ཀུན་མཁྱེན་ཆེན་པོའི་ལུགས་ཀྱི་རིག་འཛིན་བཞིའི་རྣམ་གཞག

སློབ་དཔོན་ཀརྨ་ཆོས་འཕེལ།

དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།།

འདིར་གང་ཞིག་གླེང་བར་བྱ་བ་ནི། རིག་འཛིན་བཞིའི་སྐོར་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་བཞེད་གཞུང་གཞིར་བཞག་གི་ཐོག་ཁོང་གི་རྗེས་སུ་འཇུག་པའི་མཁས་པ་རྣམས་ཀྱི་ཡིག་ཆ་དག་ལ་ཁུངས་གཏུགས་ཏེ་བཤད་པ་ལ།

རིག་འཛིན་ཞེས་པའི་སྒྲ་དོན་དང་། རིག་འཛིན་བཞི་པོ་རེ་རེའི་གོ་དོན། དེ་དག་གི་དོན་བསྡུ་བ་དང་གསུམ་ལས། དང་པོ་རིག་འཛིན་ཞེས་པའི་སྒྲ་དོན་ནི། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ་ལས།[1] རྣལ་འབྱོར་པ་དེའི་མཚན་ཇི་སྐད་ཅེས་གདགས་ཤེ་ན། རིག་འཛིན་ཞེས་ཕྱོགས་བཅུའི་རྒྱལ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞིང་ཁམས་ཐམས་ཅད་དུ་གྲགས་ཞེས་བྱའོ། །དངོས་སུ་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ །ཅིའི་ཕྱིར་ཞེ་ན། སྔགས་ཀྱི་སྒོ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་འཛིན་ཅིང་གདུང་འཚོབ་པའི་ཕྱིར་རོ། །ཞེས་དང་། རོང་ཟོམ་ཆོས་ཀྱི་བཟང་པོའི་དཀོན་མཆོག་འགྲེལ་ལས།[2] རིག་འཛིན་གྱི་ངེས་པའི་ཚིག་ནི། བི་ད་དྷ་ར་ཞེས་བྱ་བ་ནི། བི་ད་ནི་རིག་སྔགས་ཏེ། ཤེས་རབ་དང་ཡེ་ཤེས་ཀྱི་བདག་ཉིད། དྷ་ར་ནི་འཛིན་པ་སྟེ། དེ་དང་ལྡན་པའི་འགྲོ་བའི་རྒྱུད་ཀྱིས་བསྡུས་པའོ། །ཞེས་དང་། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལས།[3] བིདྱཱ་དྷཱ་ར་ཞེས་པས། བིདྱཱ་ནི་རིག་པ་སྟེ་ཤེས་རབ་དང་ཡེ་ཤེས་དང་སངས་རྒྱས་ཀྱི་གདུང་ངོ་། །དྷཱ་ར་ནི་འཛིན་ཅིང་འཆང་བ་སྟེ་དོན་ལ་སློབ་པའམ་ལྡན་པ་ཡིན་ནོ། །ཞེས་དང་། སྤྱི་དོན་འོད་གསལ་སྙིང་པོ་ལས།[4] ངེས་ཚིག་ནི་བིདྱཱ་དྷ་རའི་སྒྲ་ལས་དྲངས་ན། བི་ད་ཡ་ནི་རིག་པ་སྟེ་ཤེས་རབ་ཡེ་ཤེས་ཀྱི་བདག་ཉིད་ཅན་སྔགས་ཀྱི་དེ་ཁོ་ན་ཉིད་དོ། །དྷ་ར་ནི་འཆང་བ་སྟེ་དེ་ལྟ་བུའི་དོན་རང་རྒྱུད་ལ་འཆང་ཞིང་ལྡན་པའོ། །ཞེས་གསུངས་སོ། །འདིར་བསྟན་རིག་འཛིན་རྣམ་པ་བཞི་ནི་ལམ་དང་གང་ཟག་གཉིས་ལས་ལམ་དེ་རྒྱུད་ལ་ལྡན་པའི་གང་ཟག་ལ་རིག་འཛིན་ཞེས་ཐ་སྙད་སྦྱར་ལ་གཙོ་བོ་འདིའི་སྐབས་སུ་རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྲུབ་འདི་བཞི་ཁོ་ན་ལ་གོ་དགོས། མཛོད་ལྡེ་ལས།[5] ཀུན་མཁྱེན་ནི་རིག་འཛིན་གྱི་དངོས་གྲུབ་ཅེས་པ་ཕལ་ཆེར་གཙོ་བོར་ལུས་ཀྱི་དངོས་གྲུབ་ཁྱད་པར་ཅན་གྱི་སྟེང་ནས་འཇོག་པ་རྒྱུད་སྡེ་གོང་འོག་ཀུན་ཏུ་གྲགས་ཆེ་ཞིང་། ཞེས་གསུངས་སོ། །གཙོ་བོར་ལུས་ཀྱི་སྟེང་ནས་འཇོག་དགོས་པ་འོག་གི་མཚན་ཉིད་སྐབས་སུ་ཤེས་ནུས། སྤྱིར་རིག་འཛིན་ཞེས་པ་འདོད་པ་དང་གཟུགས་ཀྱི་རིག་འཛིན་དང་། གཞན་ཡང་། ལམ་རིམ་ལས། ཐུན་མོང་མཆོག་གི་མཚན་དཔེར་ལྡན། །ལོངས་སྤྱོད་གཉིས་པ་ཕྱག་རྒྱའི་རིགས། །རྡོ་རྗེ་འཁོར་ལོ་རིན་ཆེན་དང༌། །པདྨ་རལ་གྲིའི་རིག་འཛིན་འགྱུར། །ཞེས་གསུངས་པ་ལྟར། སྤྱི་དོན་འོད་གསལ་སྙིང་པོ་ལས།[6] སྔགས་གྲུབ་པ་ལའང་དེའི་སྒྲ་འཇུག་སྟེ་འདོད་གཟུགས་ཀྱི་རིག་འཛིན་དང་རལ་གྲིའི་རིག་འཛིན་ཞེས་པ་ལ་སོགས་པ་བཞིན་ནོ། །གཞན་ཡང་སར་ཆུད་པ། ས་ལ་གནས་པ། སར་སྨིན་པའི་རིག་འཛིན་གསུམ་དང་། སྒོམ་ལམ་ཁོ་ན་ལའང་། རྡོ་རྗེ་འཁོར་ལོ་རིན་ཆེན་པདྨ་རལ་གྲིའི་རིག་འཛིན་བཅས་ལྔར་ཕྱེ་བ་ལ་སོགས་པ་དུ་མ་ཡོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རྡོ་རྗེའི་རིག་འཛིན་སོགས་ཀྱི་ཐ་སྙད་སྦྱར་བ་ཡང་ཡོད།

