་མིང་སོགས་སོ། །ལ་ལར་ཨ་ན་གཉིས་ཀ་དགག་སྒྲར་བཞག་པ་ཡང་ཡོད་དོ། །ཁྱད་པར་ཅན་གྱི་བསྡུ་བ་ལ་ལས་འཛིན་ཞེས་བྱ་སྟེ། ཚིག་སྡུད་དེའི་དཔེ་ཡང་མིང་དེས་མཚོན་པའོ། །འདི་ལ། ཁྱད་པར་གྱི་སྔ་མ་ཅན། ཁྱད་པར་གྱི་ཚིག་ཕྱི་མ་ཅན། དཔེའི་ཚིག་སྔ་མ་ཅན། སྲིད་པའི་ཚིག་སྔ་མ་ཅན། ངེས་བཟུང་གི་ཚིག་སྔ་མ་ཅན། ཏེ་དབྱེ་བ་དྲུག་གོ།།
ཚིག་གཞན་དོན་ཅན་ནམ་འབྲུ་མང་པོའི་བསྡུ་བ་ལ། མིང་དེ་ཉིད་བསྡུ་བ་དེའི་དཔེར་ཡང་འགྱུར་རོ། །འདི་ལ་ཚིག་གཉིས་པ། ཚིག་མང་པོ། གྲངས་ཀྱི་ཚིག་ཕྱི་མ་ཅན། གཉིས་ཀ་གྲངས་ཀྱི་ཚིག་ཅན། ལྷན་ཅིག་གི་ཚིག་སྔ་མ་ཅན། ཕན་ཚུན་བྱེད་པའི་མཚན་ཉིད་དང་། ཕྱོགས་གཞན་འཛིན་པའི་མཚན་ཉིད་དེ་བདུན་ནོ། །གྲངས་སྔ་མ་ཅན་ནམ་དེའི་དཔེ་དང་མིང་གོ་འདུས་སུ་བྱས་པ་བ་གཉིས་པའི་བསྡུ་བ་ལ། གཅིག་དང་འདྲ་བའི་དངོས་པོ་དང་། དུ་མ་དང་འདྲ་བའི་དངོས་པོ་གཉིས་སོ། །གྲངས་མེད་པའམ་མི་ཟད་པའི་བསྡུ་བར་དབྱེ་བ་མེད་པས་གཅིག་ཁོ་ནའོ། །དང་གི་དོན་ཅན་གྱི་བསྡུ་བའམ་ཟླས་དབྱེའི་བསྡུ་བ་ལ། ཀུན་ནས་བཏུས་པ་དང་། ཞར་བྱུང་དང་། ཀུན་སྡུད་པ་དང་། ཅིག་ཤོས་དང་ཅིག་ཤོས་སྦྱོར་བ་ཞེས་པ་དང་། རྣམ་གྲངས་བཞིའོ། །ཟླས་དབྱེའི་མིང་། དནྡྭ། ནི་དང་དོན་གྱི་བསྡུ་བ་བྱས་པའི་གཟུགས་སོ། །དེ་ལྟར་བརྒྱད་དང་དྲུག་དང་བདུན་དང་གཉིས་དང་གཅིག་དང་བཞི་སྟེ་བསྡོམ་པས་ཚིག་སྡུད་ཀྱི་དབྱེ་བའམ་རྣམ་གྲངས་ཉི་ཤུ་རྩ་བརྒྱད་ཡོད་པའི་དཔེ་བརྗོད་མང་བས་འདིར་མ་བཀོད་དེ་ཙནྡྲཱ་པ་སོགས་ལས་རྟོགས་པར་བྱའོ། །ཚིག་སྡུད་མ་ནིང་གི་རྟགས་ལ་དམིགས་བསལ་ཡོད། ཚིག་སྡུད་ཀྱི་མཐར་འཇུག་པའི་རྐྱེན་དེ་ཡི་སྐྱེས་བུ་ལ་ཊཱ། ཟླས་དབྱེ་ལ་ཨ། འབྲུ་མང་པོ་ཌ། དེ་ཀུན་ལ་ཀ་སོགས་སོ་སོའི་རྐྱེན་འཇུག་པ་ཡོད་ཅིང་། སྤྱིར་སུཔ྄་བསྡུས་ཀྱང་རེ་ཟུང་མི་འཇིགས་པའི་དམིགས་བསལ་སོགས་ཡོད་དོ།།
