དབུ་མ་རྩ་འཇུག་བཞི་གསུམ་གྱི་ངོ་སྤྲོད།

རྩོམ་སྒྲིག་པ།

༡༽ དབུ་མ་རྩ་བ་ཤེས་རབ།

མཛད་པ་པོ་ནི། རྒྱལ་བའི་ལུང་གིས་བསྟན་ཅིང་བཀའ་འཁོར་ལོ་རིམ་པ་གསུམ་གྱི་དགོངས་པ་རྒྱ་ཆེར་གསལ་བར་མཛད་པས་སངས་རྒྱས་གཉིས་པ་ཞེས་ཡོངས་སུ་གྲགས་པ་མ་ཟད། ཁྱད་པར་དུ་ཐེག་པ་ཆེན་པོའི་བསྟན་པ་ས་ཡི་སྟེང་ཀུན་ཏུ་ཁྱབ་པར་མཛད་པ་པོ། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ། ཟབ་མོ་དབུ་མའི་ཤིང་རྟ་ཆེན་པོ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡིན་ཏེ། གཞུང་འདི་ཉིད་ཀྱི་མཛད་བྱང་དུ།[1] སློབ་དཔོན་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ། དེ་བཞིན་གཤེགས་པའི་ཐེག་པ་བླ་ན་མེད་པའི་ཚུལ་གསལ་བར་བྱེད་པ། རབ་ཏུ་དགའ་བའི་ས་བསྒྲུབས་ནས། བདེ་བ་ཅན་གྱི་ཞིང་དུ་གཤེགས་པ། འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར། དེ་བཞིན་གཤེགས་པ་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བས་མཛད་པ། ཞེས་གསུངས་སོ།།

བརྗོད་བྱ་ནི། རྒྱལ་བའི་དགོངས་པ་དྲི་མ་མེད་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་དོན། དངོས་པོའི་གནས་ལུགས་མཐར་ཐུག་པ་དོན་དམ་བདེན་པ་ཇི་བཞིན་དུ་གསལ་བར་མཛད་པ་ཡིན་ཏེ། གཞུང་ལས།[2] དབུ་མ་རྩ་བའི་ཚིག་ལེའུར་བྱས་པ་ཤེས་རབ་ཅེས་བྱ་བ་ཐེག་པ་ཆེན་པོའི་ཆོས་མངོན་པ་རྣམ་པར་གཞག་པ། དོན་དམ་པའི་དེ་ཁོ་ན་ཡང་དག་པར་སྟོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ། ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་རྟེན་འབྲེལ་ཟབ་མོའི་དེ་ཁོ་ན་ཉིད་རྒྱས་པར་གཏན་ལ་ཕབ་པ་སྟེ། གཞུང་འདི་ཉིད་ལས།[3] གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་དང་། དཔལ་ལྡན་ཟླ་བའི་དབུ་མ་ཚིག་གསལ་ལས།[4] དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་འགག་པ་མེད་པ་ལ་སོགས་པ་ཁྱད་པར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་ནི། བསྟན་བཅོས་ཀྱི་བརྗོད་པར་བྱ་བ་ཡིན་ཞིང་མྱ་ངན་ལས་འདས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་ཞི་བའི་མཚན་ཉིད་ཅན་ནི་བསྟན་བཅོས་ཀྱི་དགོས་པར་བསྟན་ལ། ཞེས་གསུངས་སོ། །དེ་རྣམས་ལས་ཀྱང་སྐྱེ་བ་མེད་པ་གཏན་ལ་ཕབ་ན་གཞན་རྟོགས་སླ་བར་དགོངས་ནས་གཞུང་འདིར་སྐྱེ་བ་མེད་པ་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་བསྟན་པ་སྟེ། དེ་ཉིད་ལས།[5] ད་ནི་སློབ་དཔོན་རྟེན་ཅིང་འབྲེལ་བར་འབྱུང་བ་འགག་པ་མེད་པ་ལ་སོགས་པས་ཁྱད་པར་དུ་འཕགས་པར་གྱུར་པ་བསྟན་པར་བཞེད་ནས། སྐྱེ་བ་བཀག་པས་འགག་པ་ལ་སོགས་པ་དགག་པ་སླ་བར་དགོངས་ཤིང་ཐོག་མར་སྐྱེ་བ་དགག་པ་རྩོམ་པ་མཛད་དོ། །སྐྱེ་བ་ཡང་གཞན་གྱིས་བརྟགས་པ་ན་བདག་གམ་གཞན་ནམ་གཉི་གའམ་རྒྱུ་མེད་པ་ཞིག་ལས་རྟོག་གྲང་ན། ཐམས་ཅད་དུ་འཐད་པ་མ་ཡིན་ནོ་སྙམ་དུ་ངེས་པར་མཛད་ནས་བཤད་པ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སོགས་གསུངས་པ་ལྟར་དངོས་པོའི་གནས་ཚུལ་ལ་ཕྱིན་ཅི་ལོག་ཏུ་རྟོག་པའི་ཕྱི་རོལ་པ་རྣམས་དང་། རང་སྡེ་དངོས་པོར་སྨྲ་བ་རྣམས་ཀྱིས་བདེན་པར་ཡོད་པའི་སྒྲུབ་བྱེད་མཐའ་བཞི་ལས་སྐྱེ་བར་འདོད་པ་རྣམས་རིགས་པའི་རྣམ་གྲངས་དུ་མའི་སྒོ་ནས་བཀག་སྟེ་མཐའ་བྲལ་དབུ་མ་ཆེན་པོའི་གནས་ལུགས་ཇི་ལྟ་བ་བཞིན་གསལ་བར་མཛད་པ་ཡིན་ནོ།།

