མདོ་སྡེ་པའི་བདེན་གཉིས་ལ་དཔྱད་པ་མི་ཕམ་བླ་མ་དགྱེས་པའི་བྱིས་པའི་གཏམ།

ལོ་རིམ་གསུམ་པའི་སློབ་གཉེར་བ། སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ།

རྨད་བྱུང་དོན་གྱི་བསྟན་པ་འདི། །རྨད་བྱུང་ལམ་གྱིས་གསལ་མཛད་པ།།
རྨད་བྱུང་དྲང་སྲོང་ཆེན་པོ་དེ། །བྱང་ཆུབ་བར་དུ་ཕྱག་གི་ཡུལ།།

གཞལ་བྱ་བདེན་པ་གཉིས་ཀྱི་རྣམ་གཞག་ཀུན།།
མ་ལུས་མཁྱེན་མཛད་འཇམ་དབྱངས་ཐུགས་ཀྱི་སྲས།།
འཇལ་བྱེད་ཚད་མ་གཉིས་ཀྱི་འབྱུང་གནས་ཆེ།།
མི་ཕམ་མི་ཡི་སེངྒེ་རྒྱལ་གྱུར་ཅིག།

ཚུ་རོལ་མཛེས་པའི་ལྟ་བས་མ་སྦགས་ཤིང་།།
ནམ་མཁའི་གོས་ཀྱི་རྨོངས་པས་མ་བསླད་པར།།
འདི་ན་ཐུབ་པ་ཆེན་པོའི་དགོངས་པ་ཞིག།
མདོ་སྡེ་སྤྱོད་པའི་བདེན་གཉིས་འདི་རུ་སྤྲོ།།

ཞེས་མཆོད་ཡུལ་གོང་མ་རྣམས་ལ་མཆོད་བརྗོད་དང་རང་ཉིད་ཀྱི་ལེ་ལོ་སྤོང་ཕྱིར་བརྩམ་པར་དམ་བཅའ་བའི་ཚིགས་སུ་བཅད་པ་འདི་དག་སྔོན་དུ་བཏང་ནས་སྐབས་འདིར་ཞུ་བར་བྱ་བ་ནི་རྡོ་རྗེ་སྙིང་འགྲེལ་ལས། སངས་རྒྱས་པ་ལ་གྲུབ་མཐའ་བཞི། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་དང་། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་མཁས་འཇུག་སྡོམ་བྱང་ལས།[1] བྱེ་བྲག་སྨྲ་དང་མདོ་སྡེ་པ། །སེམས་ཙམ་དབུ་མ་གྲུབ་མཐའ་བཞི། །ཞེས་གསུངས་པ་ལྟར་ནང་པ་སངས་རྒྱས་པའི་གྲུབ་པའི་མཐའ་ཆེན་པོ་བཞིའི་ཡ་གྱལ་མདོ་སྡེ་སྤྱོད་པའི་བདེན་གཉིས་ཀྱི་རྣམ་གཞག་གོ །འདིར་མདོ་སྡེ་པ་ཞེས་པ་ནི་རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་པ་གཞིར་བཞག་པའོ། །འདིར་ཞུ་དགོས་པ་གཅིག་ལ། ཁོ་བོས་དཔྱད་རྩོམ་འདི་འབྲི་བའི་ཚེ་རང་བློས་ཤེས་རབ་རྩལ་ཏུ་བཏོན་ནས་བྲིས་པ་མ་ཡིན་ཞིང་། རྒྱ་གར་མཁས་པ་དག་གི་གཞུང་ཁུངས་དེ་བས་ཀྱང་མེད། འོན་ཀྱང་བོད་འདིར་འཕགས་པ་འཇམ་དབྱངས་མི་ཡི་གཟུགས་སུ་རོལ་བ། དཔལ་གསང་ཆེན་སྔ་འགྱུར་བའི་ཤིང་རྟ་ཆེན་པོ་འཇམ་མགོན་བླ་མ་མི་ཕམ་པའི་གསུང་གི་བཀའ་དྲིན་བྱིན་རླབས་ཉིད་ཀྱིས་འཆད་པ་ཡིན་པས། ཁུངས་གཏུག་སའི་ཡིག་ཆ་འགའ་རེ་ཡོད་པ་དག་ཀྱང་མི་ཕམ་ཉིད་ཀྱི་གཞུང་རྣམས་གཙོ་བོར་བྱས་ཡོད། དེར་བརྟེན་འཇམ་མགོན་བླ་མ་ཚང་དང་ལས་འཕྲོ་ཡོད་པ་དག་གིས་སྣང་མེད་དུ་མི་འཇོག་པར་ལན་གཅིག་གཟིགས་པར་འཚལ།