དེ་ཕན་གྱི་རྐྱེན་གྱིས་བསྒྲུབ་ཚུལ་ཙནྡྲཱ་པ་ཡི་སྐབས་གཉིས་པའི་རྐང་པ་བཞི་པ་ནས་སྐབས་བཞི་པའི་རྐང་པ་བཞི་པའི་བར་གྱི་ལེའུ་དགུས་རྒྱ་ཆེར་བཤད་པའི་རྐྱེན་གྱི་རྣམ་གྲངས་ཤིན་ཏུ་མང་པོ་ཡོད་པ་ལྟར་ཡིན་ཡང་འདིར་དབྱངས་ཅན་སྒྲ་མདོ་ལས་གསུངས་པ་སོགས་མཚོན་ཙམ་བཤད་ན། དེ་ཕན་གྱི་རྐྱེན་རྣམས་མིང་གི་མཐར་སྦྱར་བ་ཡིན་ལ། བུ་རྒྱུད་ལ་ཨ་ཎའོ་ཞེས་པས། དཔེར་ན། གོ་ཏ་མ། བི་ཤྲ་བ་ཎ། ལ་ཨཎ྄་བྱིན། ཉྞིཏ྄་དང་པོའི་དབྱངས་ཀྱིས་འཕེལ་བ་བའོ་ཞེས་པས་རྐྱེན་མཐར་ཎ་ཡོད་པས་མིང་གི་དང་པོའི་དབྱངས་འཕེལ། ཎ་དེའི་དོན་ཡིན་པས་ཕྱིས། ཨི་ཨའི་དབྱི། སི་བྱིན་པས། གཽ་ཏ་མཿ གོ་ཏ་མའི་བུ་བུའམ་རྒྱུད་པ། བཻ་ཤྲ་བ་ཎཿ རྣམ་ཐོས་བུ་སྟེ་དྲང་སྲོང་རྣམ་པ་མང་པོ་ཐོས་པ་ཞེས་པའི་སྲས་ཡིན་པས་སོ། །ར་མཐར་ཨ་ཎ་བྱིན་ན་ར་ཨུར་འགྱུར་བ་སོགས་དེའི་རྣམ་གྲངས་ཡོད་ལ། བུ་རྒྱུད་ཀྱི་དོན་དུ་གརྒ་སོགས་ལ། ཎྱ་སོགས་འཇུག དེ་བཞིན་རྐྱེན་གཞན་སོ་སོར་བྱིན་པས། ཀཽངྐུ་མཾ། གུར་གུམ་གྱིས་བཙོས་པ། བྱུང་བ་སོགས་ཀྱི་དོན་ལ་ཀ་དང་། ཨཱི་ན་སོགས་བྱིན་ཅིང་རྣམ་དབྱེ་སྦྱར་བས། ཀརྞཱ་ཊ་ཀཿ ཡུལ་ཀརྞཱ་ཊར་སྐྱེས་པ། ཀརྨ་ཀཿ ཡུལ་ཀརྨར་སྐྱེས་པ་སོགས་དང་། དེ་ལས་བྱུང་བའི་དོན་ལ་ཨི་ཡ་བྱིན་པས། ཤཱུ་ཏྲི་ཡཾ། དམངས་རིགས་ལས་བྱུང་བ། ཨིནྡྲི་ཡཾ། དབང་པོ་ལས་བྱུང་བ་སོགས་དང་། ཡུཥྨད྄་དང་། ཨཥྨད྄་དང་ལ་ཨཎ྄་བྱིན་པས། ཏཱ་བ་ཀ ཁྱེད་དག མཱ་མ་ཀཾ། ངེད་དག ཅེས་སམ། ཡང་ན། ཡཽཥྨ་ཀ῝ཨཱསྨཱ་ཀ῝ཨཱིན་བྱིན་པས། ཏཱ་བ་ཀཱི་ན῝ཁྱེད་དག མཱ་མ་ཀཱི་ན῝ངེད་དག ཡང་ཨཱི་ན་བྱིན་པའི་སྒྲུབ་ཚུལ་གཅིག་ལ། ཡཽཥྨ་ཀཱི་ན῝ཨཱསྨཱ་ཀཱི་ན῝ཞེས་བྱ་སྟེ་འདི་དག་རྐྱེན་དབང་གི་མིང་གི་གཟུགས་འདི་ལྟར་བསྒྱུར་བ་དང་། དང་པོ་འཕེལ་བར་བྱས་པ་ལ། སི་ཨམ྄་དུ་བསྒྱུར་བ་བྱིན་པའམ་ས་ར་རྣམ་བཅད་བྱས་པའོ། །མཚུངས་པ་ལ་བཏ྄་བྱིན་པས་ཏ྄་ནར་བསྒྱུར་བས། ཙནྡྲ་བནྨུ་ཁ། སི་ཨམ་བསྒྱུར་དྲངས་པའོ། །ཟླ་བ་འདྲ་བའི་ཞལ། སྭཱ་མེ་རུ་བཏྐཱཡ῝གསེར་རི་ལྟ་བུའི་སྐུ། གྷཊ་བ་དུ་ད་ར། བུམ་པ་འདྲ་བའི་ལྟོ་བ་སོགས་སོ།།