རྗོད་བྱེད་ནི། རབ་བྱེད་ཉི་ཤུ་རྩ་བདུན་ཡོད་དེ། གཞུང་ལས།[6] འདི་ལ་རབ་ཏུ་བྱེད་པ་ཉི་ཤུ་རྩ་བདུན། ཤླཽ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་ཡོད། བམ་པོ་ནི་ཕྱེད་དང་གཉིས་སུ་བྱས་སོ། །ཞེས་གསུངས་པ་ལྟར། མཆོད་པར་བརྗོད་པ་དང་རབ་བྱེད་དང་པོ་རྐྱེན་བརྟག་པ་ལ་ཤླཽ་ཀ་བཅུ་དྲུག ༡༦ རབ་བྱེད་གཉིས་པ་འགྲོ་བ་དང་འོང་བ་བརྟག་པ་ལ་ཤླཽ་ཀ་ཉེར་ལྔ། ༢༥ རབ་བྱེད་གསུམ་པ་དབང་པོ་བརྟག་པ་ལ་ཤླཽ་ཀ་བརྒྱད། ༨ རབ་བྱེད་བཞི་པ་ཕུང་པོ་བརྟག་པ་ལ་ཤླཽ་ཀ་དགུ། ༩ རབ་བྱེད་ལྔ་པ་ཁམས་བརྟག་པ་ལ་ཤླཽ་ཀ་བརྒྱད། ༨ རབ་བྱེད་དྲུག་པ་འདོད་ཆགས་དང་ཆགས་པ་བརྟག་པ་ལ་ཤླཽ་ཀ་བཅུ། ༡༠ རབ་བྱེད་བདུན་པ་སྐྱེ་བ་དང་གནས་པ་དང་འཇིག་པ་བརྟག་པ་ལ་ཤླཽ་ཀ་སོ་བཞི། ༣༤ རབ་བྱེད་བརྒྱད་པ་བྱེད་པ་པོ་དང་ལས་བརྟག་པ་ལ་ཤླཽ་ཀ་བཅུ་གསུམ། ༡༣ རབ་བྱེད་དགུ་པ་སྔ་རོལ་ན་གནས་པ་བརྟག་པ་ལ་ཤླཽ་ཀ་བཅུ་གཉིས། ༡༢ རབ་བྱེད་བཅུ་པ་མེ་དང་བུད་ཤིང་བརྟག་པ་ལ་ཤླཽ་ཀ་བཅུ་དྲུག ༡༦ རབ་བྱེད་བཅུ་གཅིག་པ་སྔོན་དང་ཕྱི་མའི་མཐའ་བརྟག་པ་ལ་ཤླཽ་ཀ་བརྒྱད། ༨ རབ་བྱེད་བཅུ་གཉིས་པ་བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་ལ་ཤླཽ་ཀ་བཅུ། ༡༠ རབ་བྱེད་བཅུ་གསུམ་པ་འདུ་བྱེད་བརྟག་པ་ལ་ཤླཽ་ཀ་བརྒྱད། ༨ རབ་བྱེད་བཅུ་བཞི་པ་ཕྲད་པ་བརྟག་པ་ལ་ཤླཽ་ཀ་བརྒྱད། ༨ རབ་བྱེད་བཅོ་ལྔ་པ་རང་བཞིན་བརྟག་པ་ལ་ཤླཽ་ཀ་བཅུ་གཅིག ༡༡ རབ་བྱེད་བཅུ་དྲུག་པ་བཅིངས་པ་དང་ཐར་པ་བརྟག་པ་ལ་ཤླཽ་ཀ་བཅུ། ༡༠ རབ་བྱེད་བཅུ་བདུན་པ་ལས་བརྟག་པ་ལ་ཤླཽ་ཀ་སོ་གསུམ། ༣༣ རབ་བྱེད་བཅྭ་བརྒྱད་པ་བདག་དང་ཆོས་བརྟག་པ་ལ་ཤླཽ་ཀ་བཅུ་གཉིས། ༡༢ རབ་བྱེད་བཅུ་དགུ་པ་དུས་བརྟག་པ་ལ་ཤླཽ་ཀ་དྲུག ༦ རབ་བྱེད་ཉི་ཤུ་པ་ཚོགས་པ་བརྟག་པ་ལ་ཤླཽ་ཀ་ཉེར་བཞི། ༢༤ རབ་བྱེད་ཉེར་གཅིག་པ་འབྱུང་བ་དང་འཇིག་པ་བརྟག་པ་ལ་ཤླཽ་ཀ་ཉེར་གཅིག ༢༡ རབ་བྱེད་ཉེར་གཉིས་པ་དེ་བཞིན་གཤེགས་པ་བརྟག་པ་ལ་ཤླཽ་ཀ་བཅུ་དྲུག ༡༦ རབ་བྱེད་ཉེར་གསུམ་པ་ཕྱིན་ཅི་ལོག་བརྟག་པ་ལ་ཤླཽ་ཀ་ཉེར་ལྔ། ༢༥ རབ་བྱེད་ཉེར་བཞི་པ་འཕགས་པའི་བདེན་པ་བརྟག་པ་ལ་ཤླཽ་ཀ་བཞི་བཅུ། ༤༠ རབ་བྱེད་ཉེར་ལྔ་པ་མྱ་ངན་ལས་འདས་པ་བརྟག་པ་ལ་ཤླཽ་ཀ་ཉེར་བཞི། ༢༤ རབ་བྱེད་ཉེར་དྲུག་པ་སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་ལ་ཤླཽ་ཀ་བཅུ་གཉིས། ༡༢ རབ་བྱེད་ཉེར་བདུན་པ་ལྟ་བ་བརྟག་པ་དང་། བཀའ་དྲིན་དྲན་པའི་ཕྱག་འཚལ་བ་བཅས་ལ་ཤླཽ་ཀ་སུམ་ཅུ། ༣༠ བསྡོམས་པས་ཤླཽ་ཀ་བཞི་བརྒྱ་བཞི་བཅུ་རྩ་དགུ་ཡོད་དོ།།