དེ་ལེགས་པར་བཤད་པ་ལ་ས་བཅད་ཀྱི་དབང་དུ་བཏང་ན། ད་ལྟ་རང་ཅག་རྣམས་ལ་རབ་ཏུ་གྲགས་པའི་མདོ་སྡེ་པའི་བདེན་གཉིས་འགོད་པ། དེ་མི་འཐད་པར་བསྟན་ཅིང་རྣམ་འགྲེལ་གཞུང་ཚིག་གི་དོན་རྒྱས་པར་བཤད་པ། མདོ་སྡེ་པའི་བདེན་གཉིས་ཀྱི་རྣམ་གཞག་དངོས་བཤད་པ། མཇུག་བསྡུ་བ་དང་བཞིའོ།།

དང་པོ་རང་ཅག་རྣམས་ལ་རབ་ཏུ་གྲགས་པའི་མདོ་སྡེ་པའི་བདེན་གཉིས་འགོད་པ།

ད་ལྟ་རང་ཅག་གྲུབ་མཐའ་ལ་ཐོས་བསམ་བྱེད་མཁན་ཡོངས་ལ་གྲགས་བཞིན་པའི་མདོ་སྡེ་པའི་བདེན་གཉིས་ཀྱི་འཇོག་སྟངས་ནི། རིགས་པའི་དབང་ཕྱུག་གི་ཚད་མ་རྣམ་འགྲེལ་ལེའུ་གསུམ་པ་ལས།[2] དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །ཅེས་པའི་གཞུང་འདི་དྲངས་ནས་རང་སྡེ་མདོ་སྡེ་པའི་ལུགས་ལ། དོན་དམ་པར་དོན་བྱེད་ནུས་པའི་ཆོས་དོན་དམ་བདེན་པ་དང་། དོན་དམ་པར་དོན་བྱེད་མི་ནུས་པའི་ཆོས་ཀུན་རྫོབ་བདེན་པ། དོན་དམ་བདེན་པ། དངོས་པོ། རང་མཚན་རྣམས་དོན་གཅིག་དང་། ཀུན་རྫོབ་བདེན་པ། རྟག་པ། སྤྱི་མཚན་རྣམས་དོན་གཅིག་ཅེས་སྐད་གསང་མཐོན་པོར་སྒྲོག་ཅིང་དཔེ་དེབ་འགའ་ཞིག་ཀྱང་བརྩམས་འདུག་པ་དེ་དག་ནི་དཔལ་ཆོས་ཀྱི་གྲགས་པའི་གཞུང་འདི་ལ་གོ་བ་མ་ལོན་པར་ཟད་དེ། ཁྱད་པར་དུ་དེ་ལྟར་ཤོད་མཁན་སྔ་འགྱུར་བ་ཞིག་ཡོད་ན་ཀུན་མཁྱེན་ཀློང་ཆེན་པ་དང་། ཀུན་མཁྱེན་མི་ཕམ་པའི་དགོངས་པ་མ་ལོན་པར་འདུག་པས། སླར་གྲུབ་མཐའ་འོག་མ་དག་གི་གཞུང་ལ་ཐོས་བསམ་བྱེད་པར་གལ་ཆེའོ། །སྔགས་ཤེས་པ་མདོ་ཡི་བཀའ་དྲིན་ཞེེས་གསུངས་པ་ལྟར་ཐལ་འགྱུར་བ།  རྫོགས་ཆེན་པ་ཞེས་ལྟ་བ་ཇི་ཙམ་དུ་མཐོན་པོར་བསམས་ཀྱང་འོག་མའི་ཡོན་ཏན་གོང་མའི་ལམ་སྟེགས་སུ་འགྲོ་དགོས་རྒྱུ་དག་ཤེས་པར་བྱའོ།།

གཉིས་པ་དེ་ཉིད་མི་འཐད་པར་བསྟན་པ་ལ།

མདོ་སྡེ་པའི་བདེན་གཉིས་དེ་ལྟར་དུ་འདོད་ན་སྐྱོན་མཐའ་ཡས་པར་བསྟན་པ་དང་། རྣམ་འགྲེལ་གཞུང་ཚིག་གི་དོན་དངོས་བཤད་པའོ། །དང་པོ་ནི། གལ་ཏེ་ད་ལྟ་ང་རང་ཚོར་གྲགས་པའི་མདོ་སྡེ་པའི་བདེན་གཉིས་ཀྱི་རྣམ་གཞག་དེ་ལྟར་འདོད་ན། དཔལ་ལྡན་ཆོས་གྲགས་ཀྱི་དགོངས་པ་མ་ལོན་པར་མ་ཟད། སྐྱོན་དང་ཉེས་པ་དུ་མའི་ཚོགས་ཀྱི་གསེབ་ལ་གནས་པ་སྟེ། མདོ་སྡེ་པའི་ལུགས་ལ་ཆོས་ཉིད་དང་བདག་མེད་གཉིས་ཀྱང་ཀུན་རྫོབ་བདེན་པར་འདོད་དགོས་ལ། དེ་ལྟར་འདོད་ན་ཀུན་རྫོབ་དང་དོན་དམ་ཞེས་པའི་གོ་བ་རིལ་གྱིས་ཕྱིན་ཅི་ལོག་ཅིང་ཤིན་ཏུ་མི་འཐད་དོ།།