གཉིས་པ་ལ། རིག་འཛིན་བཞི་པོ་རེ་རེའི་ངོ་བོ་དང་། ས་མཚམས། དེ་དག་གི་དོན། འབྲས་བུ་བཤད་པ་དང་བཞི་ལས། ན་རཀ་སྐོང་བཤགས་ལས། རྣམ་སྨིན་ཚེ་དབང་ཕྱག་ཆེན་ལྷུན་གྱིས་གྲུབ། །ཅེས་གསུངས་པ་ལྟར་རྣམ་སྨིན་རིག་འཛིན་དང་། ཚེ་དབང་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །དང་པོ་རྣམ་སྨིན་རིག་འཛིན་གྱི་ངོ་བོ་དང་། ཐོབ་པའི་ས་མཚམས། གོ་དོན། དེའི་འབྲས་བུ་བཤད་པ་དང་བཞི་ལས། དང་པོ་ངོ་བོ་ནི། སྤྱི་དོན་འོད་གསལ་སྙིང་པོ་ལས།[7] མོས་སྤྱོད་ཀྱི་ལམ་མཐར་ཐུག་པ་ན་ཡིད་ལྷའི་རྣལ་འབྱོར་དུ་སྨིན་ཀྱང་། ལུས་རྣམ་སྨིན་གྱི་གཟུགས་ལས་གནས་མ་གྱུར་པ། ལུས་རྒྱ་དང་བྲལ་ནས་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པ་རྣམ་སྨིན་རིག་འཛིན། ཞེས་གསུངས་སོ། །དེ་ཡང་ཁྱད་པར་གསུམ་ལྡན་ཏེ། ལམ་གྱི་ཁྱད་པར་སྦྱོར་ལམ་པ། སྐུ་ཡི་ཁྱད་པར་ཡིད་ལྷའི་རྣལ་འབྱོར་དུ་སྨིན་ཀྱང་ལུས་རྣམ་སྨིན་གྱི་གཟུགས་ལས་གནས་མ་གྱུར་པ། སྤངས་པའི་ཁྱད་པར་རྩ་བའི་ཟག་པ་ལས་གཞན་གསུམ་མ་སྤངས་པའོ། །དེའང་དབང་པོ་རྣོ་རྟུལ་གཉིས་ཀ་ལ་ཁྱབ་པའི་མཚན་ཉིད་ཡིན།

གཉིས་པ་ས་མཚམས་ནི། ཡིད་ཀྱི་མུན་སེལ་ལས།[8] དེ་དག་རིམ་གྱིས་བསྒོམ་པའི་ཚེ་ལམ་རྫོགས་ཚུལ་ཡང་། དེ་བཞིན་ཉིད་ནི་ཚོགས་ལམ་ཆུང་ངུ་དང་། ཀུན་ཏུ་སྣང་ཚོགས་ལམ་འབྲིང་། རྒྱུའི་ཕྱག་རྒྱ་གཅིག་སྤྲོས་ཚོགས་ལམ་ཆེན་པོ། ཡེ་ཤེས་དྲྭ་བའི་ཕྱག་རྒྱ་རྣམ་སྤྲོས་སྦྱོར་ལམ་དྲོད་དང་། རྩེ་མོ། བར་ཆད་མེད་པ་བཟོད་པ་དང་། ཆོས་མཆོག་ཆེན་པོ་མཐར་ཐུག་པའི་ཡེ་ཤེས་རྫོགས་སོ། །འདི་དག་ལམ་ཟག་པ་དང་བཅས་པ་སྟེ་འཇིིག་རྟེན་པའི་ལམ་ཡིན་པའི་ཕྱིར་རོ། །དེའང་དེ་དག་བསྒོམ་པའི་ཚེ་ས་དེ་དག་གི་རྟགས་རྫོགས་ནས་ལམ་གོང་མར་འཇུག་གི མ་རྫོགས་ཀྱི་བར་དུ་རང་བཞིན་གྱིས་དེ་ལ་ངེས་པར་སློབ་པའོ། །ཇི་ལྟར་ཞེ་ན་ཚོགས་ལམ་རྫོགས་པའི་རྟགས། སངས་རྒྱས་མཆོག་གི་སྤྲུལ་སྐུ་མཐོང་བ་དང་། གཟུངས་ཐོབ་པ་དང་། རྫུ་འཕྲུལ་ཅུང་ཟད་འགྲུབ་པ་ན་སྦྱོར་ལམ་ལ་འཇུག་གོ །དེའང་ལུས་ཤིག་སྲོ་མེད་པ་དང་། སྲིན་བུ་མེད་པ་ལ་སོགས་པ་ཐོབ་ནས། གོང་མ་གོང་མ་ལ་འཇུག་པ་སྟེ། རྒྱས་པར་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་འབྱུང་བ་བཞིན་ནོ། །དེའང་བར་ཆད་མེད་པའི་སྐབས་སུ་རྣམ་སྨིན་རིག་འཛིན་ཐོབ་བོ། །ཞེས་རྣམ་སྨིན་རིག་འཛིན་དང་པོ་ཐོབ་པའི་ས་མཚམས་གསལ་པོར་གསུངས་སོ། །གཞུང་གཞན་དུ་ཚོགས་སྦྱོར་མཐར་ཐུག་པ་གསུངས་པ་ལས་གསལ་ཁ་མེད་ཀྱང་། ཚོགས་སྦྱོར་མཐར་ཐུག་པ་ནི་སྦྱོར་ལམ་བཟོད་པ་ལ་ངོས་འཛིན་དགོས་པ་ལུང་འདི་ལ་བརྟེན་ནས་ཤེས་ནུས་སོ།།

གསུམ་པ་གོ་དོན་ནི། ཚོམ་བུ་ཚོགས་སྒྲུབ་བྱེད་མི་བྱེད་ཀྱི་སྒོ་ནས་དབང་པོ་རྣོ་རྟུལ་གཉིས་སུ་ཡོད་དེ། ལམ་ཆུང་ལས། ནུས་པ་ཐོབ་དང་མ་ཐོབ་པའི། །མཐོང་ལམ་གཉིས་སུ་འགྱུར་བ་ཡིན། །ཞེས་གསུངས་པའི་དོན་རིག་འཛིན་འཇིགས་མེད་གླིང་པས། ཡོན་ཏན་མཛོད་ཀྱི་འགྲེལ་པ་རྣམ་མཁྱེན་ཤིང་རྟ་ལས།[9] དབང་པོ་རྣོ་རྟུལ་དང་ཉེ་རྒྱུའི་སྤྱོད་པ་ལ་བརྟེན་མ་བརྟེན་གྱི་ཆ་ནས་གཞལ་བ་སྟེ། སྔ་མ་ནི་ལམ་རིམ་གྱིས་བཤད་མ་ཐག་པ་ལྟར་དབང་པོ་རྟུལ་པོ་ཉེ་རྒྱུའི་སྤྱོད་པ་དང་མ་འབྲེལ་བ་ནི་རྩ་རླུང་ཐིག་ལེའི་ཟག་པ་དང་བཅས་པའི་སྒྲིབ་བྱེད་ཕྲ་མོས་ས་དང་པོའི་བར་ཆད་མེད་ལམ་ལ་བསྒྲིབས་པས་མཐོང་ལམ་གྱི་གེགས་བྱས་པར་བསྟན་ལ། དབང་པོ་རྣོན་པོ་རྣམས་ནི་ལམ་ཆུང་གིས་བཤད་པ་ལྟར་ཉེ་རྒྱུའི་སྤྱོད་པའི་མཐུ་ལས་ལུས་རྟེན་གྱི་ཆ་ནས་མཐོང་ལམ་ལ་སྒྲིབ་པ་མེད་པ་མདོ་སྔགས་སྤྱིའི་བཤད་སྒྲོས་དང་མཐུན་པར་བསྟན་པ་ཡིན་པས་ཕྱོགས་འགལ་བར་མི་བཟུང་ངོ་། །ཞེས་གསུངས་སོ། །བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་ལས།[10] ཉེ་རྒྱུའི་སྤྱོད་པ་ལ་བརྟེན་ནས་སྐྱེ་ཤི་མེད་པར་བྱས་པ་ལྟ་བུའོ། །ཞེས་གསུངས་པའི་དགོངས་དོན་རྡོ་གྲུབ་ཆེེན་གྱིས་འདི་ལྟར་བཀྲལ་ཏེ། མཛོད་ལྡེ་ལས།[11] རིག་འཛིན་འཇིགས་མེད་གླིང་པས་ཀུན་མཁྱེན་གྱི་དགོངས་པ་བླངས་པ་དང་བསྒྲིགས་ཚེ་ཕྱག་རྒྱ་གཅིག་སྤྲོས་པས་ཚེ་འདིར་ཚེ་དབང་རིག་འཛིན་མ་ཐོབ་པའི་རྒྱུ་མཚན་ཚོགས་སྤྱོད་མ་བྱས་པ་དང་། བྱས་ཀྱང་དགོས་པ་མ་གྲུབ་པ་ལ་བཞེད་པའི་ཁྱད་པར་ཡང་ཡོད་དེ། ཞེས་གསུངས་སོ། །མཚན་ཉིད་ཀྱི་ཟུར་ལ་ལུས་རྒྱ་དང་བྲལ་ནས་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པ་ཞེས་པའི་དོན་ཡང་དབང་རྟུལ་སྦྱོར་ལམ་བཟོད་པ་ནས་ཚེ་འཕོས་ཏེ་རགས་པའི་ལུས་དང་བྲལ་ནས་བར་དོའི་གནས་སྐབས་སུ་རྒྱ་ཆེན་ཙམ་པོ་བ་མཐོང་ལམ་པ་དང་། དབང་རྣོན་ལུས་དེ་མ་སྤངས་པ་རྟེན་དེར་རྡོ་རྗེའི་ལུས་སུ་བསྒྱུར་པའི་ཚེ་དབང་རིག་འཛིན་དེ་གཉིས་གང་རུང་ལ་སྦྱོར་བའི་དོན་ཡིན་པས་གཉིས་ཀ་ལ་ཁྱབ་བོ། །ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་ཅེས་པ་ཡང་ཕྱག་ཆེན་རིག་འཛིན་ཁྱད་པར་བ་ཁོ་ནར་ཐོབ་པའི་དོན་མ་ཡིན་པ་མཐོང་ལམ་ཐོབ་པ་ལ་ཡང་གོ་རུང་སྟེ། གསང་འགྲེལ་ཕྱོགས་བཅུའི་མུན་སེལ་ལས།[12] དེའང་འཕགས་པའི་ཡེ་ཤེས་ཀྱི་ཆ་ནས་ཕྱག་རྒྱ་ཆེན་པོ་དང་། ཞེས་གསུངས་པས་སོ། །ཡང་དེ་ཉིད་ལས།[13] མཚན་ཉིད་གསུམ་ལྡན་ཏེ། ཡི་དམ་ལྷའི་རྣལ་འབྱོར་དུ་སྨིན་པ། ལུས་རྣམ་སྨིན་གྱི་གཟུགས་ལས་གནས་མ་གྱུར་པ། ལུས་རྒྱ་དང་བྲལ་ནས་ཕྱག་རྒྱ་ཆེན་པོའི་སྐུ་འཐོབ་པ་སྟེ། རྔམ་གློག་ལས། ཡིད་ཀྱི་ལྷ་ཡི་གཟུགས་བཟུང་ཞིང་། །ལུས་ཀྱི་རྒྱ་མདུད་གྲོལ་གྱུར་ནས། །ཕྱག་རྒྱའི་སྐུ་ཉིད་གསལ་གྱུར་པ། །རྣམ་པར་སྨིན་ཞེས་དེ་ལ་བརྗོད། །ཅེས་དང་།  ཡིད་ཀྱི་མུན་སེལ་ལས།[14] རྣལ་འབྱོར་པས་ལམ་དུ་བསྐྱེད་རྫོགས་བསྒྲུབ་པས་ལུས་ཐ་མལ་དུ་ཡོད་ལ། སེམས་ལྷའི་སྐུར་སྨིན་པ་སྟེ། སྒྱུ་འཕྲུལ་རྒྱས་པ་ལས། རྒྱ་མིག་རྒྱ་ས་ཇི་ལྟ་བར། །ཕྱག་རྒྱ་ཐོབ་ལ་མ་རེག་པའི། །གཟུགས་རྫོགས་སྟོབས་ཆེན་དེ་ཁོ་ན། །ཞེས་སོ། །དེའང་ཆོས་མཆོག་མ་ཐོབ་པར་ཤི་ན་བར་དོར་ཕྱག་རྒྱ་ལ་སྦྱར་ནས་རིམ་གྱིས་འཚང་རྒྱ་སྟེ། ལམ་རིམ་ལས། གཅིག་དང་དུ་མའི་རྣལ་འབྱོར་པ། །བརྟན་བྱ་ཉིད་པའམ་དེ་ཐོབ་ནས། །ཟླ་དྲུག་བཅུ་དྲུག་བསྙེན་བསྒྲུབ་ཚེ། །རྡོ་རྗེའི་ལུས་སུ་མ་གྱུར་པར། །སྟོབས་ཆུང་རྐྱེན་དམན་ཞན་པའི་ཕྱིར། །རྣམ་རྟོག་འབྱུང་བའི་ལྷག་ལུས་བཞག །རྡོ་རྗེ་འཆང་སར་རིམ་པས་འགྲོ། །ཞེས་དང་། རགས་ལུས་དེ་མ་བོར་ནས་རྟེན་དེ་ལ་ཆོས་མཆོག་ཐོབ་ན་ཚེ་དབང་ལ་སྦྱོར་ཏེ། དེ་དང་ཆོས་མཆོག་དང་ས་གཅིག །ཅེས་དང་། ལམ་རིིམ་ལས། རྐྱེན་གྱིས་བར་མ་ཆད་པ་ན། །དེ་ཡང་རྡོ་རྗེའི་ལུས་སུ་སྦྱོར། །ཞེས་གསུངས་སོ། །རགས་ལུས་དོར་བས་རྟེན་དེར་ཚེ་དབང་ལ་སྦྱོར་མི་སྲིད་དེ། ཡིད་ཀྱི་མུན་སེལ་ལས།[15] ལུས་རྒྱ་དང་བྲལ་མ་ཐག་སེམས་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ལ་སྦྱར་ནས་ལྷུན་གྲུབ་ཐོབ་སྟེ། ཚེ་དབང་བོར་ནས་ཤི་བའོ། །རྒྱུ་མཚན་ལུས་དོར་བས་ཚེ་དབང་མ་ཐོབ་པའོ། །ཞེས་གསུངས་སོ།།

