ཀི་སྒྲ།

ལོ་རིམ་དྲུག་པའི་སློབ་གཉེར་བ། སྤྲུལ་སྐུ་བསྟན་པ་རྒྱལ་མཚན།

གཅིག

མི་ཚོགས་མང་པོས་མཐའ་ནས་བསྐོར་ཞིང་རུག་རུག་གིས་བལྟས་འདུག་པའི་ཁྲོད་དུ། རྐང་ལག་གཉིས་ཤུགས་ཀྱིས་བརྡབས་པའི་སྒྲ་“བང་བང་”དུ་གྲག་པ་དང་། མིད་པ་འགག་ལ་ཁད་དུ་སུ་ཞིག་གི་རྩོད་པའི་ཀི་སྒྲས་ཁོར་ཡུག་མ་ལུས་པ་ཁྱབ་ནས་འདུག ད་ལོ་བཤད་གྲྭར་གསར་དུ་འཛུལ་མ་ཐག་པའི་གསར་བུ་ང་ཡང་གཞན་རྣམས་དང་མཚུངས་པར་རྩོད་སྤུང་རྒྱག་ས་དེར་ལྟ་རུ་ཕྱིན། སྐབས་དེར་མི་གཅིག་ལན་རྒྱག་མཁན་རེད་འདུག་ལ། དེ་ལ་རྩོད་མཁན་ནི་མི་གཅིག་མིན་པར་ཤུགས་ལས་པ་ཞིག་དང་བཟོ་ལྟ་འདྲ་བའི་གྲྭ་རྒོད་གཅིག་དང་། ཀུ་རེ་ལ་མཁས་ཤིང་ཡང་ཟོར་བདེ་ལྕག་འཁྱུག་པའི་གྲྭ་པ་ཡ་མེད་གཅིག་རེད། གྲྭ་པ་ཡ་མེད་དེའི་མིག་ཟུང་ལས་སྤྱང་གྲུང་གི་འོད་རྣོན་ཞིག་འཁྱུག་ཅིང་། རིགས་པ་ཚ་ཐག་ཆོད་རེ་གཏོང་བ་དང་། ཀུ་རེ་དང་ཆོབ་སློང་སྟངས་དེས་རྩོད་སྤུང་ལྟ་བར་རུབ་རུབ་བྱེད་པའི་མི་རྣམས་རང་དབང་མེད་པར་དགོད་དུ་འཇུག ཁོའི་རྩོད་པའི་ཚུགས་ཀ་ནི་མ་རེད་ཟེར་རྒྱུ་མི་འདུག་སྟེ། མི་ལོ་གསུམ་ལྷག་རིང་རིགས་ལམ་གྱི་བཀའ་བབས་སུ་གྲགས་པའི་དམར་པོ་དགོན་པ་འགྲིམས་པའི་ལག་རྗེས་ལྟ་བུར་ད་ལྟ་ཁོའི་རྩོད་ཉམས་ནི་ཀུན་ཀྱིས་མིག་དཔེ་ལྟ་ས་ཞིག་ཏུ་གྱུར་ཅིང་། རིགས་པ་ལ་ཡང་རྣོ་ངར་ལྡན་པས་ང་འདྲ་བའི་གསར་བུ་ཚོས་འགྲམ་ཆུ་ལྡང་ས་ཞིག་ཅི་ལ་མིན། “ནོར་བུས་རྩོད་ཀྱི་འདུགˮ སྐད་དེ་སུ་ཞིག་གིས་རྣ་ཐོས་བྱུང་ཚེ་ཁ་ལག་ཟ་བཞིན་ཡོད་ཀྱང་ཟ་རྒྱུག་བྱས་ནས་ཁོའི་ཕྱོགས་སུ་བརྒྱུགས་འོང་ངེས། མ་གཞི་རྩོད་སྤུང་ཟིང་ཆ་དོད་པོ་རེ་རྒྱག་བཞིན་ཡོད་ཚེ་དེ་ལ་ལྟ་རུ་ཡོང་མཁན་ནི་རྒྱུན་ལྡན་ཡིན་ཏེ། གསར་བུ་བ་ཡིན་ན་ད་དུང་ཁ་མིག་ཆེར་བགྲད་དེ་ཧུར་རེར་ལྟ་བ་ཡིན། ཕྲེང་བ་ལག་ངར་དུ་འཐེན་ཙམ་བྱས་ཏེ་ཅི་ཞིག་ལབ་རྩིས་བྱེད་བཞིན་པའི་གྲྭ་རྒོད་དེ་ཁོས་ཨི་ཙི་ལུ་གུ་དང་། ཆོབ་བསླངས་ཏེ་ཕར་འཕུལ་བར་་བྱེད་ཅིང་། ཁོས་གདོང་ནས་བཞུར་འོང་བའི་རྔུལ་ཆུ་གཟན་སྣེས་འབྱིད་ཙམ་བྱས་ཏེ་དབུགས་ཧལ་ཧལ་གྱིས་བརྩད་སོང་། ཁོའི་རྩོད་པ་ལ་དགེ་རྒན་ཚོ་ཡང་མགུ་ཡོད་པས། འགྲམ་ན་ཡོད་པའི་དགེ་རྒན་ཚོས་ཁོའི་རྒྱབ་རྩ་ལྟ་བུར་སེ་གོལ་རེ་བརྡབས་ཏེ་རྩོད་འོང་དུས་ཁོ་དབྱིངས་འཕར་ཏེ་ང་ལ་གཏོང་དུ་འཇུག་རོགས་ཅེས་པའི་བརྡར། “རྒན་ལགས། སྐུ་མཁྱེན། སྐུ་མཁྱེན། ང་གཅིག ང་གཅིགˮ ཅེས་མཐེ་བོ་གཉིས་བསྒྲེངས་ཤིང་། ལྡེབ་རིས་ནང་གི་དཔལ་ལྡན་ཆོས་གྲགས་ཀྱི་རྣམ་འགྱུར་དེ་གསལ་ལེར་མངོན་པར་བྱེད་ཅིང་ས་ལྡིང་གནམ་ལྡིང་བྱས་འོང་སྟེ། དེ་ནི་ཁོས་རང་ཉིད་ཆོས་གྲགས་གཉིས་པ་དེ་ཡིན་ཟེར་བ་དང་ཨ་ན་མ་ན་རེད། ད་ནི་གྱང་ངོས་སུ་དཔྱངས་ཡོད་པའི་ཆུ་ཚོད་འཁོར་ལོ་དེའི་སྐར་མདའི་ཁ་ཕྱོགས་དེ་ཏག་ཏག་ཨང་ཀི་བཅུ་གཉིས་ཐོག་བསྟན་འདུག་ཅིང་། ཁ་ལག་ཟ་བཞིན་བལྟས་འདུག་པའི་མི་ཚོགས་དག་གིས་ཁ་ལག་ཀྱང་ཟ་ཚར་ལ་ཉེ་ཡོད། “ཨ་རོགས། གུང་གསེང་ཡང་གཞག་གི་མིན་ནམ།” དམ་བཅའ་བ་དེས་གདན་ཁོག་མཆན་འོག་ཏུ་བཅུག་སྟེ། “ལགས་སོ།།” ཞེས་ལག་ཡ་གཅིག་གིས་ཐལ་མོ་ཞིག་སྦྱར་ཏེ་བུད་སོང་། མི་ཚོགས་རྣམས་རིམ་གྱིས་གྱེས་པའི་ཤུལ་ནས་རྡོ་བས་ཞལ་བ་བྱས་པའི་རྩོད་ར་དེ་སྟོང་ཧམ་མེ་དང་། ཡལ་ག་ལག་པ་ལྟར་བསྲིངས་ཡོད་པའི་སྡོང་རྒན་དེ་ལས་རླུང་བུའི་རྒྱུ་ཕྱོགས་ཀྱིས་ལོ་འདབ་ཐར་ཐོར་རེ་ས་ལ་འཐོར་བཞིན་འདུག ང་དང་ཕ་ཡུལ་གཅིག་པའི་རྡོ་རྗེས། “ཝ་ཡེ། གྲོད་ཁོག་ལྟོགས་ཀྱི་མི་འདུག་གམ། འདི་ལྟར་འཐོམས་ནས་བསྡད་པས་ཁྱོད་ལ་ཁ་ལག་སྐྱེལ་མཁན་ཞིག་ཡོང་གི་མ་རེད་ད།”ཟེར། ངས་ཀྱང་དགོད་ཚིར་ཚིར་ཞིག་བྱས་ཏེ་ངེད་གཉིས་«ཀུན་ཕན་ཟ་ཁང་»ཕྱོགས་སུ་འཐེན་པའི་ལམ་བུ་དེར་ཞུགས་ཏེ་ཕྱིན།