གཞན་ཡང་མདོ་སྡེ་པའི་བདག་མེད་འདོད་ཚུལ་བྱེ་སྨྲ་དང་མཐུན་ཏེ། མཁས་འཇུག་ལས།[3] མདོ་སྡེ་པས་ནི་ཆ་མེད་གཉིས་དང་བདག་མེད་འདོད་ཚུལ་གོང་དང་འདྲ་ལ། ཞེས་གསུངས་པ་ལྟར་ཡིན་ཞིང་། གལ་ཏེ་མདོ་སྡེ་པའི་བདག་མེད་གཉིས་ཀུན་རྫོབ་ཏུ་འདོད་ན། བྱེ་སྨྲ་དང་ཅི་ཞིག་མཐུན་ཏེ་མི་མཐུན་པར་འགྱུར། མ་ཟད་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[4] ཤེས་པ་སྐད་ཅིག་ཆ་མེད་ཙམ་དང་། བེམ་པོ་རྡུལ་ཕྲན་ཆ་མེད་ཙམ་དོན་དམ་དུ་ཡོད་དགོས་ཏེ། དེ་མེད་ན་བེམ་ཤེས་རགས་པ་འདི་ཀུན་རྩོམ་གཞི་མེད་པ་ན་འདི་ལྟར་སྣང་བ་ཡང་མི་འཐད་དེ་སྣལ་མ་མེད་པའི་སྣམ་བུ་བཞིན་སྙམ་པའོ། །ཞེས་གསུངས་ན་ཙམ་སྒྲ་གཉིས་ཀ་ལ་གོ་རྒྱུ་མེད་ཅིང་རྣམ་བཅད་ཀྱང་མེད་པར་ཐལ་ཏེ་རགས་པ་ཐམས་ཅད་དོན་དམ་དུ་འདོད་དགོས་ཏེ་དོན་བྱེད་ནུས་པ་ཡིན་པའི་ཕྱིར་རོ། །ཡང་ན་ཁྱོད་ཀྱི་ལུགས་ལ་རགས་པ་ཐམས་ཅད་རགས་པའི་རྩོམ་གཞི་ཡིན་ནམ་ཅི། དོན་དམ་དུ་འདོད་པའི་ཕྱིར་རོ། །འདིར་སྣལ་མ་མེད་པའི་སྣམ་བུ་ཞེས་པ་ལ་སྣམ་བུ་མེད་ན་སྣལ་མ་ཀུན་མེད་པར་འགྱུར་བ་གོ་བར་གྱིས་དང་ཁྱོད་རང་ལ་དེ་འཐད་པར་འདུག་གོ །དེ་ལྟར་ན་འཇམ་མགོན་བླ་མའི་དགོངས་པ་ནི་རྒྱང་དུ་འཕངས་ཟིན་པས་ཀ་བ་དང་བུམ་པ། རི་བོང་གི་རྭ། མོ་གཤམ་གྱི་བུ་ལ་སོགས་པའི་ཚིག་དེ་དག་ཡིད་ལ་བཅངས་ནས་བསྟན་པ་ལས་ཕྱི་རོལ་དུ་གྱུར་པའི་མུན་ཁང་དུ་རི་རྭ་འཚོལ་བཞིན་བདེ་མོར་བཞུགས་ཤིག་གུ གཞན་ཡང་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[5] ཀུན་རྫོབ་ཅེས་པ་སྐྱེ་བ་སོགས་སུ་སྣང་བའི་ཚུལ་གྱིས་བྱིས་པ་རྣམས་ཀྱི་ངོར་སྟོང་པ་ཉིད་སྦས་ཤིང་བསྒྲིབས་པར་གྱུར་པ་ལྟ་བུ་ཞིག་ཁོ་ན་ལ་གོ་དགོས་ཀྱི། ཞེས་གསུངས་ཤིང་ཀུན་རྫོབ་ཅེས་པ་སྐྱེས་བུ་ཕལ་པར་སྣང་ཞིང་སྟོང་པ་ཉིད་ལ་བསྒྲིབས་པའི་ཆོས་དག་ལ་གོ་དགོས་ན་ཁྱོད་རང་གི་མདོ་སྡེ་པའི་ལུགས་ལ་བདག་མེད་གཉིས་དང་། ཆོས་ཉིད། འགོག་བདེན་ཐམས་ཅད་སྟོང་པ་ཉིད་ལ་སྒྲིབ་བྱེད་དུ་གོ་བར་གྱིས་དང་། དེ་ལས་ལྡོག་སྟེ་འདོད་ཆགས། ཞེ་སྡང་། མ་རིག་པ་ལ་སོགས་པ་རྣམས་སྟོང་པ་ཉིད་རྟོགས་པ་ལ་མི་སྒྲིབ་པར་འགྱུར་ཏེ་ཁྱོད་རང་གི་ལུགས་ལ་དོན་དམ་བདེན་པ་ཡིན་པའི་ཕྱིར་རོ།།