བཞི་པ་དེའི་འབྲས་བུ་ནི། རྣམ་སྨིན་རང་འབྲས་ལ་རྒྱ་ཆེན་ཙམ་པོ་བ་དང་ཚེ་དབང་གང་རུང་ངེས་ལ། དེ་ཡང་དབང་རྣོན་ཡིན་ན་རང་འབྲས་ཚེ་དབང་དང་། དབང་རྟུལ་ལ་རང་འབྲས་རྒྱ་ཆེན་ཙམ་པོ་བ་གཉིས་སུ་འབྱུང་སྟེ། ཡོན་ཏན་མཛོད་ཀྱི་རང་འགྲེལ་རྣམ་མཁྱེན་ཤིང་རྟ་ལས།[16] དེས་སྦྱོར་ལམ་ཆོས་མཆོག་མ་ཐོབ་པར་རྣམ་སྨིན་གྱི་ལུས་རྟེན་ཞིག་ན། སྲིད་པ་ཕྱི་མ་ལ་ཉིང་མཚམས་སྦྱོར་མི་དགོས་པར་བར་དོར་ཕྱག་རྒྱ་ཆེན་པོ་ཐོབ་སྟེ། སེམས་ལྷ་སྐུ་སྒྱུ་མའི་སྟོང་གཟུགས་ཙམ་དུ་སྨིན་ཟིན་པས་རྣམ་སྨིན་གྱི་ལུས་དོར་མ་ཐག་བྱང་ཆུབ་སེམས་དཔའི་མཐོང་ལམ་ཐོབ་པར་འགྱུར་རོ། །རྟེན་དེས་ཆོས་མཆོག་ཐོབ་ན་ནི། ཚེ་ལ་དབང་བསྒྱུར་བའི་རིག་འཛིན་གྱི་དམ་པ་འགྲུབ་པ་ཞེས་བྱ་སྟེ་ལུས་རྟེན་དེ་ཉིད་ཀྱང་དངས་མའི་ལུས་རྡོ་རྗེ་ལྟ་བུར་འགྱུར་ཞིང་སེམས་ཀྱང་མཐོང་ལམ་ཐོབ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་བཞིན་དུ། མཛོད་ལྡེ་ལས།[17] ཞར་བྱུང་ཀུན་མཁྱེན་ཆོས་རྗེའི་བཞེད་པའང་བསྟན་པར་བྱ་སྟེ། ཞེས་པའི་སྐབས་སུ། རྣམ་སྨིན་པ་ལ་འདིར་ཆོས་མཆོག་ཐོབ་ནས་ཚེ་དབང་ལ་སྦྱོར་བ་དང་། ཆོས་མཆོག་མ་ཐོབ་པར་ཤི་ནས་བར་དོར་ཕྱག་ཆེན་གྱི་སྐུ་འཐོབ་པ་གཉིས་ཏེ། སྔ་མས་རིག་འཛིན་བཞི་ཀ་འཐོབ་ཅིང་། ཕྱི་མས་གསུམ་ལས་མི་འཐོབ་བོ། །དེ་ལྟར་གཉིས་ཡོད་པ་བཞིན་དུ་དེ་དག་གིས་ཐོབ་པའི་མཐོང་ལམ་གཉིས་ཀྱང་ཁྱད་ཆེ་བས། ནུས་པ་ཐོབ་དང་མ་ཐོབ་པའི། །སོགས་ཀྱི་ལུང་དོན་ཡང་གནས་སོ། །ཕྱི་མ་འདིས་ཐོབ་པའི་མཐོང་ལམ་ནི་སེམས་ལ་ལྟོས་ཏེ་རྒྱ་ཆེན་རིག་འཛིན་དུ་རུང་ཡང་ལུས་ལ་ལྟོས་ཏེ་རིག་འཛིན་བཞི་གང་ཡང་མིན་ནོ། །ཞེས་གསུངས་སོ། །བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས་ལས།[18] རྒྱ་མིག་ནི་ལུས། རྒྱ་ས་ནི་སེམས་ཕྱག་རྒྱ་ཐོབ་པའི་དོན་ཏོ། །འདི་ཉིད་ཆོས་མཆོག་མ་ཐོབ་པར་འདས་ན། བར་དོར་ཕྱག་རྒྱ་ཆེན་པོ་ཐོབ་སྟེ། རྐོས་ཕོར་དང་། སཱཙྪ་ལྟར་རོ། །རྣམ་སྨིན་གྱི་ལུས་དོར་བ་དང་། སེམས་ལྷའི་སྐུར་སྨིན་ཟིན་པའི་ཕྱིར་ཏེ། ཞེས་གསུངས་སོ། །སེམས་ལ་ལྟོས་ན་ཕྱག་ཆེན་ཡིན་ཡང་དེ་ཙམ་གྱིས་ཕྱག་ཆེན་རིག་འཛིན་དུ་འཇོག་མི་ནུས་ལ་སྐབས་འདིར་གཙོ་བོར་ལུས་ལ་བརྟེན་ནས་འཇོག་དགོས་པས་གོང་དུ་ལུང་དྲངས་ཟིན་པ་ལྟར་རང་འབྲས་རྒྱ་ཆེན་ཙམ་པོ་བ་ལས་མཚན་ཉིད་པར་འཇོག་མི་ནུས་སོ།།