རྡོ་རྗེ་ནི་ང་དང་ཕ་ཡུལ་གཅིག་ཅིང་། ང་ཚོའི་ཕ་ཡུལ་ནས་ཡིན་པ་དགོན་འདིར་ངེད་གཉིས་ལས་མེད་ཟེར་ན་ཆོག་པ་ཡིན་ཏེ། དེས་ན་ངེད་གཉིས་རྒྱུན་ལྡན་ནས་ཧ་ཅང་འཆམ་པོ་ཡིན་ལ། མཉམ་ཟ་མཉམ་འགྲོགས་ཤ་ཁྲག་གཅིག་ལས་ཆད་པའི་བུ་སྤུན་ལས་ཀྱང་འདྲིས་ཆེ་བ་ཡོད། ངེད་གཉིས་གུང་གསེང་སྐབས་མཚམས་རེ་ཁ་ལག་ཤག་ནས་བཟོས་ཤིང་ཟ་བ་དང་། མཚམས་རེ་སྒོར་མོ་འདང་ངེས་རེ་ཡོད་དུས་ཟ་ཁང་ནས་ཟ་བར་བྱེད། ཟ་ཁང་འདིའི་རྐུབ་སྟེགས་རེ་རེ་ནས་གྲྭ་པ་ཚོས་བདག་ཡོད་དེ། དེ་ནི་དེ་རིང་བདུན་ཕྲག་གཅིག་ནང་གི་རེས་གཟའ་སྤེན་པ་ཟེར་བའི་ཉིན་ཕྱེད་ཀྱི་གུང་གསེང་དེ་ཡིན་པས་རེད། ཟ་མ་ཐོ་ལེན་མཁན་གྱི་གྲྭ་ཆུང་དེ་མདུན་དུ་འོངས་ཏེ། “ཨ་དཱ། ག་རེ་ཟ་ཡི་ཡིན་”ཟེར། ངེད་གཉིས་ཀྱིས་“ཐུག་པ་དང་། མོག་མོག་ཅིག་བྱུང་ན་འགྲིག” ཅེས་བཤད། གྲྭ་ཆུང་དེས། “ཡིན་ནའང་ཏོག་ཙམ་འགོར་གྱི་རེད།” ཟེར་བྱུང་བས། “འོ་རེད། དེས་ན་སྔོན་ལ་ཇིན་ཇར་ལེ་མོན་ཊི་གཉིས་སྤྲོད་རོགས།”ལབ་པ་ཡིན། ངེད་གཉིས་ཀྱི་རྒྱབ་ཕྱོགས་དེར་མཐོང་མྱོང་ཡོད་འདྲའི་གྲྭ་པ་ཞིག་གིས་མགོ་བོ་དང་གར་སྨད་དེ་ཁ་པར་ནང་ཅི་ཞིག་འདོན་གྱིན་འདུག སྒྲོག་ཙེའི་སྒང་ལ་དཔེ་དེབ་ཅིག་བཞག་འདུག་ལ། ལེ་མོན་ཊི་ཕོར་པ་གང་ཡང་རླངས་པ་ཐུལ་ལེར་བཞག་འདུག ཁོས་མགོ་བོ་ཡར་དགྱེ་སྟེ་ཕོར་པར་ཁ་གཏུག་བྱུང་བ་དང་ངས་ཏག་ཏག་ད་ཅི་ཆོས་རའི་ནང་གི་རྟགས་གསལ་ངར་མ་གཏོང་མཁན་གྱི་གྲྭ་པ་དེ་ཡིན་པར་ཤེས་སོང་། “ཝེ། རྒྱབ་ལོགས་ལ་ལྟོས་དང་། རྒན་ལགས་ཁོང་རྒྱབ་ལོགས་ན་འདུག” རྡོ་རྗེས་སྐེ་རྒྱབ་ལ་གཅུས་ཏེ་བལྟས་ཙམ་བྱས་ཏེ། “འོ་འདུག” ཅེས་སྐད་དམའ་མོས་བཤད་ཅིང་ལིམ་ཇ་ཧུབ་གཅིག་བྱས་བྱུང་། ངས་ཀྱང་ཐུར་མ་ཚུར་བླངས་ཏེ་ལིམ་ཇ་དཀྲུག་དཀྲུག་ཅིག་བཏང་ནས་འཐུང་མཁས་པོས་ཧུབ་གཅིག་བརྒྱབ་ཡིན། རྡོ་རྗེའི་རྒྱབ་ལོགས་ན་འདུག་པའི་གྲྭ་པ་དེ་ནི་ད་ལྟ་སྒྲོག་ཙེའི་སྒང་གི་དཔེ་དེབ་དེ་ཀློག་གིན་འདུག ཀློག་པའི་ཞོར་དུ་ལིམ་ཇ་གར་མོ་སྦྲང་མས་སྦྲང་རྩི་གཞིབ་པ་ལྟར་འཐུང་ཙམ་འཐུང་ཙམ་བྱེད་པ་དང་། མཚམས་རེར་ཁ་པར་དེ་ཁ་རྩར་གཏུགས་ནས་སྐད་གདངས་རིང་པོ་ཞིག་འཐེན་ཡོང་། ཕྱོགས་མཚུངས་སུ་མཚམས་རེ་ལ་ཁ་པར་རྣ་རྩར་གཏུགས་ནས་སུ་ཞིག་གིས་ཚུར་ལའང་སྐད་གདངས་རིང་པོ་ཞིག་འཐེན་པར་བྱེད། “ཁོ་རེ། མོག་ཐུག་གཅིག” གྲྭ་ཆུང་དེས། “ལགས་སོ། །རྒན་ལགས།” ཞེས་མགོ་གཡུག་ཙམ་བྱས་བྱུང་། ཟ་ཁང་ནང་རིམ་བཞིན་གཅིག་རྗེས་གཉིས་མཐུད་ཀྱིས་མི་ཚོགས་མང་བ་དང་། འཚང་ཀ་ཆེ་རུ་འགྲོ་ཡི་འདུག་པས། ངེད་གཉིས་ནས་ཟ་མ་གང་མགྱོགས་བཟས་ཏེ་ཐོན་རྩིས་བྱས། ངེད་གཉིས་མ་ཐོན་གོང་སྟེ། རྒྱབ་ལོགས་ཀྱི་གྲྭ་པ་དེས་གཟན་ཕྲག་པ་ལ་བཞག་ཅིང་། ད་དུང་ཉི་འོད་འགོག་བྱེད་ཀྱི་ཤེལ་མིག་ཅིག་གོན། ལག་གཡས་པས་དཔེ་དེབ་ཁུར། གཡོན་པས་ཁ་པར་ནང་མིག་ཅེར་ཏེ་སྒོ་ཁ་ནས་འབུད་འགོ་བརྩམས། དཔེ་དེབ་ཀྱི་ཁ་བྱང་རིག་ས་ན་འདུག་པས། མདུན་ཤོག་དེར། «བག་ཆགས་དོང་སྤྲུགས།» ཞེས་པའི་ཡེ་གེ་ཞིག་བསྣར་འདུག སྐབས་དེར་ངའི་སེམས་སུ་དྲན་པ་ནི། འདི་ནི་ཅི་འདྲའི་གཞུང་ཆེན་ཞིག་རེད་ཨང་། མཁས་པ་ཆགས་འདོད་ན་ང་ཚོས་ཀྱང་འདི་འདྲ་ཀློག་དགོས་རེད་ཨང་སྙམ་པ་དེ་རེད། རིམ་གྱིས་གྲྭ་པ་དེའི་རྒྱབ་གཟུགས་ཀྱང་མིག་སྔུན་ནས་མི་སྣང་བར་གྱུར། ངེད་གཉིས་དགོན་པའི་སྐོར་ལམ་བརྒྱུད་ནས་ཤག་ཏུ་གོམ་ཁ་བསྒྱུར། སྐོར་ལམ་ནས་གློ་བུར་དུ་འཛིན་གྲོགས་ཤིག་ཐུག་བྱུང་བས། ངེད་གསུམ་སྐད་ཆ་ཅི་འཕྲོས་མོལ་འཕྲོས་རེ་ཤོད་ཞོར། རོགས་པ་གཞན་དེས་བཤད་ན། “ད་ཅི་ཆོས་རའི་ནང་རྩོད་པ་ཟིང་ཚ་པོ་རྩོད་མཁན་དེའི་མིང་ལ་ནོར་བུ་ཟེར་ཞིང་། ཁོས་འདི་ནས་དཔེ་ཆ་དགའ་རབ་གཅིག་བལྟས་རྗེས་དམར་པོ་དགོན་པར་འགྲིམས་ཏེ་རྩོད་པ་མཁས་པ་རེད། ད་དུང་ཁོ་རིག་གནས་ལ་ཡང་མཁས་ཏེ། རྩོམ་མང་པོ་བྲིས་རེད་”ཟེར། “གང་ལྟར་མི་ཡ་མེད་ཚ་པོ་ཞིག་རེད་འདུག” ངས་དེ་ལྟར་སྨྲས་པས། ཁོ་གཉིས་གད་མོ་དིར་དིར་ཤོར་སོང་།

གཉིས།