གཞན་ཡང་རྩ་ཤེས་ལས།[6] ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་དང་། དབུ་མ་ལ་འཇུག་པ་ལས།[7] ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་དེ། །ཞེས་གསུངས་པ་བཞིན་ནང་པའི་གྲུབ་མཐའ་སྤྱི་ཡི་ལུགས་ལ་ཀུན་རྫོབ་ཅེས་པ་དེ་དོན་དམ་བདེན་པ་རྟོགས་པའི་ཐབས་ལྟ་བུ་ཞིག་ལ་གོ་དགོས་སོ། །རྩ་ཤེས་དང་འཇུག་པའི་ཚིག་དེ་དག་དབུ་མའི་ལུགས་ཡིན་ནོ་ཟེར་ན། ཤིན་ཏུ་བདེན་ཏེ། འོན་ཀྱང་དེ་དག་ལ་གྲུབ་མཐའ་སྤྱི་ཡི་ལུགས་ལ་གོ་བ་ཡག་པོ་རེ་བླང་རྒྱུ་འདུག་པས། བློ་ཁ་ཡངས་པོར་མཛོད་ཅིག་གུ ཀུན་རྫོབ་དང་དོན་དམ་གྱི་དོན་དེ་ལྟར་དུ་བསམ་བློ་གཏང་རྒྱུ་ནི་སྤྱིར་བཏང་བ་ཡིན་པའི་ཕྱིར་རོ། །འོན་ཀྱང་ཁྱོད་ཀྱི་ལུགས་ལ་དེ་ག་ལ་འཐད། དོན་དམ་བདེན་པ་ཐབས་སུ་གྱུར་པ་དང་། །ཀུན་རྫོབ་བདེན་པ་ཐབས་བྱུང་གྱུར་པ་དེ། །ཞེས་གོ་རིགས་སོ།།

གཉིས་པ་རྣམ་འགྲེལ་གཞུང་གི་ཚིག་དོན་དངོས་བཤད་པ་ནི། དཔལ་ལྡན་ཆོས་ཀྱི་གྲགས་པའི་གཞུང་འདི་ཡི་དོན་ཇི་ལྟ་བུ་ཞིག་ཡིན་སྙམ་ན། དེ་ནི་མདོ་སྡེ་པའི་བདེན་གཉིས་བསྟན་པ་མ་ཡིན་ཏེ། སེམས་ཙམ་པའི་ལུགས་ལ་ཐ་སྙད་རང་ལ་གནས་སྣང་གཉིས་སུ་བཞེད་ཅིང་། དེ་ལ་དོན་བྱེད་ནུས་ཀྱི་དངོས་པོ་རྣམས་ནི་ཐ་སྙད་ཀྱི་གནས་ཚུལ་ཏེ་ཆོས་ཅན་དོན་དམ་དུ་ཡོད་པར་འདོད་ལ་དེ་མ་ཡིན་པའི་ཆོས་རྣམས་ནི་སྤྱི་མཚན་བཏགས་པ་ཙམ་ཡོད་པར་བཞེད་པའི་དོན་ནོ། །རྣམ་འགྲེལ་ལེའུ་དང་པོ་ལས།[8] དོན་བྱེད་ནུས་པ་གང་ཡིན་པ། །དེ་ཉིད་དོན་དམ་ཡོད་པ་ཡིན། །ཞེས་དང་། འཇམ་མགོན་བླ་མའི་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས།[9] ཐ་སྙད་རང་ལ་ནང་གསེས་ཡང་དག་ཡིན་མིན་གཉིས་སུ་ཕྱེ་བའི་དོན་བྱེད་ནུས་དོན་དམ་དུ་ཡོད་པར་འདོད་པ་ནི་མདོ་སྡེ་པ་དང་མཐུན་ལ། ཆོས་ཀྱི་གྲགས་པས་ཀྱང་། གལ་ཏེ་ཕྱི་རོལ་སྤྱོད་ལ་འཇུག་པ་ན། །ཁོ་བོ་མདོ་སྡེའི་སྐས་ལ་རྣམ་པར་བརྟེན། །ཞེས་གསུངས་པར་གྲགས། ཞེས་གསུངས་པ་སྟེ། ཁ་ཅིག་ཚིག་རྐང་འདི་གཉིས་ཀྱི་དོན་སེམས་ཙམ་པའི་ཐ་སྙད་སྣང་ཚུལ་མདོ་སྡེ་པ་དང་མཐུན་པར་བཞེད་ཅེས་པའི་དོན་དུ་བཀྲལ་ཡང་གོ་བ་མ་ལོན་པར་ཟད་དེ། འདི་ཡི་དོན་ནི་སེམས་ཙམ་པ་ལ་ཡང་མདོ་སྡེ་པ་བཞིན་དུ་ཐ་སྙད་ལ་གནས་སྣང་གཉིས་སུ་འབྱེད་པ་དང་། དེ་ཡང་དོན་བྱེད་ནུས་པ་ཐ་སྙད་རང་གི་དོན་དམ་དུ་ཡོད་པར་མཚུངས་པར་བསྟན་པའོ། །དེ་ལ་ཆོས་ཅན་དོན་དམ་གྱི་སྒྲ་སྦྱར་མ་ཤེས་ནས་གཞུང་འཆོལ་བར་བྱས་པའོ།།