གཉིས་པ་ཚེ་དབང་རིག་འཛིན་གྱི་ངོ་བོ་དང་། ས་མཚམས། གོ་དོན། དེའི་འབྲས་བུ་བཤད་པ་བཞི་ལས། དང་པོ་ངོ་བོ་ནི། སྤྱི་དོན་འོད་གསལ་སྙིང་པོ་ལས།[19] མཐོང་ལམ་ཡན་ཆད་སློབ་པའི་ལམ་ན་རྣམ་སྨིན་གྱི་ལུས་རྡོ་རྗེའི་ལུས་སུ་གནས་གྱུར་ཅིང་ལུས་དེ་མ་སྤངས་པར་སངས་རྒྱས་ཀྱི་སར་སྦྱོར་ལ། ཕུང་པོའི་ཟག་པ་མེད་ཅིང་ཡེ་ཤེས་ཀྱི་གཟིགས་པ་དང་ལྡན་པ་ཚེ་དབང་རིག་འཛིན། ཞེས་གསུངས་སོ། །དེ་ཡང་ཁྱད་པར་གསུམ་ལྡན་ཏེ། ལམ་གྱི་ཁྱད་པར་མཐོང་ལམ་ཡན་ཆད་ཐོབ་པ། སྐུ་ཡི་ཁྱད་པར་རྡོ་རྗེའི་ལུས་སུ་གནས་གྱུར་པ། སྤངས་པའི་ཁྱད་པར་ཡན་ལག་གི་ཟག་པ་གསུམ་སྤངས་པའོ།།

གཉིས་པ་ས་མཚམས་ནི། ལུས་རྟེན་དེར་ཆོས་མཆོག་མཐར་ཕྱིན་ནས་ཚེ་དབང་ཐོབ་པ་ཡིན་ཏེ། ཡིད་ཀྱི་མུན་སེལ་ལས།[20] མ་ཤི་ན་ཆོས་མཆོག་ཆེན་པོའི་ཡེ་ཤེས་མཐར་ཐུག་མཐོང་ལམ་དངོས་སུ་སྐྱེ་བས། སྐྱེ་འཆི་མེད་པ་རྡོ་རྗེའི་སྐུར་གྱུར་པའི་ཕྱིར་ཚེ་དབང་རིག་འཛིན་ཞེས་བྱའོ། །ཞེས་དང་། ཡང་དེ་ཉིད་ལས།[21] ཆོས་མཆོག་རྟེན་ལ་མཐོང་ལམ་དངོས་སུ་ཐོབ་པས་ཚེ་དབང་ལ་སྦྱོར་རོ། །ཞེས་གསུངས་སོ། །མཐོང་ལམ་པ་ཡིན་ན་ཚེ་དབང་རིག་འཛིན་ཡིན་པས་ཁྱབ་པར་མི་བཞེད་ལ་མཐོང་ལམ་པ་ཡིན་ལ་རྒྱ་ཆེན་ཙམ་པོ་བ་ཞིག་ཡོད་པས་དེ་ནི་རིག་འཛིན་བཞི་གང་ཡང་མི་བཞེད་དོ།།

གསུམ་པ་གོ་དོན་ནི།  ཕྱོགས་བཅུའི་མུན་སེལ་ལས།[22] རྣམ་སྨིན་གྱི་ལུས་རྡོ་རྗེའི་ལུས་སུ་གནས་འགྱུར་ཞིང་དེ་ཉིད་མ་སྤངས་པར་སངས་རྒྱས་ཀྱི་ས་ལ་སྦྱོར་བས་ཕུང་པོ་ཟག་པ་མེད་ཅིང་ཡེ་ཤེས་ཀྱི་བློ་སྐྱེས་པ་སྟེ། ཞེས་དང་། ཡིད་ཀྱི་མུན་སེལ་ལས།[23] ལམ་སྔ་མ་མཐར་ཕྱིན་པས་ལུས་དེ་ཉིད་རྡོ་རྗེའི་སྐུ་གྲུབ་ནས་སྐྱེ་འཆི་མེད་ཅིང་། སེམས་འཕགས་པའི་ཡེ་ཤེས་དང་པོ་ཐོབ་པ་སྟེ། ལམ་རིམ་ལས། དོན་མཐོང་འཇུག་པ་མཐར་ཕྱིན་པའི། །ཚོགས་སྤྱོད་བསྒྲུབ་པའི་དངོས་གྲུབ་ཀྱིས། །ལུས་ཁམས་སྐྱེ་གནས་ཟག་པ་ཟད། །རྡོ་རྗེའི་ལུས་གྱུར་ཚེ་ཡི་རིགས། །མཐོང་བའི་ཆོས་ལ་མྱ་ངན་འདས། །ལུས་མ་བོར་བ་རྒྱལ་བའི་ས། །འཇིགས་པ་ཀུན་བྲལ་ཆོ་འཕྲུལ་རྫོགས། །ཞེས་གསུངས་སོ། །རགས་ལུས་དེ་ཉིད་རྡོ་རྗེའི་ལུས་སམ་སྐྱེ་འཆི་རང་མཚན་པ་མེད་པའི་ལུས་སུ་གྱུར་པ་དང་ལུས་དེ་ཉིད་སངས་རྒྱས་ཀྱི་ས་ལ་བགྲོད་དོ། །རྒྱས་པ་ལས། ཚེ་ནི་བཅུ་དང་དྲུག་པ་ཡི། །བརྒྱ་བརྒྱ་དག་ཏུ་བསྣུར་ཞིང་གནས། །ལུས་མ་བོར་བར་སངས་རྒྱས་པ། །ཟག་གསུམ་ཟག་པ་དེ་ལ་མེད། །ཅེས་གསུངས་པའི་ཟག་པ་གསུམ་ནི། ལུས་རང་དབང་མེད་པར་འདོར་བ་ལུས་ཀྱི་ཟག་པ་དང་། ཁམས་བདེ་མི་བདེ་རང་དབང་མེད་པར་འབྱུང་བའི་ཁམས་ཀྱི་ཟག་པ་དང་། ལས་ཀྱིས་རང་དབང་མེད་པར་ལུས་ལེན་པ་སྐྱེ་གནས་ཀྱི་ཟག་པ་སྟེ་དེ་གསུམ་གྱི་ཟག་པ་མེད་དོ། །ཡེ་ཤེས་ཀྱི་གཟིགས་པ་ནི་མཐོང་ལམ་ཡེ་ཤེས་རང་རྒྱུད་ལ་དང་པོ་སྐྱེས་པ་ནས་བཞག་སྟེ། ཡིད་ཀྱི་མུན་སེལ་ལས།[24] སེམས་འཕགས་པའི་ཡེ་ཤེས་དང་པོ་ཐོབ་པ་སྟེ། ཞེས་གསུངས་སོ། །ས་གཞན་དང་གཞན་ལ་ཚེ་དབང་གི་ཐ་སྙད་སྦྱར་བ་ཡོད་དེ། དེ་ཉིད་ལས།[25] ཚེ་དབང་ས་དང་པོ་ཡིན་པ་འཐད་ཀྱི་ས་དང་པོ་ཁོ་ནར་འཇོག་ན་མི་འཐད་དེ། སངས་རྒྱས་ཀྱི་ས་དེ་ཉིད་མཐར་ཐུག་གི་ཚེ་དབང་ཡིན་ཏེ། དབང་བཅུའི་དོན་ལ་དབང་ཐོབ་པའི་ཕྱིར་རོ། །ཞེས་གསུངས་སོ། །དེའི་དོན་ནི་ཚེ་ལ་དབང་ཐོབ་པའི་ཆ་ནས་བཞག་གི་འདིར་བསྟན་ཚེ་དབང་རིག་འཛིན་ཡིན་ཞེས་པའི་དོན་མ་ཡིན་ཏེ། ཕྱོགས་བཅུའི་མུན་སེལ་ལས།[26] སྐྱེ་འཆི་མེད་པའི་ཆ་ནས་ཚེ་དབང་དུ་བཏགས་པའོ། །ཞེས་དང་། ཡང་དེ་ཉིད་ལས།[27] ཚེ་དབང་མཐོང་ལམ་ཡན་ཆད་སློབ་པའི་ས་དང་། ཞེས་ཚེ་དབང་རིག་འཛིན་སློབ་ལམ་པ་ཡིན་པ་དངོས་སུ་གསུངས་སོ།།