“ཏིང་….ཏིང་….” ཞོགས་པའི་རང་སྦྱོང་གི་བརྡ་བཏང་བྱུང་། ནམ་གསལ་ཡག་རེད་མེད་པས། ད་དུང་མུན་པ་སངས་མེད་ཀྱང་ཕྱོགས་དང་ཕྱོགས་སུ་བཙུགས་ཡོད་པའི་ཉི་གློག་གི་འོད་ཆེམ་ཆེམ་བྱས་བྱུང་སྟེ། ཉི་གློག་གི་དཀར་ངོགས་ལས་སློབ་གཉེར་བ་རྣམས་གཞུང་ལུགས་ཁག་གི་རྩ་དེབ་རེ་ཁྱེར་ཏེ་ཕྱི་ལོགས་ན་གཅིག་རྗེས་གཉིས་མཐུད་ཀྱིས་གཤར་འོང་། ད་ཅི་འཇམ་ཅག་གེར་ཡིན་པའི་ཁོར་ཡུག་དེ་ནི་ད་ལྟ་གཞུང་ལུགས་ཀྱི་རྩ་བ་སྐྱོར་བའི་སྒྲས་ལྗིད་ཏིག་གེར་གྱུར་སོང་། ང་ནི་ཉལ་ཁྲིའམ་རྐུབ་སྟེགས་ཁར་ཙོག་ཕྱིན་ཆད་གཉིད་མི་ཤོར་བ་ཕལ་ཆེར་མི་སྲིད་པ་ཡིན་པས། ངས་ཀྱང་ཁྲུས་ཁང་ནས་གདོང་པ་ཆུས་བཤལ་ཙམ་བྱས་ཏེ་རྩ་དེབ་དེ་ཁུར་ནས་སྒོ་ཕྱིར་བུད། གནམ་གཤིས་ནི་དྭངས་ཤིང་བསིལ་ལ། འུར་དི་རི་རིར་གྲག་འོང་བའི་རྩ་བ་སྐྱོར་བའི་སྒྲ་དེ་ཚོས་ངའི་མིག་ཟུང་ན་འཐིབས་པའི་གཉིད་སྨག་རྣམས་རང་ཡལ་དུ་སོང་ཞིང་སྤྲོ་བ་འཕེལ་དུ་འཇུག ངས་«དག་ཡིག་མདོར་བསྡུས་པད་དཀར་ཆུན་པོ་བྱིས་པ་དགའ་བའི་རྣ་རྒྱན།» ཞེས་འཁོད་པའི་དེབ་དེ་ཁ་ཕྱེ་སྟེ། “རྒྱལ་བའི་བཀའ་ནི་བ་བཀའ་ལ།།” ཞེས་རྩ་བ་རྣམས་བསྐྱོར་ཞིང་རྩ་བ་སྐྱོར་མཁན་གཞན་རྣམས་དང་འདྲ་བར་ཕར་འགྲོ་ཚུར་འགྲོ་བྱེད། རྩ་བ་སྐྱོར་མཁན་དག་གི་སྐྱོར་སྟངས་ཀྱང་སྒོ་ཀུན་ནས་གཅིག་པ་ཡང་ག་ལ་ཡིན་ཏེ། ལ་ལས་རྩ་བ་སྐྱོར་སྟངས་ནི་གདངས་དབྱངས་ལྟ་བུ་གྱེར་ནས་སྐྱོར་གྱིན་འདུག་པས། ངས་རྩ་བ་སྐྱོར་སྟངས་དེ་འདྲ་སྙན་མོ་ཞིག་འདུག་ཨང་དྲན་བྱུང་། རྩ་བ་སྐྱོར་གྱིན་ཕར་འགྲོ་ཚུར་འགྲོ་བྱེད་བཞིན་པའི་དུས་གྲོགས་རྡོ་རྗེ་ཡང་ཏག་ཏག་དག་ཡིག་དེབ་བཟུང་སྟེ་ཤོག་ལྷེ་འགའ་ཕར་སྒྱུར་ཚུར་སྒྱུར་བྱེད་བཞིན་ལངས་འདུག་པ་མཐོང་། ངས་རྒྱབ་ལོགས་ནས་སྐད་མགོ་དམའ་མོས། “ལྡེབ་མ་བརྒྱ་སྤྲོད་རྩིས་ཡིན་ས་རེད་ད།” ཞེས་སྨྲས་པ་ན། ཁོས་ཁ་ཚུར་གཅུས་ཏེ། “ཝ་ཡེ། ཁྱོད་རེད་འདུག་ག” ཅེས་གད་མོ་ཚིར་ཚིར་ཞིག་བྱས་ཏེ། “ག་བ་ག་བ། བཅོ་ལྔ་འགྲོ་རྒྱུ་ཁོ་རང་ཁག་པོ་འདུག” ཟེར། “ཁག་པོ་འདུག་ཨེ། ལྟོས་དང་། ཁོ་ཚོ་ནང་བཞིན་སྐྱོར་སྟངས་འདི་འདྲ་བྱས་ན་ཁག་པོ་ཞིག་རེད་ཨེ་ཡོང་ན།” རྩ་དེབ་རེ་ཁ་རྩར་ཐུག་ལ་ཁད་དུ་བཟུང་ནས་གདངས་སྙན་མོའི་སྒོ་ནས་རྩ་བ་སྐྱོར་བཞིན་པའི་གྲྭ་པ་དག་ལ་མཛུབ་མོ་བཙུགས་པར། རྡོ་རྗེས་“ཁོ་ཚོ་མི་ཏོག་ཙམ་མི་འདྲ་བ་རེད། མིས་བཤད་པ་ལྟར་ན། ཁོ་ཚོ་ནི་དམར་པོ་དགོན་པ་ནས་འོངས་ཤིང་། མིང་ལ་དགེ་བཤེས་ལབ་པ་རེད་”ཟེར། “ཁོ་ཚོ་དོན་ངོ་མར་དགེ་བཤེས་ཟེར་བ་དེ་ཡིན་ནམ།” “མ་རེད། མིང་འདོགས་རེད།” ཟེར། དུས་ཚོད་ནི་ཆུ་ཚོད་དྲུག་པ་ཟིན་ཙམ་ཡིན་པས། ཏིང་ཏིང་གིས་གྲོལ་བརྡ་བཏང་མེད་མོད། ཡིན་ནའང་ངེད་གཉིས་དགེ་སྐོས་ཀྱིས་མི་མཐོང་ས་ནས་སྐད་ཆ་ཤབ་ཤུབ་ཤོད་ཀྱིན་འགྲོ་བར་བྱེད།
ཞོགས་པའི་སྐྱ་རེངས་ཀྱི་འོད་ཞགས་ཕྱོགས་བཅུར་རིམ་གྱིས་འཕྲོས་ཤིང་། ཡར་ལ་བལྟས་ཚེ་ཟངས་མདོག་དཔལ་རིའི་རྒྱ་ཕིབས་དེ་ཡང་གསེར་མདངས་ལམ་མེར་བྱེད་ལ། བྱེའུ་ཁྱུ་ཞིག་ཚོ་དང་ཚོ་བྱས་ནས་གཤོག་པ་རྡེབ་ཅིང་། “ཅིའུ་…..ཅིའུ་….” ཞེས་མཁའ་དབྱིངས་སུ་འཕུར། ལྟད་མོ་འདི་ནི་ཚན་རྩལ་ལས་འགོངས་པའི་རང་བྱུང་ཁམས་ཀྱི་ལྟད་མོ་ཡིད་དུ་འོང་བ་ཞིག་ཡིན་པ་ཅིས་མི་བདེན་ཏེ། ངེད་གཉིས་ཀྱི་མིག་ཟུང་ཡང་མཁའ་མཐར་འཕུར་བའི་བྱེའུ་ཁྱུའི་རྗེས་སུ་ཅེར་འགྲོ། གཅིག་གིས་གཅིག་ལ་འགྲན་པ་ལྟ་བུའི་རྩ་བ་སྐྱོར་མཁན་དག་ཀྱང་ངེད་གཉིས་ལ་སྐུལ་དེད་བྱེད་པ་དང་མཚུངས་པས། ངེད་གཉིས་ཀྱིས་དཔེ་དེབ་སླར་ཁ་ཕྱེ་སྟེ་རྩ་བ་བསྐྱོར་བར་བྱས། ཡིན་ནའང་ངའི་དྲན་པར་ཡང་ནས་ཡང་དུ་འཁོར་འོང་བ་ནི། དགེ་བཤེས་ཟེར་བ་དེ་ཚོའི་རྩ་བ་སྐྱོར་སྟངས་དེ་ཡིན་པས། ང་དེ་ཚོ་དྲན་ཏེ་འདང་རྒྱག་ཏུ་ལྷུང་ནས་ཡོད། དེ་ནི་ངས་ཁོང་ཚོའི་ཀློག་སྟངས་དེ་ཡ་མཚན་དུ་མཐོང་བས་ཡིན་ལོས་སྲིད། ཅི་ཡིན་ནམ། བསམ་བཞིན་བསམ་བཞིན་ཁོང་དགོད་རེ་ཡང་ལངས་འོང་། ངས་དཔེ་ཆ་ནས་མགོ་བོ་ཡར་དགྱེ་སྟེ་ལྟ་དུས་དེར། མིག་ཤེལ་ནག་པོ་ཞིག་བརྒྱབ་ཅིང་། ཆུ་ཁོལ་ཕོར་པ་གང་འཐུང་བཞིན་དཔེ་དེབ་ཅིག་ལ་བལྟས་ཏེ་ཚུར་སླེབས་འོང་བ་དེ་ནི་ནོར་བུ་རེད། ནོར་བུའི་རྩ་བ་སྐྱོར་སྟངས་ནི་དགེ་བཤེས་ཟེར་བ་གཞན་དེ་ཚོ་དང་མི་འདྲ་བ་ཞིག་ཡིན་ཏེ། ཁོས་རྩ་བ་སེམས་ནས་སྐྱོར་བ་ཡིན་ནམ། གང་ལྟར་ཁོས་ཁ་ཕྱེ་ནས་ཡོད་པའི་དཔེ་དེབ་དེ་ལ་ཞིབ་ཏུ་བལྟས་ཤིང་། ཞ་སྨྱུག་ཐོགས་ཡོད་པའི་ལག་པ་ཡ་གཅིག་དེར་བཟོ་ལྟ་མི་འདྲ་བ་འགའ་བཏོད་དེ་འགྲེང་ཙམ་འགྲེང་ཙམ་བྱེད་སྟངས་དེ། ཅི་ཞིག་མགོ་འཚོས་སོང་བའི་བརྡ་ཡིན་པ་གོར་མ་ཆག