༢༽ དབུ་མ་བཞི་བརྒྱ་པ།

མཛད་པ་པོ་ནི། སངས་རྒྱས་གཉིས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཐུགས་སྲས་ཡོངས་ཀྱི་ཐུ་བོར་གྱུར་པ། འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ཡ་གྱལ། སློབ་དཔོན་འཕགས་པ་ལྷ་ཡིན་ཏེ། གཞུང་འདི་ཉིད་ལས།[7] སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་མཛད་པ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་ཚིག་ལེའུར་བྱས་པ། ཞེས་དང་། དཔལ་ལྡན་ཟླ་བའི་འགྲེལ་ཆེན་ལས།[8] འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པ་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་ཞིག་སྟེ་མཐར་རྒྱལ་ཚབ་བོར་ནས་དེ་ཉིད་དུ་རབ་ཏུ་འབྱུང་ཞིང་། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ལྟར་འོངས་ཏེ་ཀླུ་སྒྲུབ་ཀྱི་ཉེ་གནས་ཉིད་དུ་འགྱུར་ཞིང་། དེའི་ལུགས་ཀྱི་རྗེས་སུ་འཇུག་པར་གྱུར་པ་དེ་ཉིད་ཀྱི་ཕྱིར་ན་བསྟན་བཅོས་བཞི་བརྒྱ་པ་འདིའི་དེ་ཁོ་ན་ཉིད་གང་ཡིན་པ་དེ་ནི་དབུ་མའི་བསྟན་བཅོས་ལས་བཤད་པའི་དེ་ཁོ་ན་ཉིད་ལས་མཚན་ཉིད་ཐ་དད་པ་ཅན་མ་ཡིན་ནོ། །ཞེས་གསུངས་སོ།།