ཁ་ཅིག་རྣམ་འགྲེལ་གྱི་གཞུང་ཚིག་དེ་མདོ་སྡེ་པའི་ལུགས་ཡིན་ཟེར་བ་དང་། ཡང་ཁ་ཅིག་མདོ་སེམས་ཐུན་མོང་གི་གཞུང་ཡིན་ཟེར་ཞིང་། གཉིས་ཀ་ལ་ཁག་མེད། མདོ་སེམས་གཉིས་ཀའི་ལུགས་ལ་ཐ་སྙད་ཀྱི་འདོད་ཚུལ་དེ་ལྟར་མཐུན་པའི་ཕྱིར་རོ། །རྣམ་འགྲེལ་གཞུང་ཚིག་དེའི་འགྲེལ་པ་ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས།[10] ཐ་སྙད་དཔྱོད་པའི་ཚད་མས་གཏན་ལ་འབེབས་པའི་སྐབས་འདིར་སྐྱེས་བུའི་འཇུག་ལྡོག་གི་ཡུལ་ཉིད་དུ་བཟུང་བ་དེ་ལ་དོན་དམ་པར་རང་འབྲས་སྐྱེད་པའི་དོན་བྱེད་ནུས་པ་གང་ཡིན་པ་དེ་ནི་སྐབས་འདིར་དོན་དམ་དུ་ཡོད་པ་ཡིན་ལ། གཞན་དོན་བྱེད་མི་ནུས་པ་ནི་ཀུན་རྫོབ་ཏུ་ཡོད་པ་ཞེས་བྱ་སྟེ་དེ་འདྲའི་ཡུལ་དེ་དག་ནི་རང་མཚན་དང་སྤྱི་མཚན་ཞེས་བྱ་ལ། ཞེས་གསུངས་ཤིང་གོང་གི་ཐ་སྙད་དཔྱོད་པའི་ཚད་མ་གཏན་ལ་འབེབས་སྐབས་ཞེས་པ་དེ་མ་གོ་ནས་མདོ་སྡེ་པའི་མཐར་ཐུག་གི་བདེན་གཉིས་ལ་གོ་བ་ནི་ཆེས་མཚར་ཏེ། འོ་ན་འདི་སྐབས་དོན་དམ་བདེན་པ་ཞེས་ཅིའི་ཕྱིར་ཟེར་སྙམ་ན། ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས།[11] ཐ་སྙད་ཀྱི་སྐབས་ཀྱི་བདེན་གཉིས་ཀྱང་དེ་ལ་དེ་ལྟར་བརྡར་བཏགས་པ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཡང་ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས།[12] འདིར་ཡང་དོན་དམ་པར་དོན་བྱེད་པ་ཞེས་པ་དེ་ཕྱི་དོན་ལ་དཔྱོད་པའི་སྐབས་སུ་དོན་རང་མཚན་ཡོད་པ་ལ་བརྡ་སྦྱར་བ་ཡིན་ན་དེ་ཁྱོད་ཀྱིས་ཇི་ལྟར་འགོག་པར་རིགས་སམ་བསམ་པར་གྱིས་ཤིག ཅེས་གསུངས་པ་དང་། ཡང་དེ་ཉིད་ལས།[13] དོན་དམ་དཔྱོད་པས་དཔྱད་ན་ཆོས་གང་ཡང་མི་རྙེད་པ་ནི་བདེན་གྱི་འོན་ཀྱང་དེས་ཐ་སྙད་ཚད་མའི་འཇུག་ཡུལ་དཔྱོད་པའི་སྐབས་ཀྱི་དོན་བྱེད་ནུས་པ་འགོག་པ་མ་ཡིན་ཏེ། ཐ་སྙད་དཔྱོད་པའི་ཚད་མའི་ངོར་དེ་ཁེགས་པ་མི་སྲིད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་སྐབས་འདིར་དོན་དམ་དུ་ཡོད་ཅེས་པ་དེ་སྐབས་གང་ཞིག་ལ་ཡིན་མིན་ཡང་ཧ་མ་གོ་ནས་རང་གར་བཤད་པ་དང་། ཡང་རྣམ་འགྲེལ་གཞུང་ཚིག་དེའི་ཚིག་རྐང་གཉིས་པར་དེ་འདིར་ཞེས་པའི་གོ་བ་མ་ལོན་ནས་འདིར་ཞེས་པའི་སྒྲ་དེ་ལ་རྣམ་བཅད་ཅི་ཞིག་ཡོད་མེད་ཀྱང་མ་ཤེས་ནས་ད་དུང་ཡིག་ཚོགས་དང་ཚིག་ཚོགས་ཇི་ཙམ་སྤེལ་ཡང་གཞུང་གནད་མ་ཟིན་ན་བོད་ཀྱི་སྐད་ཡིག་ལ་གཅེས་ན་མ་གཏོགས་ཅི་ཕན། ད་དུང་མ་གོ་ན་འཇམ་མགོན་བླ་མ་ལ་གསོལ་བ་སྙིང་ནས་བཏབ་སྟེ་ཀློགས་དང་། མ་གཏོགས་ལག་མཐིལ་མ་རྡོལ་བར་འབད་ཀྱང་གནད་ཟིན་དཀའོ། །མདོ་སྡེ་པའི་བདེན་གཉིིས་འདི་ལྟ་བུ་འདོད་སྟངས་ནི་གནམ་ས་གང་གྲགས་ཟིན་པས་སོ།།