ངས་ཁོའི་ཚུགས་ཀ་དེ་ལས་སློབ་སྦྱོང་བྱེད་སྟངས་ངོ་མ་འདི་འདྲ་རེད་སྙམ་ཞིང་། “ནོར་བུ་དགེ་བཤེས་མིང་ཅན་གཞན་པ་ཚོ་དང་འདྲ་ཡི་མི་འདུག ཁོ་མི་འདྲ་བ་ཞིག་རེད་འདུག” ཅེས་རྡོ་རྗེ་ལ་བཤད་པ་ན། རྡོ་རྗེས། “འོ་རེད། ཧེ་ཧེ། ཁོ་ཁོ་རང་ཁོ་རང་དམིགས་བསལ་བ་ཞིག་རེད་འདུག་”ཟེར། དེ་འཕྲལ་གོ་མྱོང་བའི་སྐད་ཅིག་གིས། གློ་བརྒྱབ་པའི་ཟོལ་གྱིས་བོས་བྱུང་བར། རྒྱབ་ཏུ་བལྟས་པས་འཛིན་གྲོགས་ཉི་མ་རེད། ངེད་གཉིས་ཀྱིས་དོན་ཅི་ཞིག་ཡིན་ན་སྙམ་སྟེ་ཁོའི་རྩར་ཕྱིན་པར། ཁོས་“སྙན་ངག་ཟུར་སྦྱོང་འགྲོ་ཡི་ཡིན་ནམ་”ཟེར། “དགེ་རྒན་སུ་རེད་”སྨྲས་པར། “ནོར་བུ་རེད་”ཟེར། “ནོར་བུ་སྙན་ངག་མཁས་པ་རེད་དམ།” ངས་ལམ་སང་ཁས་མ་བླངས་པར་དེ་ལྟར་ལབ་དུས། ཁོས་ཅི་མི་སྙམ་པར་ཧང་སང་བའི་རྣམ་པས། “ལྕགས་རི་གྲུ་བཞི་འདིའི་ནང་སྐད་གྲགས་རེད། དགེ་རྒན་འདི་འདྲ་ཁག་པོ་རེད་ད། འཁྲིད་སྟངས་དཔེ་མེད་ཡོད་”ཟེར། “དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་”ཞེས་ཕྱག་རྒྱ་ཞིག་བཅས་ཏེ་ནོར་བུའི་འཁྲིད་སྟངས་འདི་འདྲ་མིན་པ་དང་། ཁོས་དེང་རབས་དང་མཐུན་པ་འཁྲིད་ཀྱི་རེད་ཟེར་བར། ངས་དེ་སྔོན་སྙན་ངག་ཟེར་དུས་མེ་ལོང་མའི་རྒྱན་དེ་ཚོ་རང་ལ་གོ་བ་ལས་གཞན་ཞིག་ཡོད་པ་གོ་མ་མྱོང་ཞིང་། སྙན་གཞུང་མེ་ལོང་མ་དེ་ཚོ་ཡང་ཁྲིད་ལུང་བཟོ་འདྲ་བྱས་ནས་ཞུ་དགོས་ཤག་བྱེད་ཀྱི་ཡོད། དེ་འཕྲལ་ངའི་སེམས་པར་འཇིག་རྟེན་དེང་རབས་དང་མཐུན་པ་འགྲོ་དགོས་པར་བཤད་ཀྱི་འདུག་ན་རིག་གནས་ཀུན་དེ་འདྲ་ཞིག་ཡིན་མིན་འགྲོ་སྙམ་པ་དང་། ང་ནོར་བུའི་འཁྲིད་སྟངས་གསར་པ་དེ་ལ་ཡིད་སྨོན་ཞིག་ཤོར། ཉི་མ་ནི་ང་ཚོའི་འཛིན་གྲོགས་ཡིན། ཡིན་ནའང་ཁོའི་བཤད་གྲྭ་འདིའི་དངོས་པོ་ཅི་ཞིག་ལ་རྒྱུས་མངའ་ཆེ་ལུགས་ནི་ང་ཚོས་དོ་བར་ག་ལ་སྲིད་དེ། རྒྱུ་མཚན་ནི་ཁོ་རང་བཤད་གྲྭའི་ལོ་རིམ་གསུམ་པ་ནས་སྙན་ངག་ལ་ཤེས་ཚད་སྐྱོ་བར་བརྟེན། ཁོ་ད་ལྟ་སྔོན་འགྲོ་འཛིན་གྲྭར་མར་བབས་ཡོད་པ་རེད། ཁོས་བར་གསེང་ནམ་བྱུང་ལ་ནོར་བུའི་རྩ་ནས་སྙན་ངག་སྦྱོང་བཞིན་ཡོད་དེ། གང་ཞིག་གསེར་གྱི་རི་ལ་འདབ་ཆགས་པ། །དེ་ཡི་འདབ་ཆགས་དག་ཀྱང་གསེར་དུ་འགྱུར། །ཟེར་བ་ལྟར། ཉི་མར་ནོར་བུའི་ཡོད་ཚད་འགོས་ཡོད་མེད་མ་ཤེས་ཀྱང་གཤིས་ཀ་དང་། བྱ་བ་སྤྱོད་པ་འགའ་ཤས་ཤིག་ཏན་ཏན་འགོས་ཡོད་བཟོ་འདུག་སྟེ། ཁོས་སྐད་ཆ་རེ་ཤོད་ཞོར། ཡར་རྒྱས། མི་རིགས། རང་དབང་། རྨོངས་དད། ཟེར་བའི་ཚིག་འབྲུ་དེ་དག་ཟློ་བར་བྱེད་ཅིང་། མཚམས་རེར་ལག་ཟུང་རྒོད་ཀྱི་གཤོག་པ་ལྟར་འཕྲེད་ལ་བརྐྱངས་ཤིང་། “འཕུར། འཕུར། མ་ཕུར་ན་མི་ཚེ་བརླག་རྒྱུ་རེད།” ཅེས་ཨ་ནུ་རིང་ལུགས་ཀྱི་གཞས་དེ་གཏོང་ཞིང་ཧ་ལམ་མ་སོང་ན་གནམ་ལ་འཕུར་ས་རེད་བསམ་བསམ་བྱས་འོང་། དེས་ན་ཁོ་ནོར་བུར་རྒྱུས་མངའ་ཡོད་ལུགས་ཀྱང་བརྒྱུད་རིམ་དེ་ལྟར་ཡིན་ཟེར་ཆོག་པ་རེད།

གསུམ་པ།