བརྗོད་བྱ་ནི། ཐབས་ཐ་སྙད་ཀྱི་དེ་ཁོ་ན་ཉིད་དང་། ཐབས་བྱུང་དོན་དམ་པའི་དེ་ཁོ་ན་ཉིད་ཇི་ལྟར་རྣལ་འབྱོར་དུ་བྱ་བའི་ཚུལ་སྟོན་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་དབུ་མ་རྩ་བ་ཤེས་རབ་ཏུ་དངོས་པོར་སྨྲ་བ་རྣམས་ཀྱི་འདོད་པ་རྒྱ་ཆེར་བཀག་པ་ལ། ཁ་ཅིག་གིས། འདི་ནི་རྩོད་པ་ལྷུར་ལེན་པའི་བསྟན་བཅོས་སོ་སྙམ་པའི་དོགས་པ་སེལ་བའི་ཆེད་ཟབ་མོ་དབུ་མའི་སྒོམ་གྱི་རིམ་པ་གསལ་བར་བཤད་པའོ། །དེ་ཡང་སློབ་དཔོན་ཟླ་བ་གྲགས་པའི་འགྲེལ་ཆེན་ལས།[9] འདིར་སློབ་དཔོན་འཕགས་པ་ལྷས་ཉེ་བར་སྦྱར་བ་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་བསྟན་བཅོས་ཀྱི་རབ་ཏུ་བྱེད་པ་བཅུ་དྲུག་གི་ཚིག་ལེའུར་བྱས་པའི་དོན་འགྲེལ་པ་གཅིག་གིས་རྣམ་པར་དབྱེ་བར་འདོད་པས་དེའི་སྤྱི་དོན་ཉེ་བར་བསྟན་པའི་ཕྱིར་བཤད་པ། གང་ལས་འཇིག་རྟེན་དངོས་པོ་ཇི་ལྟར་གནས་པ་བཞིན། །རྣམ་པར་ཕྱེ་ནས་རིམ་གྱིས་དོན་དམ་སྟོན་གྱུར་པ། །དེ་ལ་རབ་ཏུ་བྱེད་པ་དང་པོ་བཞིས་ནི་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་ཡོངས་སུ་གསལ་བར་བྱ་སྟེ། འདི་ལྟར་གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དག་ནི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་སྐྱེ་བ་ཡིན་ལ་དེ་དག་ཀྱང་སྐྱེ་བ་དང་ལྡན་པ་ཉིད་ཀྱི་ཕྱིར་ན་མི་རྟག་པའོ། །གང་དག་མི་རྟག་པ་དེ་དག་གདོན་མི་ཟ་བར་མི་རྟག་པ་ཉིད་ཀྱིས་གནོད་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་སྡུག་བསྔལ་བའོ། །གང་དག་སྡུག་བསྔལ་བ་དེ་དག་ནི་རྟག་ཏུ་སྐྱོ་བ་བསྐྱེད་པར་བྱེད་པ་ཉིད་ཀྱི་ཕྱིར་མི་གཙང་བའོ། །གང་དག་མི་གཙང་བ་དེ་དག་ནི་དོར་བར་བྱ་བ་ཉིད་ཀྱིས་བདག་ཏུ་འཛིན་པ་དང་བདག་གིར་འཛིན་པས་ཡོངས་སུ་གཟུང་བར་མི་འོས་པ་ཉིད་ཀྱིས་ང་དང་ངའི་འབྱུང་བར་མི་འོས་པ་ཉིད་ཀྱི་ཕྱིར་ན་བདག་མེད་པའོ། །དེའི་ཕྱིར་འཇིག་རྟེན་པའི་དངོས་པོ་དེ་ལྟ་བུ་འདི་ཕྱིན་ཅི་ལོག་ལས་རྣམ་པ་གཞན་དུ་སྣང་བས་གདོན་མི་ཟ་བར་འདི་སྤང་བར་བྱ་བ་ཉིད་དུ་མངོན་པར་གསལ་བར་བྱས་ནས་སངས་རྒྱས་ཉིད་བླང་བར་བྱ་བ་ཉིད་ཡིན་ནོ། །དེ་ནི་བྱང་ཆུབ་སེེམས་དཔའི་སྤྱོད་པ་ཡང་དག་པར་བསྟན་པས་འཐོབ་པའི་ཕྱིར་ལྔ་པས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་ཏོ། །ཉོན་མོངས་པས་ཟིལ་གྱིས་མནན་པ་ནི་བྱང་ཆུབ་སེམས་དཔའི་སྤྱོད་པའི་བར་དུ་གཅོད་པར་བྱེད་པ་ཡིན་པས་ན་དྲུག་པས་ཉོན་མོངས་པ་དཔྱད་དོ། །བདུན་པས་ནི་ཡུལ་རྣམས་ཉོན་མོངས་པ་རྣམས་སྐྱེ་བ་དང་གནས་པ་དང་འཕེལ་བའི་རྒྱུ་ཡིན་པས་ན་ཡུལ་དཔྱད་དོ། །ཡུལ་དེ་དག་ཀྱང་སེམས་ཅན་ཆོས་ཀྱི་རང་བཞིན་མ་རྟོགས་ཤིང་ཡུལ་རྣམས་ལ་ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་དང་ལྡན་པ་རྣམས་ལ་ཉོན་མོངས་པ་སྐྱེ་བའི་རྒྱུ་ཡིན་པས་བསྟན་བཅོས་འདི་ལས་དོན་དམ་པ་བསྟན་པ་དེ་ལ་ཆོས་ཀྱི་རང་བཞིན་རྣམ་པར་བཤད་པ་དང་ཉན་པར་འདོད་པའི་སློབ་མའི་སེམས་ཀྱི་རྒྱུད་ལས་སུ་རུང་བར་བྱ་བའི་ཕྱིར། བརྒྱད་པ་ཡོངས་སུ་སྦྱོང་བའི་རབ་ཏུ་བྱེད་པའོ། །དེའི་འོག་ཏུ་རབ་ཏུ་བྱེད་པ་བརྒྱད་ཀྱིས་ཆོས་རྣམས་ཀྱི་རང་བཞིན་མེད་པ་ཉིད་བསྟན་ཏོ་ཞེས་བྱ་བ་ནི་བསྟན་བཅོས་བཞི་བརྒྱ་པའི་བསྡུས་པའི་དོན་ཏོ། །ཞེས་གསུངས་པ་བཞིན་ནོ།།