ཡང་དོན་དམ་དུ་ཡོད་ཅེས་པ་དེ་ཆོས་ཅན་དོན་དམ་ལ་འདོད་དགོས་ན། ཆོས་ཅན་དོན་དམ་ཞེས་པའི་ཚིག་འདི་རང་གིས་གསར་བཟོ་བྱས་པ་ཡིན་ནམ་སྙམ་ན་མ་ཡིན་ཏེ། འདི་ནི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་དགོངས་པ་དྲི་མ་མེད་པ་ཡིན་ཏེ། ཡིད་བཞིན་མཛོད་འགྲེལ་པདྨ་དཀར་པོ་ལས།[14] ཀུན་རྫོབ་དང་དོན་དམ་གྱི་སྒོ་ནས་བཞག་ན། གཞན་དབང་ནི་ཆོས་ཅན་དོན་དམ་དང་། ཡོངས་གྲུབ་ཆོས་ཉིད་དོན་དམ་ལ། ཀུན་བཏགས་ནི་ཀུན་རྫོབ་བདེན་པའོ། །ཞེས་དང་། གཞན་དབང་ནི་རེ་ཞིག་དོན་བྱེད་ནུས་པ་ཉིད་དང་། མྱོང་བ་གསལ་བ་ཙམ་དུ་ཡོད་པའི་ཆ་ལ་དེ་སྐད་དུ་བརྗོད་པས་ཕྱོགས་དེར་བླན་པའོ། །དངོས་པོ་ལ་དང་པོ་གཉིས་ཀུན་རྫོབ་དང་། ཕྱི་མ་དོན་དམ་དུ་གནས་སོ།།[15] ཞེས་གསུངས་ཤིང་སེམས་ཙམ་པའི་ལུགས་ལ་ཐ་སྙད་གནས་ཚུལ་དུ་ཡོད་པའི་དངོས་པོ་རྣམས་ལ་ཆོས་ཅན་དོན་དམ་ཞེས་བརྡར་བཏགས་པའོ། །རྣམ་འགྲེལ་ལེའུ་གསུམ་པའི་བབ་ལ་ལྟོས་ནས་གཟིགས་དང་། དེ་ནི་སེམས་ཙམ་པའི་ལུགས་ཀྱི་ཀུན་ཏུ་ཐ་སྙད་པའི་ཚད་མ་གཉིས་ཡོད་པའི་སྒྲུབ་བྱེད་དུ་གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས་བཤད་པའི་སྐབས་ཀྱི་གཞལ་བྱ་སྤྱི་མཚན་དང་རང་མཚན་བསྟན་པ་ཡིན་པའི་ཕྱིར་རོ། །ཆོས་ཅན་དོན་དམ་དང་ཀུན་རྫོབ་ཅེས་དེ་ལ་དེ་ལྟར་བརྡར་བཏགས་པ་ཡིན་ནོ། །དེ་ནས་ཐ་སྙད་ཀྱི་མཐར་ཐུག་པ་ལ་རང་གི་མཚན་ཉིད་གཅིག་གཞལ་བྱ། ཞེས་གཞལ་བྱ་མཚན་ཉིད་པ་ནི་དོན་བྱེད་ནུས་ཀྱི་དངོས་པོ་ཁོ་ན་ལ་འཇོག་པ་ཡིན་ནོ། །གནད་འཛིན་ཤེས་ན་འདི་དབུ་མ་རྒྱན་འགྲེལ་དུ་ཡུལ་གཞལ་བྱ་མཚན་ཉིད་པ་དོན་བྱེད་ནུས་ཀྱི་དངོས་པོ་ཁོ་ན་ལ་འཇོག་པ་དེ་ཡིན་ནོ། །དབུ་མ་རྒྱན་འགྲེལ་ལས།[16] དེས་ན་ཀུན་རྫོབ་ནི་དོན་བྱེད་ནུས་ཀྱི་དངོས་པོ་ཁོ་ན་ལ་འཇོག་ལ། དེ་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་ན་སྐད་ཅིག་མ་ཡིན་པས་ཁྱབ་སྟེ། སྐད་ཅིག་མ་མིན་པ་ནི་རིམ་དང་ཅིག་ཤོས་ཀྱིས་དོན་བྱེད་པ་དང་འགལ་བའི་ཕྱིར་རོ། །ཚུལ་འདི་ཀུན་རྫོབ་བཤད་པའི་སྐབས་སུ་གནད་ཆེའོ། །ཞེས་དང་། ཡང་དེ་ཉིད་ལས།[17] ཀུན་རྫོབ་ཀྱི་འཇོག་ཚུལ་འདི་རིགས་པས་དཔྱད་ན་ཐ་སྙད་ཀྱི་དེ་ཁོ་ན་ཉིད་མཐར་ཐུག་པ་ཡིན་ཅིང་། དཔལ་ལྡན་ཆོས་ཀྱི་གྲགས་པའི་དགོངས་པའང་ཡིན་ནོ། །ཞེས་གསུངས་ཤིང་འདི་དག་ནི་མདོ་སྡེ་པ་ཟེར་ཡང་ཆོག སེམས་ཙམ་པ་ཟེར་ཡང་ཆོག དབུ་མ་རང་རྒྱུད་པ་ཟེར་ཡང་གསུམ་ཀ་སོ་སོའི་ལུགས་ལ་ཐ་སྙད་ཀྱི་འདོད་ཚུལ་འདི་ལྟར་ཡོད་པར་ཤེས་པར་བྱའོ། །དེ་ལ་བརྟེན་ནས་འགའ་ཞིག་གིས་རྣམ་འགྲེལ་རང་རྒྱུད་པའི་གཞུང་དུ་བཀྲལ་བའང་མཐོང་བྱུང་བས་ཁག་ཅི་ལ་ཡོད། དེ་དག་གིས་ཐ་སྙད་རྣམ་གཞག་བྱེད་ཚུལ་འདྲ་བའི་རྐྱེན་གྱིས་སོ།།

