སློབ་དཔོན་ཚུལ་ཁྲིམས་ཟླ་བ།
ལྷོ་ཕྱོགས་བེ་ཏའི་ནགས་ཀྱི་ཚང་ཚིང་ཁྲོད།།
པདྨ་ནོར་བུས་དཔུང་པའི་ཤེད་མོང་གིས།།
རྣམ་གླིང་ཆོས་སྡེ་འཕྲུལ་གྱིས་བཞེངས་པའི་སྐབས།།
པདྨའི་རང་མདངས་འོད་ཀྱི་ཟེར་ཐག་ཡིན།།
སྔ་འགྱུར་མཐོ་སློབ་བདུད་རྩིའི་རྒྱ་མཚོ་ལས།།
སྣ་ཚོགས་ནོར་བུའི་གཏེར་ཆེན་རྡོལ་བ་ཡི།།
འཆད་རྩོད་རྩོམ་པའི་ཟེར་བརྒྱ་འཕྲོ་བའི་སྐབས།།
པདྨའི་རང་མདངས་དབང་གི་རྒྱལ་པོ་ཡིན།།
མདོ་སྔགས་གཞུང་བརྒྱའི་དཀའ་བའི་ཁུག་སོ་ལ།།
དགག་གཞག་ཆར་སྤྲིན་འཁྲིགས་པའི་ལྡིང་ཁང་ནས།།
ལུང་རིགས་གནམ་ལྕགས་འབེབས་པའི་དྲག་ཤུལ་ཅན།།
པདྨའི་རང་མདངས་རྣམ་དཔྱོད་གཡུལ་ས་ཡིན།།
དམ་པའི་ཞལ་གསུང་རྣ་རྒྱབ་རླུང་གིས་ཁྱེར།།
མདོ་མེད་སྐྱེ་བོའི་ཁ་ཚིག་གསེར་ལས་བྲིན།།
ཁྲེལ་དང་ངོ་ཚའི་སྣུམ་མདོག་ཡལ་བའི་སྐབས།།
པདྨའི་རང་མདངས་གསེར་གྱི་ཁ་ཞག་ཡིན།།
ཆོས་པའི་གཟུགས་ཀྱིས་ཆོས་ལ་མིག་ལོག་བགྲད།།
རང་ཉིད་མ་མཐོང་གཞན་གྱི་རྗེས་མ་ཆོད།།
ཡིད་རྟོན་མེད་པའི་མི་ཚེ་ཕུད་པའི་སྐབས།།
པདྨའི་རང་མདངས་བར་དོའི་ངོ་སྤྲོད་ཡིན།།
ཀ་མད་སུམ་ཅུའི་འོད་མདངས་ནུབ་ལ་ཕྱོགས།།
ཕ་སྐད་གཙང་མའི་ཆིལ་སྒྲ་རླུང་དང་འདྲེས།།
སུམ་རྟགས་དག་གསུམ་རྡོག་མགོ་འཆོལ་བའི་སྐབས།།
པདྨའི་རང་མདངས་གངས་བུའི་ལག་རྟེན་ཡིན།།
མེས་པོའི་སྙིང་སྟོབས་འོད་ཀྱི་ངང་དུ་ཡལ།།
ཡུལ་ཤོར་ཨ་ཇོའི་གོམ་སྟབས་གཞན་ལ་འཆོལ།།
གངས་ཕྲུག་སྐྲ་མདོག་སེར་པོར་འགྱུར་བའི་དུས།།
པདྨའི་རང་མདངས་བཙན་པོའི་བླ་མཁར་ཡིན།།
གངས་དཀར་རི་བོའི་དབུ་རྨོག་སྨུག་པས་གཡོགས།།
དལ་འབབ་གཙང་པོའི་རབ་ཁ་འཁྱག་གིས་བཀག །
སྲིད་པའི་གངས་རྒན་ཞུ་ལ་ཉེ་བའི་དུས།།
པདྨའི་རང་མདངས་གངས་འདབ་གསར་པ་ཡིན།།
སྔ་མའི་ཡིག་ཚང་ཆར་རླུང་ཁྲོད་ནས་རུལ།།
ད་ལྟའི་ཟིན་ཐོ་འཐེན་འཁྱེར་དཀྱིལ་ནས་རལ།།
མ་འོངས་གསར་བུའི་མདུན་ལམ་སྟོར་བའི་དུས།
པདྨའི་རང་མདངས་ལོ་རྒྱུས་ཡིག་ཚང་ཡིན།།
དྲང་པོའི་ཁྲིམས་ཀྱི་རྒྱ་མ་ནོར་གྱིས་མནན།།
དབང་ཆེན་དཔོན་པོའི་ཞལ་ལྕེ་གཡོན་དུ་ཡོ།།
འཁོས་ཆུང་མི་ལ་མགོན་སྐྱབས་བུལ་བའི་སྐབས།།
པདྨའི་རང་མདངས་ལུགས་ཀྱི་བསྟན་བཅོས་ཡིན།།
ཡུལ་གྱར་མི་བུའི་སེམས་ཁམས་རླུང་བུས་ཁྱེར།།
དྲན་སེམས་དམར་པོས་གཉིད་ཀྱི་བཟི་ཁ་བཅོམ།།
དགའ་སྐྱོའི་འཚོ་བ་འཚང་ཁ་ཆེ་བའི་དུས།།
པདྨའི་རང་མདངས་སྙན་ངག་སྟེགས་བུ་ཡིན།།
རྣམ་གླིང་ཆོས་ཀྱི་གྲོང་ཁྱེར་ཆེན་པོ་འདིར།།
ཕན་བདེའི་གྲིབ་བསིལ་སྣུམ་པོས་ཁྱབ་པ་ཡི།།
བཤད་སྒྲུབ་ལས་ཀྱི་གདུགས་དཀར་གཡོ་བའི་སྐབས།།
པདྨའི་རང་མདངས་འཁྲུལ་སྤོང་བརྗེད་ཐོ་ཡིན།།
སྦྱོར་སྡུད་ཀློག་པའི་བྱང་ཆ་ཅུང་ཙམ་ལས།།
རང་གི་མིང་ཡང་འབྲི་དུས་མི་ཤེས་པའི།།
བླུན་པོ་ཁོ་བོ་ཟོག་དང་ཁྱད་མེད་དུས།།
པདྨའི་རང་མདངས་ལམ་སྟོན་སྒྲོན་མེ་ཡིན།།
༢༠༢༠/༠༦/༠༥