རྗོད་བྱེད་ནི། གཞུང་འདི་ལ་རབ་ཏུ་བྱེད་པ་བཅུ་དྲུག་ཡོད་དེ། རབ་བྱེད་དང་པོ་རྟག་པར་འཛིན་པ་སྤང་བའི་ཐབས་བསྟན་པ། རབ་བྱེད་གཉིས་པ་བདེ་བར་འཛིན་པ་སྤང་བའི་ཐབས་བསྟན་པ། རབ་བྱེད་གསུམ་པ་གཙང་བར་འཛིན་པ་ཕྱིན་ཅི་ལོག་སྤང་བའི་ཐབས་བསྟན་པ། རབ་བྱེད་བཞི་པ་བདག་ཏུ་འཛིན་པ་སྤང་བའི་ཐབས་བསྟན་པ། རབ་བྱེད་ལྔ་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ། རབ་བྱེད་དྲུག་པ་ཉོན་མོངས་པ་སྤང་བའི་ཐབས་བསྟན་པ། རབ་བྱེད་བདུན་པ་མི་ཉིད་ཀྱིས་འདོད་པའི་ལོངས་སྤྱོད་ལ་ཞེན་པ་སྤང་བའི་ཐབས་བསྟན་པ། རབ་བྱེད་བརྒྱད་པ་སློབ་མ་ཡོངས་སུ་སྦྱང་བ། རབ་བྱེད་དགུ་པ་དངོས་པོ་རྟག་པ་དགག་པ་བསྒོམ་པ་བསྟན་པ། རབ་བྱེད་བཅུ་པ་བདག་དགག་པ་བསྒོམ་པ་བསྟན་པ། རབ་བྱེད་བཅུ་གཅིག་པ་དུས་དགག་པ་བསྒོམ་པ་བསྟན་པ། རབ་བྱེད་བཅུ་གཉིས་པ་ལྟ་བ་དགག་པ་བསྒོམ་པ་བསྟན་པ། རབ་བྱེད་བཅུ་གསུམ་པ་དབང་པོ་དང་དོན་དགག་པ་བསྒོམ་པ་བསྟན་པ། རབ་བྱེད་བཅུ་བཞི་པ་མཐར་འཛིན་པ་དགག་པ་བསྒོམ་པ་བསྟན་པ། རབ་བྱེད་བཅོ་ལྔ་པ་འདུས་བྱས་ཀྱི་དོན་དགག་པ་བསྒོམ་པ་བསྟན་པ། རབ་བྱེད་བཅུ་དྲུག་པ་སློབ་དཔོན་དང་སློབ་མ་རྣམ་པར་གཏན་ལ་དབབ་པ་བསྟན་པ་བཅས་སོ། །དེ་ཡང་རབ་བྱེད་རེ་རེ་ལ་ཤླཽ་ཀ་ཉི་ཤུ་རྩ་ལྔ་ ༢༥ རེ་ཡོད་ཅིང་། གཞུང་ཡོངས་སུ་རྫོགས་པ་ལ་ཤླཽ་ཀ་བཞི་བརྒྱ་ཐམ་པ་ཡོད་པས་མཚན་ཡང་དེ་སྐད་དུ་བཏགས་སོ།།

༣༽ དབུ་མ་ལ་འཇུག་པ།

མཛད་པ་པོ་ནི། སངས་རྒྱས་གཉིས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་པ་དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་རྒྱ་ཆེར་གསལ་བའི་སྒོ་ནས་དངོས་པོར་སྨྲ་བའི་ལྟ་བ་ངན་པའི་མུན་པ་མ་ལུས་པ་སེལ་བར་མཛད་པ་པོ། སློབ་དཔོན་ཟླ་བ་གྲགས་པ་ཡིན་ཏེ། གཞུང་འདི་ཉིད་ལས།[10] དབུ་མ་ལ་འཇུག་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ། ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[11] དེ་དག་གི་ནང་ནས་མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེར་ལྡན་པ་འཕགས་པ་ཟླ་བ་གྲགས་པས་ནི་སློབ་དཔོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་ནས་དབུ་མ་རྩ་བའི་དོན་གྱི་འགྲེལ་པ་དབུ་མ་ལ་འཇུག་པ་དང་། ཚིག་གི་འགྲེལ་པ་ཚིག་གསལ་བ་མཛད་དེ། འཛམ་བུའི་གླིང་དུ་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་པ་དབུ་མ་ཐལ་འགྱུར་གྱི་ཉི་མ་ཤར་བར་མཛད་པས། ལྟ་བ་ངན་པའི་ཐིབས་པོ་གསལ་བར་བྱས་པ་ཡིན་ནོ། །ཞེས་གསུངས་སོ།།