ཡང་ཁ་ཅིག་རྣམ་འགྲེལ་མདོ་སེམས་ཐུན་མོང་གི་གཞུང་ཡིན་ནོ་ཞེས་བཤད་མོད། ཁོ་བོ་ནི་དེ་ལྟར་ཡིན་པར་མི་སེམས་སོ། །རྣམ་འགྲེལ་ནི་སེམས་ཙམ་པ་ཁོ་ནའི་གཞུང་ཡིན་ཏེ། རྣམ་འགྲེལ་ལེའུ་གསུམ་པ་ལས།[18] དེ་ཕྱིར་དེ་ནི་ནང་ཉིད་དང་། །མྱང་བྱ་ཉིད་ཕྱིར་སེམས་ཡིན་ནོ། །གང་གི་རང་བཞིན་མྱོང་མ་ཡིན། །དེ་ནི་དེ་ཡིས་མྱོང་མ་ཡིན། །ཞེས་དང་། ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས།[19] དེས་ན་སྔོན་པོ་ཉམས་སུ་མྱོང་བ་ན་མྱོང་བ་ཉིད་ཤེས་པའི་ངོ་བོ་ཉིད་ཡིན་ཏེ་མིན་ན་མ་མྱོང་བར་འགྱུར་རོ། །ཞེས་པས་སྣང་བ་ཐམས་ཅད་སེམས་སུ་སྒྲུབ་པ་དང་།  ཡང་དེ་ཉིད་ལས།[20] ངེས་པར་བློ་དང་ལྷན་ཅིག་ཏུ། །ཅིག་ཅར་དུ་ནི་མྱོང་འགྱུར་བའི། །ཡུལ་ནི་དེ་ལས་གཞན་ཉིད་དུ། །རྣམ་གང་གིས་ནི་འགྲུབ་པར་འགྱུར། །ཞེས་དང་། ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས།[21] དེས་ན་གཟུང་འཛིན་རྫས་གཞན་མིན་པས་ན་རྫས་གཅིག་ཏུ་སྒྲུབ་ཀྱི། ཞེས་དང་། རྣམ་འགྲེལ་ལེའུ་གསུམ་པ་ལས།[22] དེ་འདྲ་བ་དང་དེ་ལས་བྱུང་། །གལ་ཏེ་མྱོང་བའི་མཚན་ཉིད་ཡིན། །དོན་མཚུངས་ཅན་གྱི་རྣམ་པར་ཤེས། །མཚུངས་པ་དེ་མ་ཐག་མྱོང་འགྱུར། །ཞེས་དང་། ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས།[23] དེས་ན་དེ་ལས་སྐྱེས་པ་དང་འདྲ་བ་ཡིན་དུ་ཆུག་ཀྱང་དངོས་པོ་ཐ་དད་པ་ལ་ཡང་དག་པར་ན་གཅིག་མྱོང་བས་གཅིག་ཤོས་མྱོང་བ་ནམ་ཡང་མི་རིགས་སོ། །ཞེས་ལུང་འདི་དག་གིས་ཕྱི་དོན་རིགས་པས་རྒྱས་པར་བཀག་པ་དང་། ཡང་རྣམ་འགྲེལ་ལེའུ་གསུམ་པ་ལས།[24] དེ་ཕྱིར་གཉིིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