བདུན་ཕྲག་རྗེས་མའི་གཟའ་ཟླ་བའི་ཞོགས་པ་དེར། རྡོ་རྗེ་ངེད་གཉིས་ཀྱིས་ཉི་མའི་རྩ་ནས་སྙན་ངག་སྦྱོང་དུ་འོང་རྒྱུར་ཁས་བླངས་ཡོད་པས། རྩོམ་འབྲི་སའི་འབྲི་དེབ་ཅིག་དང་། སྨྱུ་གུ་ཞིག་ཁུར་ནས་ནོར་བུའི་ཤག་ཏུ་བུད། སྔོན་ཙམ་ནས་སླེབས་ཤིང་ད་ལྟ་ནོར་བུའི་གམ་ན་འདུག་པའི་ཉི་མས་ངེད་གཉིས་མཐོང་བ་དང་། “ཨོ། རྒན་ལགས། ངའི་རོགས་པ་ཁོ་གཉིས་རེད།” ཅེས་དང་། ད་དུང་ངེད་གཉིས་ཁོའི་འཛིན་གྲོགས་ཡིན་པ་དང་། དགོན་པར་གསར་དུ་སླེབས་པ་ཡིན་པར་ཡང་བཤད་སོང་། དེ་འཕྲལ་མགོ་བོ་དང་གར་སྨད་དེ་དཔེ་དེབ་ཅིག་ལ་མིག་ཡུག་རྒྱག་བཞིན་པའི་ང་ཚོའི་སྙན་ངག་རྒན་ལགས་ནོར་བུས། སྣ་ཐད་དུ་ལྷུང་ཡོད་པའི་ཆུ་ཁམས་མདོག་ཅན་གྱི་ཤེལ་མིག་དེ་མཛུབ་མོས་ཡར་ཙམ་བསྣུད་དེ་ང་ཚོར་བལྟས་ནས་མགོ་གཡུག་ཙམ་བྱེད། ང་ཚོས་ཅི་ཞིག་བཤད་འོང་སྙམ་སྟེ་བསྒུགས་ནས་བསྡད་པར། དེང་རབས་ཅན་གྱི་ཕོར་པའི་ནང་ལྟེམ་མེར་འཁྱིལ་བའི་ཚིག་ཇ་ཕོར་པ་གང་དེ་ཡུ་བ་ནས་འཇུས་ཏེ་ཧུབ་གཅིག་བྱས་ཤིང་། “འོ་ཡ། དང་པོ་ག་རེ་ལབ་ཡ་ཡོད་ཟེར་ན། ཁྱེད་ཚོས་ང་ལ་རྒན་ལགས་ཞེས་གཏན་ནས་མ་ལབ་རོགས། གུས་རྩི་ནི་དེ་བས་ཀྱང་མི་དགོས། མ་གཞི་ང་རང་ཡང་ཁྱོད་ཚོ་བཞིན་སློབ་གཉེར་བ་ཞིག་ཡིན། དེས་ན་ང་ཚོ་གཅིག་པ་ཡིན་པའི་འདུ་ཤེས་གཞག་རོགས། སྟབས་བདེ་བ་ཡོད། ཁྱོད་ཚོས་ང་ལ་ང་རང་གི་མིང་ནས་བོས་ཤོག” དེར་མཐུད་ནས། “ངས་སྙན་ངག་སྦྱོང་སྟངས་ཟེར་ན་ཡང་མེ་ལོང་མ་དེ་སྔོན་སྒྲིག་གཞིའི་ཐོག་ནས་ཡ་ལེ་ཡོ་ལེ་ཞིག་ཞུས་མྱོང་ཙམ་ཡིན། དེ་མིན་ངས་མ་གཞི་སྤྲོ་སྣང་ཟེར་བ་དེ་ཡོད་པའི་ཐོག་སྙན་ངག་ཐེ་བའི་རྩོམ་རིག་གི་དཔེ་དེབ་མང་དག་ཅིག་ལྟ་ཀློག་བྱས་ཤིང་། རོབ་རྩིས་ཤིག་བྱས་ན་དེབ་བརྒྱ་ཏག་ཏག་བརྒལ་དུག ངས་ད་ལྟ་རྩོམ་ཡིག་འདྲ་ཏོག་ཙམ་འབྲི་ཤེས་པའི་རྒྱུ་མཚན་ཡང་དེ་ལ་ཐུག དེས་ན་ངས་དེ་རིང་འདི་ནས་ཁྱོད་ཚོ་ལ་རྩོམ་ཡིག་ཤེས་པར་ཕན་པའི་དཔེ་དེབ་འགའ་ངོ་སྤྲོད་བྱ།” པོ་ཐོ་བཞིན་བརྩིགས་ཡོད་པའི་དཔེ་དེབ་དེ་དག་གི་ཁྲོད་ནས་དཔེ་དེབ་གསུམ་ཙམ་ཚུར་བླངས་ཏེ། “ཡ། ཁྱོད་འདི་ལྟོས། ཁྱོད་འདི་ལྟོས། ཡ་གྲོགས་པོ། ཁྱོད་ལ་འདི་ཡིན། འདི་ལྟོས་ཨ།” ཞེས་ངའི་ལག་ཏུའང་དཔེ་དེབ་ཅིག་ལྗིད་ཏིག་གེར་བཞག་བྱུང་། ང་ལ་སྤྲད་པའི་དེབ་དེའི་མིང་ལ་ «གྲོག་རོང་གི་གཏམ་རྒྱུད།» ཟེར་བ་དེ་རེད། ཡང་གཅིག་བཤད་རྒྱུར། “ངས་འདི་ནས་སྙན་ངག་སོགས་རྩོམ་ཡིག་སྦྱོང་ཚེ་མཉམ་པར་གཞག་དགོས་པ་འགའ་ངོ་སྤྲོད་བྱ།” ཞེས་སླར་ཡང་སློབ་སྟོན་མང་དག་ཅིག་བྱས་བྱུང་། མཐའ་མཇུག་ལ། “ངས་དེ་རིང་ཁྱོད་ཚོར་མཉམ་འཇོག་བྱེད་དགོས་པ་རྣམས་ང་རང་ཉིད་ཀྱིས་ཤེས་པ་དག་ཆ་ཚང་ཞིག་བཤད་ཟིན་ལ། རྩ་བས་སྙན་ངག་སོགས་ཤེས་པར་གོང་དུ་སྨྲས་པ་ལྟར་དཔེ་དེབ་བཀླགས་པའི་བརྒྱུད་རྒྱུས་ལོན་པ་བྱ་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་པས། དེ་ལུགས་བཞིན་དཔེ་དེབ་ཀློག་པར་རེམ་རྒྱུ་དང་། འདི་རུ་འཛིན་གྲྭ་འཚོགས་པའི་བཟོ་འདྲ་བྱས་བསྡད་ན་ཕན་ཐོགས་དེ་ཙམ་ཨེ་ཡོང་ན་བསམ་རྒྱུ་འདྲ་རེད། དེ་བས་ཁྱོད་ཚོས་དཔེ་དེབ་བཀླགས་རྗེས་སུ་སྙན་ངག་སོགས་བྲིས་ཏེ་ང་ལ་ཁ་པར་རམ། ཤག་ཏུ་འོངས་ནས་སྟོན་ནའང་ཆོག་སྟེ། དེ་འདྲ་ཞིག་བྱས་ན་ཕན་པ་ཆེ་མི་འོང་ན་དྲན་གྱི། དེས་ན་དེ་འདྲ་བྱེད་རྒྱུ་བྱས།” ངས་དེ་འཕྲལ་ཁ་སྔོན་ནོར་བུས་ཟ་ཁང་དུ་ཁུར་འདུག་པའི་«བག་ཆགས་དོང་སྤྲུགས།» ཞེས་པའི་དེབ་དེ་དྲན་ཞིང་། ནོར་བུས་ཀྱང་དེ་ལ་ལྟ་ཡི་འདུག་པས། དཔེ་དེབ་ཡག་པོ་ཞིག་ཡོད་ལས་ཆེ་སྙམ་སྟེ་ངས་ནོར་བུར་«བག་ཆགས་དོང་སྤྲུགས།» ཞེས་པའི་དེབ་དེ་ང་ལ་གཡོར་རོགས་ཞེས་ལབ་པར། “ཨ་རོགས། ཁྱོད། ཡང་། ཨ་ཙི། ད་ལྟ་ང་རང་ཀློག་བཞིན་པ་ཡིན། ག་ལེ་ཡིན་ད། དང་པོ་ད་ཅི་སྤྲད་པའི་དེབ་དེ་ཀློག་རོགས། བྲེལ་བ་མ་བྱེད།” ཅེས་ངའི་དཔུང་པ་ལ་བརྡབ་བརྡབ་ཅིག་བྱས་ཏེ་ཧབ་དགོད་ཅིག་ཤོར། ངས་ཀྱང་རྗེས་མ་ག་དུས་བལྟས་བལྟས་ཡིན་པས་བྲེལ་བ་མི་འདུག་སྙམ་སྟེ། “འོ་ཡ་ཡ།”ཞེས་མགོ་གུག་གུག་ལན་གཉིས་བྱས་ཏེ་ང་ཚོ་གསུམ་སྒོ་ཕྱིར་ཐོན་པ་དང་། ཏག་ཏག་སྒོ་ཁ་ནས་སུ་ཞིག་ནང་ལ་འཛུལ་འོངས་ཏེ། “ནོར་བུ་འདུག་གམ། ནོར་བུ་འདུག་གམ།” ཞེས་དྲིས་བྱུང་། དེ་ནི་ནོར་བུའི་རོགས་དགེ་བཤེས་ལྷག་པ་རེད། ཉི་མས། “འདུག་འདུག” ཅེས་བཤད། “འགྲོ། ཞོགས་ལྟོ་ཟ་རུ་འགྲོ།” ཁོ་གཉིས་ཞོགས་ལྟོ་ཟ་རུ་འགྲོ་རྒྱུ་ཡིན་ལས་ཆེ། ཅང་མ་འགོར་བར་སྒོ་ཁྲོགས་སེ་གཏན་ཏེ་ཁོ་གཉིས་ཞོགས་ལྟོ་ཟ་རུ་བུད་སོང་། སྤྱི་ཐབ་ནས་དཀྲིས་མོག་སྤྲོད་དུས་མ་གཏོགས་གཞན་ཁོ་གཉིས་ཞོགས་པའི་རང་སྦྱོང་གྲོལ་བ་དང་། གོམ་ཁ་ཤར་རེ་མ་གིའི་སྐྱག་ཆུ་ཡོད་སར་འཐེན་པའི་ལམ་དེ་དེད་ནས་སུ་པཱན་ནའི་རྩར་བཱོན་ཌ་ཟ་རུ་འགྲོ་བ་ཡིན། སྐབས་རེར་སྦ་ཁུག་ནང་སྒོར་མོའི་ལྗིད་ཁོག་ཨེན་ཙམ་ཡོད་དུས་གྲྭ་ཚང་གི་འཆམ་རའི་ཕྱོགས་ཀྱི་«ཀུན་ཕན་ཟ་ཁང་»དུ་ཡང་འགྲོ་བར་བྱེད།དེ་ནི་ཁོ་གཉིས་སྔོན་ཆད་དམར་པོ་དགོན་པ་རུ་སྡོད་དུས་སུ་རག་པའི་བག་ལེབ་སྐད་གྲགས་ཅན་དེ་འདི་ནས་མི་རག་པས་ཡིན་ནམ་སྙམ། ནོར་བུ་མི་ཡ་མེད་ཅིག་ཡིན་པ་ཅིས་མི་བདེན་ཏེ། མ་ཟད་ཁོའི་རོགས་དགེ་བཤེས་ལྷག་པ་ཡང་ཁོ་རང་དང་ཆ་ཆ་རྐྱང་ཞིག་ཏུ་འདུག ཁོ་གཉིས་ཀའི་གོན་པ་གྱོན་ལུགས་ཏེ། གཟན་ནི་མཆན་གཉིས་ནས་བཅུག་སྟེ་ཡར་ཕྲག་པ་ལ་འཕངས་ཤིང་། ཤམ་ཐབས་ལ་ལྟེབ་ཚིགས་ཆེན་པོ་ཞིག་བརྒྱབ་ཡོད་པ་ནི་དམར་པོ་དགོན་པའི་རྡོབ་རྡོབ་ཟེར་བ་དེ་ཚོ་དང་འདྲ་པོ་ཡོད། རྒྱབ་ནས་བལྟས་ཚེ་ནོར་བུ་ཁོར་འཁྲུལ་ལ། ཁོར་ནོར་བུ་འཁྲུལ་འགྲོ་བ་ཞིག་ཡིན། གོ་ཐོས་ལ་ནོར་བུ་ཁོ་གཉིས་དམར་པོ་དགོན་པ་ནས་མཉམ་དུ་འོངས་ཤིང་། འདི་ནས་འདྲིས་པར་གྱུར་པ་རེད་ཟེར། མི་འདྲ་ས་ནི་ནོར་བུས་རིག་གནས་ཤེས་པས། རིག་གནས་ཀྱི་གྲགས་པ་ཡོད་ལ། དེ་ལས་ལྡོག་སྟེ་ལྷག་པ་ནི་རིག་གནས་མེད་པའི་དགེ་བཤེས་ཀྱི་གྲས་དེ་ཡིན་པས། ཁོ་ལ་དགེ་བཤེས་ཞེས་པ་ལས་ནོར་བུ་ལྟར་སྙན་ངག་པ་ཞེས་པའི་མིང་འདོགས་དེ་ཐོགས་མྱོང་མེད། ནོར་བུའི་སྙན་ངག་ཐེ་བའི་རྩོམ་ཡིག་གང་མང་ཞིག་ཁོ་རང་ཉིད་ཀྱི་སྒེར་གྱི་ངོ་དེབ་དང་། དུས་དེབ་པདྨའི་རང་མདངས་སོགས་སུ་ཐོན་པ་མང་བས། དགེ་བཤེས་ཞེས་པའི་མིང་འདོགས་ཀྱི་སྟེང་དུ་སྙན་ངག་པ་ཞེས་པའི་མིང་གིས་ཀྱང་མནན་ཡོད།
ཆོས་རའི་དཀྱིལ་གྱི་སྡོང་པོ་དེའི་སྡོང་ལོའི་གསེང་ནས་ཉི་འོད་སྙོམ་པོར་འཕྲོས་ཤིང་བསིལ་བསིལ་གྱི་ཞོགས་རླུང་ལྡང་སྟངས་དེ་ནི་ས་ཆེན་པོ་འདི་ལ་བྱི་དོར་བྱས་པ་དང་མཚུངས། ཞོགས་ཟས་ཟོས་ཤུལ་དེར་སློབ་གཉེར་བ་འགའ་ཞིག་ཁྱུ་དང་ཁྱུ་བྱས་ཏེ་གཏམ་གླེང་བྱེད་པ་དང་། འགྲམ་དེ་ན་དགོན་དུ་འཁོར་བའི་ཁྱི་འཁྱམ་འགའ་བག་ཕེབས་པོར་ཉལ་ནས་འདུག ཉི་མས་“ཁྱོད་གཉིས་ཞོགས་ལྟོ་བཟས་ཟིན་ཡོད་ན་ང་ཚོ་ཞོགས་རླུང་བཟེད་གར་འགྲོ།”ཞེས་ལབ་བྱུང་བར། “འོ་རེད། ཞོགས་པའི་རླུང་བུ་དྭངས་གཙང་བརྔུབ་རྒྱུ་ནི་འཕྲོད་བསྟེན་རེད་ཨང་།” ངས་དེ་སྐད་བཤད་པར་ཁོ་གཉིས་ཀས། “རེད། རེད།” ཅེས་འཐད་པའི་བརྡ་བསྟན་བྱུང་བ་དང་། ངེད་གསུམ་གསེར་གྱི་ལྷ་ཁང་ཕྱོགས་སུ་འཐེན་པའི་ལམ་བུ་དེར་ཞུགས། སྔོ་ལྗང་གི་སྤང་ལྗོངས་ནི་ཡིད་དུ་འོང་ལ། ཞོགས་རླུང་གི་རྒྱུ་ཕྱོགས་ན་དཀར་སེར་དམར་ལྗང་གི་མེ་ཏོག་དག་མགོ་ལྕོག་ལྡེམ་ལྡེམ་གྱི་གར་འཁྲབ་འདྲའི་རྣམ་པ་དེ་ལྷག་པར་མཛེས་ཤིང་ལྟ་ན་སྡུག ངའི་སེམས་སུ་ཅི་སྟེ་ངས་སྙན་ངག་ཡག་པོ་ཞིག་འབྲི་ཤེས་ན་མེ་ཏོག་འདི་དག་ངའི་སྙན་ངག་གི་ལང་ཚོ་རུ་འདེམས་ངེས་སྙམ་བྱུང་། མེ་ཏོག་དེ་དག་ལ་ཟིལ་པ་ཁྲོམ་ཁྲོམ་ཆགས་འདུག་པས། ལག་པས་ཐུག་རེག་བྱས་ཚེ་ཟིལ་པ་རྣམས་ཁྲོམ་ཁྲོམ་གྱིས་འཐོར་འགྲོ། “ས་འདི་ལྷོ་ཕྱོགས་མ་རེད། སུད་སི་(Switzerland)རེད།” ཉི་མས་དེ་ལྟར་ལབ་དུས། རྡོ་རྗེས་མེ་ཏོག་གི་དྲི་བསུང་སྣོམ་བཞིན། “དྲི་མ་ཞིམ་པ་ལ།ˮ ཟེར་འོང་། ཞོགས་རླུང་ལ་གདོང་གཏད་ཅིང་ངེད་གསུམ་ད་ལྟ་མཆོད་རྟེན་ཡོད་ས་ནས་འདུར་བཞིན་ཡོད། གཅིག་རྗེས་གཉིས་མཐུད་ཀྱིས་བང་བསྒྲིགས་ཡོད་པའི་མཆོད་རྟེན་བཅུ་དྲུག་ལ་ལག་ན་ལག་འཁོར་དང་ཕྲེང་བ་ཐོགས་པའི་རྒན་རྒོན་འགས་སྐོར་བ་སྐོར་བཞིན་པ་དང་། ད་དུང་ཕུག་རོན་ཁྱུ་ཞིག་བབས་ཤིང་མགྲིན་པ་མཐོར་བཏེག་སྟེ་སྐད་འབྱིན་གྱིན་འདུག ཞོགས་ཇ་ཚ་པོ་ཚ་པོ་འཐུང་རྒྱུ་ཡང་ཞོགས་པ་བསུ་སྟངས་ཤིག་ཡིན་པས། མཆོད་རྟེན་ཐེངས་གསུམ་བསྐོར་རྗེས་སུ་ངེད་གསུམ་ཤར་རེ་གོམ་པའི་འདེགས་འཇོག་ཇ་ཁང་ཕྱོགས་སུ་བསྒྱུར་ཡིན། ཟ་ཁང་ནས་ཞོགས་ལྟོ་བཟས་ཟིན་ཏེ་དགེ་བཤེས་ལྷག་པ་ཡང་ཇ་འཐུང་ཆེད་སླེབས་འདུག་ཅིང་། ཁོ་ཚུར་ཁ་བསློགས་འདུག་པ་ལ། ཕར་ཁ་སློག་མཁན་དེས་ལག་བརྡ་དང་བཅས་ལབ་བཞིན་པ་ནི། “ཞོགས་དུང་གིས་འདི་འདྲ་ཟེར། འོ་ཡ་…” སྐད་དེ་ལ་ཉན་ཡག་གཅིག་བྱས་པས་དེ་ནི་ནོར་བུ་མིན་ན་སུ་ཡིན།