བཞི་པ་དེའི་འབྲས་བུ་ནི། ཚེ་དབང་གི་འབྲས་བུ་ཐོད་རྒལ་བ་མེད་པས་ཕྱག་ཆེན་དུ་ངེས་པ་ཡིན་ཏེ། ཡིད་ཀྱི་མུན་སེལ་ལས།[28] དེ་ནས་མཐོང་ཟིན་གོམས་པར་བྱས་པའི་ལམ་ས་བཅུ་ནི་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཏེ། ཆོས་ཉིད་ཟག་པ་མེད་པའི་དོན་གོམས་ཤིང་། ས་གོང་མའི་ཡོན་ཏན་རྫོགས་པར་གོང་ནས་གོང་དུ་གྱུར་པའི་ཕྱིར་རོ། །ཞེས་གསུངས་སོ།།

གསུམ་པ་ཕྱག་ཆེན་རིག་འཛིན་གྱི་ངོ་བོ་དང་། ས་མཚམས། གོ་དོན། དེའི་འབྲས་བུ་བཤད་པ་བཞི་ལས། དང་པོ་ངོ་བོ་ནི། སྤྱི་དོན་འོད་གསལ་སྙིང་པོ་ལས།[29] འཕགས་པ་སློབ་པའི་ལམ་ཁྱད་པར་ཅན་གང་ཞིག་རང་ལུས་གང་བསྒོམས་པའི་ལྷར་གྱུར་ཏེ་སངས་རྒྱས་དང་མཛད་པ་ཆ་འདྲ་ཡང་སྒྲིབ་པ་མཐའ་དག་མ་ཟད་པས་མཐར་འབྲས་དངོས་མ་ཐོབ་པ་ཕྱག་ཆེན་རིག་འཛིན། ཞེས་གསུངས་སོ། །དེ་ཡང་ཁྱད་པར་གསུམ་ལྡན་ཏེ། ལམ་གྱི་ཁྱད་པར་སྒོམ་ལམ་པ། སྐུའི་ཁྱད་པར་རང་ལུས་གང་བསྒོམས་པའི་ལྷར་གྱུར་པ། སྤངས་པའི་ཁྱད་པར་ས་བཅུའི་སྒྲིབ་པ་གང་རུང་སྤངས་པའོ།།

གཉིས་པ་ས་མཚམས་ནི།  ཡིད་ཀྱི་མུན་སེལ་ལས།[30] ས་དང་པོའི་སྐད་ཅིག་གཉིས་པ་ནས། ཞེས་གསུངས་པའི་དོན་སྐད་ཅིག་གཉིས་པ་དེ་ནི་མཐོང་ལམ་གྱི་དེ་མ་ཐག་འབྲས་ས་གཉིས་པ་ལ་ངོས་འཛིན་དགོས་ཏེ། སེམས་ཉིད་ངལ་གསོའི་འགྲེལ་པ་ལས།[31] ཕྱག་རྒྱའི་རིག་འཛིན་ས་གཉིས་པ་ནས། བཅུ་པའི་བར་ཏེ་བསྒོམ་ལམ་ཟག་མེད་ལ་གནས་ཤིང་། ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་གོ་དོན་ནི།  ཕྱོགས་བཅུའི་མུན་སེལ་ལས།[32]  རང་གི་ལུས་གང་བསྒོམ་པའི་ཆ་བྱད་དུ་གནས་གྱུར་པ་སྟེ། ཞུས་ལན་ལས། རང་ལས་རྒྱལ་བའི་ཕྱག་རྒྱ་ཆེ། །བསྒོམས་པས་མངོན་དུ་གྱུར་པའི་ལྷ། །མཚན་དང་དཔེ་བྱད་མངོན་ཤེས་ལྡན། །ཕྱག་རྒྱ་ཆེན་པོའི་རིག་འཛིན་གྲགས། །ཞེས་སོ། །འོ་ན་སངས་རྒྱས་དངོས་སུ་འགྱུར་མོད་སྙམ་ན། ད་དུང་སྒྲིབ་པ་མཐའ་དག་མ་བྲལ་བས་བསྒྲུབ་དགོས་ཏེ། འདི་ལྟར་མངོན་རྟོགས་རྒྱན་ལས། སངས་རྒྱས་ཉིད་ནི་ཐོབ་པ་དང་། །ཞེས་ས་དང་པོར་སངས་རྒྱས་ཐོབ་པར་བཤད་ཀྱང་། ས་ལྷག་མའི་དྲི་མ་སྦྱང་དགོས་པར་གསུངས་པ་བཞིན་དུ་འདིར་ཡང་ཤེས་པར་བྱ་སྟེ། རྡོ་རྗེ་ལས། བྱང་ཆུབ་ཕྱག་རྒྱའི་ཆ་ལུགས་སྐུ། །མཚན་དང་དཔེ་བྱད་ལ་སོགས་པས། །ཆ་ལུགས་མངོན་དུ་གྱུར་ན་ཡང་། །ཞི་བ་དེ་ཉིད་མཐོང་བ་མིན། །ཞེས་གསུངས་པ་ལྟར་རོ།།