བརྗོད་བྱ་ནི། བདེན་པ་གཉིས་ཀྱི་གནས་ལུགས་མ་ནོར་བ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པའི་སྒོ་ནས་དབུ་མ་རྩ་བ་ཤེས་རབ་ལ་འཇུག་པ་སྟེ། གཞུང་འདི་ཉིད་ལས།[12] ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པས་ནི། །རིམ་གྱིས་རབ་ཏུ་དགའ་བའི་ས་ཐོབ་པས། །དེ་དོན་གཉེར་བས་ལམ་འདི་མཉན་པར་གྱིས། །ཞེས་དང་། དེ་ཉིད་ལས།[13] ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །དབུ་མའི་བསྟན་བཅོས་ལས་བཏུས་ནས། །ལུང་ཇི་བཞིན་དང་མན་ངག་ནི། །ཇི་ལྟ་བ་བཞིན་བརྗོད་པ་ཡིན། །ཞེས་དང་། རང་འགྲེལ་ལས།[14] དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར། དབུ་མ་ལ་འཇུག་པ་རྩོམ་པར་འདོད་པས། ཞེས་སོགས་གསུངས་པ་ལྟར་ཟབ་མོ་སྟོང་པ་ཉིད་རྣམ་གྲངས་མ་ཡིན་པའི་དོན་དམ་ཁས་ལེན་ཀུན་བྲལ་རྩལ་དུ་བཏོན་པའི་སྒོ་ནས་དབུ་མ་རྩ་བ་ཤེས་རབ་སོགས་རིགས་ཚོགས་རྣམས་ཀྱི་དགོངས་པ་ཇི་བཞིན་དུ་བཀྲལ་བར་མཛད་པ་དང་། རྒྱ་ཆེ་བ་སོ་སོའི་སྐྱེ་བོའི་ས་ཡི་ཆོས་གསུམ། འཕགས་པ་སློབ་པའི་ས་བཅུ། མི་སློབ་པ་སངས་རྒྱས་ཀྱི་ས་དང་བཅས་པ་དབུ་མ་རྩ་བ་ཤེས་རབ་སོགས་སུ་རྒྱ་ཆེར་མི་གསལ་བ་རྣམས་མདོ་སྡེ་ས་བཅུ་པ་དང་། རིན་ཆེན་ཕྲེང་བ་སོགས་ལས་ཁ་བསྐངས་ནས་གསུངས་ཏེ། དེ་ཡང་སྙིང་རྗེ་ཆེན་པོ་དང་། གཉིས་སུ་མེད་པའི་བློ་དང་། བྱང་ཆུབ་ཀྱི་སེམས་རྣམས་ནི་གཞུང་གི་མཆོད་པར་བརྗོད་པའི་སྐབས་སུ་བསྟན་པ་སྟེ། གཞུང་རྩ་བ་ལས།[15] སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་དང་། འཕགས་པ་སློབ་པའི་ས་བཅུ་པོ་རེ་རེ་བཞིན་ངོ་བོ་དང་ཡོན་ཏན་བཅས་སེམས་བསྐྱེད་བཅུ་ཡིས་བསྟན་ཏེ། རང་འགྲེལ་ལས།[16] བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་པ་ཉིད་ཆར་རྣམ་པར་ཕྱེ་བ་ན་ས་ཞེས་བྱ་བའི་མིང་འཐོབ་སྟེ། ཡོན་ཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞེས་དང་། དེའི་རྗེས་སུ་མི་སློབ་པ་སངས་རྒྱས་ཀྱི་ས་ཡི་ཆོས་རྣམས་བསྟན་པར་མཛད་པ་སྟེ། དེ་ཉིད་ལས།[17] དེའི་འོག་ཏུ་སངས་རྒྱས་ཀྱི་སའི་ཡོན་ཏན་ཅུང་ཟད་ཙམ་ཅིག་བརྗོད་པར་འདོད་པས་བསྟོད་པ་སྒྲུབ་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དབང་དུ་བྱས་ཏེ་བཤད་པ། ཞེས་དང་། འཇམ་མགོན་མི་ཕམ་རིན་པོ་ཆེའི་དབུ་མ་ལ་འཇུག་པའི་ས་བཅད་དྲི་མེད་ཤེལ་ཕྲེང་ལས།[18] དེ་ལྟར་ན་སོ་སྐྱེའི་སའི་ཆོས་གསུམ་མཆོད་བརྗོད་ཀྱི་སྐབས་སུ་བསྟན་ཅིང་། འཕགས་པ་སློབ་པའི་ས་བཅུ་དང་། མི་སློབ་པའི་ས་སྟེ། རྒྱུ་ལམ་འབྲས་བུའི་རྣམ་པར་གཞག་པས་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའོ། །ཞེས་གསུངས་པ་ལྟར། མདོར་ན་ཟབ་པ་དང་རྒྱ་ཆེ་བ་གཉིས་རྒྱ་ཆེར་བཤད་པའི་སྒོ་ནས་ཐེག་པ་ཆེན་པོ་དབུ་མ་པའི་དགོངས་པ་ཇི་བཞིན་དུ་གསལ་བར་མཛད་པའོ།།

རྗོད་བྱེད་ནི། གཞུང་འདི་ཡིས་གནས་སྐབས་འཕགས་པ་སློབ་པའི་ས་བཅུ་དང་། མཐར་ཐུག་མི་སློབ་པ་སངས་རྒྱས་ཀྱི་ས་དང་བཅས་བཤད་པ་ལས། བསྟན་བཅོས་ཀྱི་མཆོད་པར་བརྗོད་པ་དང་སེམས་བསྐྱེད་པ་དང་པོ་ལ་ཤླཽ་ཀ་བཅུ་བདུན། ༡༧ སེམས་བསྐྱེད་པ་གཉིས་པ་ལ་ཤླཽ་ཀ་བཅུ། ༡༠ སེམས་བསྐྱེད་པ་གསུམ་པ་ལ་ཤླཽ་ཀ་བཅུ་གསུམ། ༡༣ སེམས་བསྐྱེད་པ་བཞི་པ་ལ་ཤླཽ་ཀ་གཉིས། ༢ སེམས་བསྐྱེད་པ་ལྔ་པ་ལ་ཤླཽ་ཀ་གཅིག ༡ སེམས་བསྐྱེད་པ་དྲུག་པ་ལ་ཤླཽ་ཀ་ཉིས་བརྒྱ་ཉེར་དྲུག ༢༢༦ དང་རྐང་པ་ ༡ སེམས་བསྐྱེད་པ་བདུན་པ་ལ་རྐང་པ་ ༣ སེམས་བསྐྱེད་པ་བརྒྱད་པ་ལ་ཤླཽ་ཀ་གཉིས་ ༢ དང་རྐང་པ་ ༣ སེམས་བསྐྱེད་པ་དགུ་པ་ལ་རྐང་པ་ ༢ སེམས་བསྐྱེད་པ་བཅུ་པ་ལ་ཤླཽ་ཀ་གཅིག ༡ དེ་དག་ཐུན་མོང་དུ་ས་ཡི་ཡོན་ཏན་བཤད་པ་ལ་ཤླཽ་ཀ་དགུ། ༩ མི་སློབ་པ་སངས་རྒྱས་ཀྱི་ས་དང་མཇུག་རྩོམ་བཅས་ལ་ཤླཽ་ཀ་བཞི་བཅུ་ཞེ་བདུན། ༤༧ བཅས། གཞུང་ཡོངས་སུ་རྫོགས་པར་ཤླཽ་ཀ་སུམ་བརྒྱ་སུམ་ཅུ་ ༣༣༠ དང་རྐང་པ་ ༡ ཡོད།