བཞི་པ།

ལྗོན་པའི་གྲིབ་ནག་གི་སྐྱ་ཐིག་ཕབ་པའི་འོག་ཏུ། མི་རེས་སྡེར་མ་རེ་བཟུང་སྟེ། ཚོགས་འདུ་སྐོང་བ་ཇི་བཞིན་འདུས་ཡོང་བ་ནི་གུང་ཟས་མཉམ་དུ་རོལ་སྟངས་ཤིག་ཡིན་པས། ལྷམ་གོག་ཐེད་པོ་ཞིག་གིས་གོམ་ཁ་དལ་གྱིས་སྤོས་ཤིང་། སྡེར་མ་ལག་པས་བཟུང་སྟེ་ཕྱོགས་དེར་སླེབས་འོང་བ་ནི་ནོར་བུ་ཡིན་ཏེ། མི་ཚོགས་ཁྱུ་ཞིག་འཚོགས་པའི་ཁྲོད་དེར་ནོར་བུ་ནི་ཡོད་ཡོད་པ་ཡིན་ལ། ནོར་བུ་མེད་ཚེ་གཏམ་ལ་བྲོ་བ་མི་འདུག་ཅེས་པ་ལྟར་འགྱུར་འགྲོ་བས། ནོར་བུས་ཆེ་ཐག་ཆོད་པའི་སྐད་ངག་གིས་བརྗོད་གཞི་ཅི་ཞིག་གི་ཐོག་རྩོད་པའམ་ལབ་གླེང་བྱེད་སྟངས་ནི་རྩིག་པའི་ཕར་ནང་ལའང་གོ་བའི་ཚོད་དུ་ཡིན་ཞིང་། ཁོང་ཚོས་ཅི་འཕྲོས་མོལ་འཕྲོས་ཀྱིས་ནོར་བུར་དྲི་བ་ཅི་ཞིག་དྲིས་ཚེ་ནོར་བུས་དེ་ལ་ཨ་ལན་མེད་པར་སྡོད་མི་སྲིད་ལ་ཡིན་ཤག་ཤག་གིས་ཕར་ལན་སྤྲོད་པར་བྱེད། དེ་ནི་ནོར་བུར་མཚོན་ན་དགེ་བཤེས་ཞེས་པ་དང་། སྙན་ངག་པ་ཞེས་པའི་མིང་འདོགས་ཤིག་བཟང་ས་ནས་ཁོ་ལ་ཐོགས་ཡོད་པ་དེས་བློ་སྤོབས་ཤིག་ངང་གིས་ཡོད་པ་དེས་ཀྱང་ཅི་ལ་མིན། ཁོང་ཚོས་མཚམས་རེ་གཞུང་ལུགས་ཐོག་རྩོད་འོང་དུས་ནོར་བུས། “ཐལ། ཕྱིར། ཚར།” ཞེས་འུར་དིར་དིར་བྱེད་འོང་ཞིང་། ཡང་མཚམས་རེར་དོན་གྲུབ་རྒྱལ་ལས་འཕྲོས་ཏེ་དོན་གྲུབ་རྒྱལ་ནི་རང་མོས་སྙན་ངག་གི་སྲོལ་འབྱེད་པོ་དང་། སྐྱེས་ཕོ་རབ་བྱས་རྗེས་ཅན་ཞིག་རེད་ཅེས་དོན་གྲུབ་རྒྱལ་སྐོར་གླེང་བར་བྱེད། ངས་དེ་སྔོན་དོན་གྲུབ་རྒྱལ་ཞེས་པས་སྤྲུལ་སྐུའི་སྐོར་སྒྲུང་གཏམ་ཞིག་བྲིས་ཡོད་ཅེས་པ་དེ་ཙམ་ལས་ཁོའི་སྐོར་རྒྱུས་མངའ་ཆེར་མེད་པས། ནོར་བུས་དོན་གྲུབ་རྒྱལ་སྐོར་ཤོད་དུས་གམ་ན་ཡོད་པའི་ང་དང་གསར་བུ་ཚོས་ཁོའི་ཁ་ནང་ལ་ཅེར་འགྲོ་བ་ཡིན། ད་དུང་ནོར་བུས་མགོ་གཡུག་གཡུག་གིས་སྐྱེས་པ་ཕོ་ཟེར་ན་ཞོགས་དུང་རེད། ཁོའི་སྙིང་སྟོབས། རྣམ་དཔྱོད། ཅེས་ཞོགས་དུང་ལ་བསྟོད་ཞོར། ཁོའི་དཔེ་དེབ་དག་རྣག་ཐོག་ཙག་འདེབས་དག་དག་རེད་ཅེས་བཤད་འོངས། “ལྟ་ལོག མི་དེ་སྨྱོན་པ་རེད།” སྐལ་བཟང་གིས་མ་རངས་པའི་རྣམ་འགྱུར་ཞིག་དང་སྦྲགས་ནས་གློ་བུར་དུ་དེ་ལྟར་ལབ་བྱུང་། ནོར་བུས་“ཧ་ཧ། ངེད་ཚང་ལ་གཤིས་ངན་པ་དེ་འདྲ་ཞིག་ཏན་ཏན་ཡོད། མེ་སྟག་ཕུ་ཐུང་གིས་གསོད་པའི་དཔེ་ལྟར་རང་མི་རིགས་ཀྱི་མི་བུ་ངོམ་རིན་འོས་པ་འདྲ་བྱུང་ཚེ་འབུར་འཇོམས་བྱེད་པ་ལོ་རྒྱུས་ལ་ཕྱིར་མིག་བལྟས་པས་ཀྱང་ཤེས་ཐུབ་པ་མིན་ནམ། དཔེར་ན། ཨ་མདོ་དགེ་ཆོས་བཞིན།” སྐལ་བཟང་གིས། “གང་ཡིན་རུང་། ངས་ནི་ལྟ་ལོག་པ་ཕར་ཞོག ལྟ་ལོག་པའི་སྨྱོ་ལབ་ལ་ཡང་ཉན་འདོད་མེད། ཁྱོད་ཚོས་དེབ་འདྲ་མིན་དེ་དག་མ་ཀློག་མ་གཏོགས། ལྟ་ལོག་པ་ཆགས་འོང་། ཞེས་ཡར་ལངས་ཏེ་བུད་སོང་། སྐལ་བཟང་སོང་ཤུལ་དུ་ནོར་བུས། “བླ་རྒན་རྨོངས་དད་པ་ཟེར་ན་དེ་འདྲ་རེད། རྨོངས་དད། ཅེས་པའི་ཚིག་འབྲུ་གཉིས་པོ་དེ་ཧ་ཅང་ཉེན་ཁ་ཅན་ཞིག་རེད། རྨོངས་དད་ཟེར་བ་འདི་མི་རིགས་དང་། ཡར་རྒྱས་ཀྱི་བཀག་རྡོ་རེད།” “ཡ་ཁོ་རེ། ཡང་ཁྱོད། དེང་སང་ཞོགས་དུང་ཞོགས་དུང་ཟེར། ཞོགས་དུང་ཁོག་ཞུགས་བྱས་འོངས་མ་རེད་པ།” དོན་གྲུབ་ཀྱིས་ཀུ་རེ་དང་སྦྲགས་ནས་དེ་སྐད་ལབ་པར། ནོར་བུས་“ཧ་ཧ། ཞོགས་དུང་ཤི་མེད།” ཟེར། འགྲམ་དེ་ནས་སུ་ཞིག་གིས། “སྙན་ངག་པ་ཡིན་ན་སྔ་ཕྱི་མ་གཏོགས་གྲྭ་པ་ལོག་པས་ཁྱབ།” ཟེར་བྱུང་བར་ནོར་བུས། “ཁྱབ་སྟེ།” ཞེས་རྒྱུ་མཚན་དྲིས་པར། “ལྟོས་སྡོད་དང་། ཧ་གོ་ཡོང་རེད་”ཟེར་ནས་བུད་སོང་། དེར་མཐུད་ནས་ནོར་བུས་“མི་སུ་ཡིན་རུང་གུ་ཡངས་དགོས་ལ། གུ་ཡངས་ཀྱིས་བློ་སྒོ་འབྱེད་ལ། གུ་དོག་ནི་ཁྱོད་ཀྱིས་ཤེས་བྱ་མང་པོ་ཞིག་ཤེས་རྒྱུའི་འགོག་རྐྱེན་དུ་གྱུར་ཡོད།” དེ་མ་ཐག་ངའི་འགྲམ་ན་ཡོད་པའི་ཉི་མས་དགེ་བཤེས་སྙན་ངག་པས་གསུངས་པ་ལོས་བདེན་ཞེས་འཐད་པའི་བརྡ་ལ་མཐེ་བོང་ཡ་གཅིག་བསྒྲེངས་བྱུང་། ང་དང་རོགས་རྡོ་རྗེས་ཅི་ལབ་འདི་ལབ་མེད་པར་སྒམ་པོར་བསྡད་པ་ཡིན། དགེ་བཤེས་སྙན་ངག་པ་ནོར་བུ་ཡང་མི་ཡ་མེད་ཅིག་དང་། གུ་ཡངས་སྨྲ་མཁན་ཡིན་པར་བརྟེན་ཁོ་ལ་མིས་སྐད་ཆ་ཅི་འདྲ་ཞིག་བཤད་ཚེ་དེ་ལ་ཁ་མཚར་གྱི་ཨ་ལན་བྱིན་པ་ལས་ཁོང་ཁྲོ་བསྟན་སྲོལ་མེད་པས། དེར་ཡོད་ཚོས་དགེ་བཤེས་སྙན་ངག་པར་མཚམས་རེར་ཀུ་རེ་བྱེད་པ་ཡང་ཉུང་ཉུང་ག་ལ་ཡིན། མི་ཚོས་མཉམ་རུབ་ཀྱིས་ཁོར་རྩོད་པའམ་དྲི་བ་འགོད་ཚེ། རོགས་དགེ་བཤེས་ལྷག་པ་གམ་དུ་ཡོད་ཚེ་ཁོའི་རྒྱབ་ཏུ་ལངས་ནས། དཔུང་པ་མཉམ་གཤིབས་ཀྱིས་སྐབས་ཐོག་དང་བསྟུན་པའི་རྣམ་འགྱུར་ངོམས་ནས་འུར་ཟིང་ཟིང་གིས་ལན་འདེབས་བྱས་ཏེ། ཕ་རོལ་པོ་ཅང་མི་སྨྲ་བའི་གནས་སུ་འགོད་པར་བྱེད། ད་ལྟ་དགེ་བཤེས་ལྷག་པ་གམ་དུ་མེད་པས་ནོར་བུ་གཅིག་པུས་ཁོང་ཚོར་ལན་འདེབས་བྱེད་ཀྱང་། ནོར་བུའི་རྣམ་དཔྱོད་དང་། ཁ་བདེ་ལ་ཁོང་ཚོས་མཉམ་རུབ་བྱས་ཀྱང་དོ་ཟླ་ཞིག་འོང་བཟོ་མི་འདུག ནོར་བུས་རྣམ་འགྱུར་ཅི་རིགས་ཀྱི་ཐོག་ནས་ལན་འདེབས་བྱེད་སྟངས་དེས་མཚམས་རེ་དེར་ཡོད་དག་ཧབ་ཆ་དི་རི་རིར་གྱུར་འགྲོ། “དགེ་བཤེས་ཚིག་གི་མེ་ཏོག་ལ། །འབྲས་བུ་མེད་དོ་ས་མ་ཡ།།” བཀྲ་ཤིས་འབྲུག་པས་“རྣམ་པ་ཚོ་བཞུགས་ཨ།” ཞེས་བཤད་ནས་བུད་སོང་། རིམ་པར་གཅིག་རྗེས་གཉིས་མཐུད་ཀྱིས་དེར་ཡོད་དག་རང་ས་ནས་ཡར་ལངས་བྱུང་བས། ནོར་བུ་ཡང་ཟས་ལྷག་ཐར་ཐོར་འགོས་པའི་སྡེར་མ་དེ་བཟུང་ནས་ཡར་ལངས་བྱུང་། ཉི་མས་ཚོང་ཁང་ནས་ལྕགས་ཀྲིན་ལྗང་ཁུ་ཅན་གྱི་(Monster)ཞེས་པའི་ཤེད་ཅན་གྱི་ཆུ་མངར་ཉོས་ནས་ནོར་བུའི་ལག་ཏུ་བཞག་སྟེ། “ཨ་དཱ་ཐང་ཆད་སོང་།” ཞེས་གད་མོ་ཚིར་ཚིར་ཞིག་བྱས་སོང་། ནོར་བུས་ཞོགས་དུང་སྐོར་གླེངས་ནས་བཟུང་སྐབས་དེ་དུས་དེར་ཡོད་པའི་མི་ཚོགས་དག་གིས་ལམ་ཁ་ནས་ནོར་བུ་ཐུག་ཚེ་དགེ་བཤེས་ཞོགས་དུང་ཞེས་ཀྱང་ལབ་འོང་། ནོར་བུས་ཀྱང་ཕར་ལ་བླ་རྒན་ཞེས་སྨྲ་བར་བྱེད། དེང་སང་ནོར་བུས་ནམ་ཡིན་རུང་རང་ཤག་དང་། ཁང་པའི་སྟེང་ཐོག སྐས་འཛེག ད་དུང་མཚན་ཕྱེད་བར་ཟླ་འོད་ཀྱི་དཀར་ངོགས་འོག་སོགས་ནས་ཞོགས་དུང་གི་དཔེ་དེབ་»བག་ཆགས་དོང་སྤྲུགས་»དང་། «གནམ་ས་གོ་འབྱེད་»སོགས་རེ་རེ་ནས་འབྲུ་མནན་ཏེ་ལྟ་བཞིན་ཡོད་དེ། མ་གཞི་ནོར་བུ་ནི་དཔེ་ཀློག་ལ་དགའ་བའི་སློབ་མ་ཞིག་ཡིན་པའི་ཁར། ཁོས་དཔེ་དེབ་གང་ཞིག་ཀློག་ཚེ་མགོ་ནས་མཇུག་བར་ཚགས་ཚུད་པོ་ཀློག་ལ། གནད་འགག་ཅན་གྱི་ཚིག་དག་བློ་ཐོག་ནས་ཤར་མར་གྱིས་འགྲོ། དགེ་ཆོས་ཀྱིས་འདི་འདྲ་ཟེར། ཞོགས་དུང་གིས་འདི་འདྲ་ཟེར་སོགས་ཁོས་ཤོད་དགོས་ས་ལ་སླེབ་དུས་མི་སྣ་དེ་དག་གི་སྐད་ཆ་དུམ་ཚན་རེ་ཐོགས་པ་མེད་པར་ཤར་འདྲེན་བྱས་འོང་། དེ་ལྟར་ཉི་མའི་ཕྲེང་བ་ཕར་ཕར་ལ་འདས་ཤིང་། ང་དང་རྡོ་རྗེ། ཉི་མ་ངེད་གསུམ་ད་གཟོད་ལོ་རིམ་གཉིས་པར་སླེབས་ཡོད་ལ། དགེ་བཤེས་སྙན་ངག་པ་ནོར་བུ་ལོ་རིམ་དགུ་པ་སྟེ། སློབ་མཐར་ཕྱིན་ལ་ཉེ་བའི་ལོ་དེ་རེད། ཞོགས་ཇའི་སྐབས་ཤིག་ལ་དགེ་བཤེས་སྙན་ངག་པས་ངེད་གསུམ་ལ་བཤད་རྒྱུར། “ད་ནི་ང་རང་གྲྭ་པ་ལོག་ན་འདོད་དེ། ངས་ང་རང་དང་འཚམ་ས་ཞིག་ལ་གོམ་ཁ་བསྒྱུར་ན་འདོད། སྤྱི་ཚོགས་འདི་མི་ང་འདྲ་བའི་ཆེད་དུ་མ་རེད།” དགེ་བཤེས་སྙན་ངག་པས་ངོ་མ་ལབ་པ་ཡིན་ནམ། གང་ལྟར་ཉིན་འགའི་རྗེས་སུ་གནས་ཚུལ་ཞིག་གོ་ཐོས་བྱུང་བ་ནི། དགེ་བཤེས་སྙན་ངག་པ་དགོན་པ་ནས་ཐོན་ཚར་འདུག་ཟེར་བ་དེ་རེད། སྐབས་དེར་ངའི་སེམས་སུ་ལྷང་ངེར་དྲན་འོང་བ་ནི། སྙན་ངག་པ་ཡིན་ན་སྔ་ཕྱི་མ་གཏོགས་གྲྭ་པ་ལོག་པས་ཁྱབ། ཟེར་བ་དེ་རེད། དར་ལུང་རྣ་བའི་ཐོས་རྒྱུ་ལ་སྐད་ཆ་འདི་འདྲ་ཞིག་རླུང་ཡན་ལྟར་གྲག་བཞིན་འདུག་སྟེ། “ཁོ་ཤེས་རབ་འཆལ་སོང་བ་རེད། ཤེས་རབ་འཆལ་སོང་བ་རེད་……”

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།