བཞི་པ་དེའི་འབྲས་བུ་ནི། འབྲས་བུ་ལྷུན་གྲུབ་རིག་འཛིན་དུ་ངེས་པ་ཡིན་ཏེ། ཡིད་ཀྱི་མུན་སེལ་ལས།[33]  དེ་ནས་ལྷུན་གྱིས་གྲུབ་པའི་རིག་འཛིན་སངས་རྒྱས་ཀྱི་ས་ལ་སྦྱོར་བ་ཡིན་ནོ། །ཞེས་གསུངས་སོ།།

བཞི་པ་ལྷུན་གྲུབ་རིག་འཛིན་གྱི་ངོ་བོ་དང་། ས་མཚམས། གོ་དོན། དེའི་འབྲས་བུ་བཤད་པ་བཞི་ལས། དང་པོ་ངོ་བོ་ནི། སྤྱི་དོན་འོད་གསལ་སྙིང་པོ་ལས།[34] སྤངས་རྟོགས་མཐར་ཕྱིན་ནས་མི་སློབ་པ་མངོན་དུ་མཛད་པ་ལྷུན་གྲུབ་རིག་འཛིན། ཞེས་གསུངས་སོ། །དེ་ཡང་ཁྱད་པར་གསུམ་ལྡན་ཏེ། ལམ་གྱི་ཁྱད་པར་མི་སློབ་ལམ་ལ་གནས་པ་དང་། རྟོགས་པའི་ཁྱད་པར་སྐུ་ལྔ་ཡེ་ཤེས་ལྔ་མངོན་དུ་གྱུར་པ། སྤངས་པའི་ཁྱད་པར་སྒྲིབ་གཉིས་ཟད་པར་སྤངས་པའོ།།

གཉིས་པ་ས་མཚམས་ནི། ལྷུན་གྱིས་གྲུབ་པའི་རིག་འཛིན་ནི་སངས་རྒྱས་ཀྱི་ས་ལ་བརྗོད་དེ། ཡིད་ཀྱི་མུན་སེལ་ལས།[35] ལྷུན་གྲུབ་ནི་སངས་རྒྱས་ཀྱི་ས་ལ་འདོད་དེ། འདི་ལས། དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ཡིན། །ཞེས་པས། མཐར་ཕྱིན་པའི་ལམ་དུ་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ།།

གསུམ་པ་གོ་དོན་ནི། སྤངས་རྟོགས་ཡོན་ཏན་མཐའ་དག་ལྷུན་གྱིས་གྲུབ་པ་ལྷུན་གྲུབ་རིག་འཛིན་ནི། ཕྱོགས་བཅུའི་མུན་སེལ་ལས།[36] སྤངས་པ་དང་རྟོགས་པ་མཐར་ཕྱིན་པའི་སངས་རྒྱས་ཏེ། རྡོ་རྗེ་ལས། སྔ་མའི་རིགས་ལས་མཐུ་རྫོགས་པས། །བཤད་པ་བཞིན་དུ་དྲི་མ་སྦྱོངས། །ལྷུན་གྱིས་གྲུབ་པའི་རིག་འཛིན་ནོ། །ཞེས་གསུངས་སོ། །ཡིད་ཀྱི་མུན་སེལ་ལས།[37] གཉིས་པ་མཐར་ཐུག་གི་འབྲས་བུ་ནི། སློབ་པའི་ལམ་མཐར་ཕྱིན་ནས་མི་སློབ་པའི་ལམ་ལ་གནས་པའི་ཕྱིར་མཐར་ལམ་མངོན་དུ་མཛད་ཅིང་། ཆོས་སྐུའི་ཤེས་རབ་སྤྲོས་པའི་མཐའ་དང་བྲལ་བ་གནས་ལུགས་དོན་གྱི་ཡེ་ཤེས་དང་། ལོངས་སྐུའི་ཤེས་རབ་དུག་ལྔ་ཡེ་ཤེས་སུ་ཤར་བ་རང་བྱུང་གི་ཡེ་ཤེས་དང་། སྤྲུལ་སྐུའི་ཤེས་རབ་ཇི་སྙེད་ཇི་ལྟ་མཁྱེན་ནས་ཕྲིན་ལས་ལྷུན་གྲུབ་ཀྱི་ཡེ་ཤེས་གསུམ་ལ་མངའ་བརྙེས་ཤིང་། ཆོས་ཐམས་ཅད་ལ་མངའ་དབང་རྫོགས་པར་ལྷུན་གྱིས་གྲུབ་པ་སྟེ། ཞེས་གསུངས་སོ།།

བཞི་པ་དེའི་འབྲས་བུ་ནི། སངས་རྒྱས་ཀྱི་ས་ན་གདུལ་བྱ་གཞན་གྱི་དོན་འབད་མེད་དུ་འབྱུང་བ་ནི་འབྲས་བུ་བཞག་ན་མི་འཐད་པར་མ་མཐོང་ལ། སྤྱིར་ལྷུན་གྱིས་གྲུབ་པའི་རིག་འཛིན་རང་ཉིད་འབྲས་བུ་མཐར་ཐུག་པ་སངས་རྒྱས་ཀྱི་ས་ཡིན་པས་རྒྱུད་གཅིག་ཏུ་གྱུར་པའི་འབྲས་བུ་ཕྱི་མ་མེད་དོ།།