དེ་ལྟར་སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ཀྱི་ཐུགས་རྗེའི་བདག་རྐྱེན་ལས་བྱུང་ཞིང་ཟབ་མོ་དབུ་མའི་ལྟ་སྒོམ་སྤྱོད་པའི་གནད་གསལ་བར་སྟོན་པའི་གཞུང་བཟང་ཡིད་བཞིན་ནོར་བུ་ལྟ་བུ། དབུ་མ་རྩ་འཇུག་བཞི་གསུམ་འདི་དག་ཐང་ཡིག་སོགས་སུ་གསལ་བ་ལྟར་སྔ་འགྱུར་ཆོས་རྒྱལ་ལོ་པཎ་རྣམས་ཀྱི་སྐུ་དུས་སུ་བསྒྱུར་ཟིན་ཀྱང་། ཕྱིས་སུ་ལོ་ཙཱ་བ་ཆེན་པོ་པ་ཚབ་ཉི་མ་གྲགས་ཀྱིས་དབུ་མའི་སྐོར་རྣམས་ཕྱི་འགྱུར་མཛད་པའི་འགྱུར་བྱང་ནི་གཞུང་རང་རང་གི་སྐབས་སུ་གསལ་བ་ལྟར་རོ།།


[1]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༢༩ ཤོག་གྲངས་ ༡༠༥ པར་གསལ།

[2]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༢༩ ཤོག་གྲངས་ ༡༠༥ པར་གསལ།

[3]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༢༩ ཤོག་གྲངས་ ༣ པར་གསལ།

[4]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༧ ཤོག་གྲངས་ ༤ པར་གསལ།

[5]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༧ ཤོག་གྲངས་ ༡༡ པར་གསལ།

[6]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༢༩ ཤོག་གྲངས་ ༡༠༦ པར་གསལ།

[7]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༠ ཤོག་གྲངས་ ༣༣༡ པར་གསལ།

[8]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༨ ཤོག་གྲངས་ ༤༢༨ པར་གསལ།

[9]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༨  ཤོག་གྲངས་ ༤༢༨ པར་གསལ།

[10]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༧  ཤོག་གྲངས་ ༦༨༨ པར་གསལ།

[11]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀུན་མཁྱེན་ཀློང་ཆེན་པའི་གསུང་འབུམ་དེབ་གྲངས་ ༡༤ ཤོག་གྲངས་ ༡༡༤ པར་གསལ།

[12]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༧  ཤོག་གྲངས་ ༦༢༣ པར་གསལ།

[13]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༧  ཤོག་གྲངས་ ༦༨༦ པར་གསལ།

[14]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༨ ཤོག་གྲངས་ ༣ པར་གསལ།

[15]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༧ ཤོག་གྲངས་ ༦༡༢ པར་གསལ།

[16]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༨ ཤོག་གྲངས་ ༡༢ པར་གསལ།

[17]  ཡེ་ཤེས་སྡེའི་པར་མ། བསྟན་འགྱུར་དེབ་གྲངས་ ༡༣༨ ཤོག་གྲངས་ ༢༩༤ པར་གསལ།

[18]  ཡེ་ཤེས་སྡེའི་པར་མ། མི་ཕམ་གསུང་འབུམ་དེབ་གྲངས་ ༨ ཤོག་གྲངས་ ༡༢༦ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།