གསུམ་པ་དེ་དག་གི་དོན་བསྡུ་བ་ནི། ཀུན་མཁྱེན་ཆེན་པོའི་ལུགས་ལ་ཐོད་རྒལ་བ་དངོས་སུ་མ་གསུངས་ཀྱང་། དབང་པོ་རྟུལ་པོས་རྣམ་སྨིན་ནས་ཚེ་དབང་བོར་ཏེ་བར་དོའི་གནས་སྐབས་ཕྱག་ཆེན་ཙམ་པོ་བ་ལ་སྦྱོར་བས་རིག་འཛིན་ཐོད་རྒལ་བ་ཡོད་པ་དོན་གྱིས་གོ་ནུས་སོ། །ལམ་ལ་ནི་ཐོད་རྒལ་བ་ཡོད་པ་མི་བཞེད་ལ་ཡོད་ཀྱང་མི་སྲིད་དོ། །ཕྱོགས་བཅུའི་མུན་སེལ་ལས།[38] རིག་འཛིན་དེ་དག་གིས་འགྲོ་བའི་དོན་དུ་མིའི་གཙོ་བོ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། ལྷའི་གཙོ་བོ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་དང་། ཚངས་པ་ཆེན་པོའི་སྐྱེ་བར་སྤྲུལ་ནས་གང་ལ་གང་འདུལ་གྱིས་དོན་བྱེད་དོ། །ཁ་ཅིག་རྣམ་སྨིན་གྱིས་མི། ཚེ་དབང་གིས་ལྷ། ཕྱག་རྒྱ་ཆེན་པོས་ཚངས་པ། ལྷུན་གྲུབ་ཀྱིས་ཀུན་གྱི་རོལ་པར་བཞེད་དེ་འགལ་བ་མེད་དོ། །ཞེས་སྤྲུལ་པས་དོན་བྱེད་ཚུལ་འདོད་པ་མི་འདྲ་བ་ཡོད་ཀྱང་དོན་ལ་མི་འགལ་བར་གསུངས་སོ། །ཡང་དེ་ཉིད་ལས།[39] རྣམ་སྨིན་ཚོགས་སྦྱོར་མཐར་ཐུག་གི་ས་དང་། ཚེ་དབང་མཐོང་ལམ་ཡན་ཆད་སློབ་པའི་ས་དང་། ཕྱག་རྒྱ་ཆེན་པོ་འཕགས་པའི་ཡེ་ཤེས་མཐོང་སྒོམ་གྱི་རྟོགས་པ་ཁྱད་པར་ཅན་གྱི་ས་དང་། ལྷུན་གྲུབ་སངས་རྒྱས་ཀྱི་སས་བསྡུས། ཞེས་པས་ས་མཚམས་རྣམ་སྨིན་རིག་འཛིན་སྦྱོར་ལམ་བཟོད་པ་དང་ཚེ་དབང་མཐོང་ལམ་པ་ཡིན་དགོས་ཀྱང་འདིར་བསྟན་མཐོང་ལམ་པ་ཡིན་ཚད་ཚེ་དབང་འཇོག་མི་ནུས་ལ་རྒྱ་ཆེན་རིག་འཛིན་སྒོམ་ལམ་པ་དང་ལྷུན་གྲུབ་རིག་འཛིན་མི་སློབ་པའི་ལམ་པ་ཡིན་པར་བསྟན་ཏོ། །ཞེས་ཀུན་མཁྱེན་ཆེན་པོའི་ལུགས་ཀྱི་རིག་འཛིན་བཞིའི་རྣམ་གཞག་གོ་བདེ་ཙམ་ཞིག་རང་བློས་གང་ལྕོགས་ཀྱིས་གཞུང་གོང་འོག་བསྒྲིགས་ནས་བཀོད་པ་ཡིན་ནོ།།

རབ་གནས་ས་ཕག་ལོའི་དབོ་ཟླ་བའི་ཚེས་ ༢༧ ལ་རྫོགས་པར་བྲིས་པ་དགེའོ།།


[1]  ཞེ་ཆེན་དཔེ་ཚོགས་ཀྱི་འཕྲུལ་དེབ། ཤོག་གྲངས། ༢༡༩ པར་གསལ།

[2]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༡༨༩ པར་གསལ།

[3]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༣༩༡ པར་གསལ།

[4]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དཔེ་རིང་། ཤོག་གྲངས། ༦༩ པར་གསལ།

[5]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དཔེ་རིང་། ཤོག་གྲངས། ༡༦༤ པར་གསལ།

[6]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དཔེ་རིང་། ཤོག་གྲངས། ༧༡ པར་གསལ།

[7]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༦༩ པར་གསལ།

[8]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༤༤ པར་གསལ།

[9]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༣༠༤ པར་གསལ།

[10]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། ཤོག་གྲངས། ༦༤༡ པར་གསལ།

[11]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དཔེ་རིང་། ཤོག་གྲངས། ༡༦༣ པར་གསལ།

[12]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༣༩༣ པར་གསལ།

[13]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༣༩༢ པར་གསལ།

[14]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༦༦ པར་གསལ།

[15]   ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༤༥ པར་གསལ།

[16]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༣༠༢ པར་གསལ།

[17]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དཔེ་རིང་། ཤོག་གྲངས། ༡༥༦ པར་གསལ།

[18]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། ཤོག་གྲངས། ༦༣༩ པར་གསལ།

[19]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དཔེ་རིང་། ཤོག་གྲངས། ༦༩ པར་གསལ།

[20]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༤༥ པར་གསལ།

[21]  ཐཱའི་ཝན་བསྐྱར་དཔར་མ།  དཔེ་རིང་། ཤོག་གྲངས། ༡༤༦ པར་གསལ།

[22]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༣༩༢ པར་གསལ།

[23]  ཐཱའི་ཝན་བསྐྱར་དཔར་མ།  དཔེ་རིང་། ཤོག་གྲངས། ༡༦༧ པར་གསལ།

[24]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༦༧ པར་གསལ།

[25]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༦༧ པར་གསལ།

[26]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༣༩༤ པར་གསལ།

[27]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༣༩༣ པར་གསལ།

[28]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༤༥ པར་གསལ།

[29]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དཔེ་རིང་། ཤོག་གྲངས། ༦༩ པར་གསལ།

[30]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༦༧ པར་གསལ།

[31]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༥༥༢ པར་གསལ།

[32]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༣༩༢ པར་གསལ།

[33]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༤༦ པར་གསལ།

[34]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དཔེ་རིང་། ཤོག་གྲངས། ༦༩ པར་གསལ།

[35]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༦༧ པར་གསལ།

[36]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༣༩༣ པར་གསལ།

[37]  ཐཱའི་ཝན་བསྐྱར་དཔར་མ། དཔེ་རིང་། ཤོག་གྲངས། ༡༦༨ པར་གསལ།

[38]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༣༩༣ པར་གསལ།

[39]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༣༩༣ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།