་དང་། ལེགས་བཤད་སྣང་བའི་གཏེར་ལེའུ་གསུམ་པ་ལས།[25] གཟུང་འཛིན་གཉིས་སུ་མ་གྲུབ་པ་དེ་ཕྱིར་གཟུང་འཛིན་གཉིས་ཀྱིས་སྟོང་པ་ཡི་རང་རིག་རང་གསལ་གང་ཡིན་པ་དེ་ནི་གཉིས་སྣང་ཅན་གྱི་ཀུན་ཏུ་རྟོག་པ་དེ་ཡིའང་དེ་ཁོ་ན་ཉིད་ཡིན་ཏེ་དེའི་གནས་ཚུལ་མཐར་ཐུག་པ་དེ་ཡིན་པའི་ཕྱིར་རོ། །ཞེས་མཐར་རང་རིག་རང་གསལ་ཙམ་ཞིག་དོན་དམ་བདེན་པར་འདོད་པའི་ཕྱིར་རོ། །དེར་བརྟེན་རྣམ་འགྲེལ་འདིར་ཐ་སྙད་རང་ལ་གནས་སྣང་གཉིས་སུ་བསྟན། མཐར་ཐ་སྙད་གནས་ཚུལ་ལ་དོན་བྱེད་ནུས་པ་ཁོ་ན་གཞལ་བྱ་མཚན་ཉིད་པར་བསྒྲུབས། དེ་ནས་མཐར་ཐུག་ལ་དོན་དམ་དཔྱོད་པས་དཔྱད་ན་ཤེས་པ་གསལ་རིག་གི་བདག་ཉིད་ལ་ཀུན་བརྟགས་ཐམས་ཅད་ཀྱིས་སྟོང་པའི་གཞན་དབང་ཙམ་ཞིག་ཏུ་གནས་པར་འདོད་ལ། དེ་ཙམ་ལ་ཀུན་བརྟགས་ཀྱིས་སྟོང་པའི་ལྡོག་ཆ་ནས་ཡོངས་སུ་གྲུབ་པ་ཞེས་བྱ་སྟེ་དངོས་པོའི་ཡིན་ལུགས་གཏིང་སླེབས་པའང་དེ་ཡིན་གསུངས། རྒྱུ་མཚན་དེའི་ཕྱིར་ན་རྣམ་འགྲེལ་ནི་སེམས་ཙམ་པའི་གཞུང་ཡིན་པར་རིགས་པས་གྲུབ་བོ།།

གསུམ་པ་མདོ་སྡེ་པའི་བདེན་པ་གཉིས་ཀྱི་རྣམ་གཞག་དངོས་འགོད་པ་ནི།

འཇམ་མགོན་བླ་མའི་དབུ་མ་རྒྱན་འགྲེལ་ལས།[26]  དེ་ལས་དོན་སྨྲ་སྡེ་གཉིས་པོ་བྱེ་བྲག་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་། དོན་དུ་འདི་ལྟར་འདོད་དེ། བཅོམ་ཞིང་གཞན་བསལ་བར་གྱུར་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་རགས་པ་རྣམས་ཀུན་རྫོབ། མི་འདོར་བ་ཤེས་པ་སྐད་ཅིག་ཆ་མེད་ཙམ་དང་། བེམ་པོ་རྡུལ་ཕྲན་ཆ་མེད་ཙམ་དོན་དམ་དུ་ཡོད་དགོས་ཏེ། དེ་མེད་ན་བེམ་ཤེས་རགས་པ་འདི་ཀུན་རྩོམ་གཞི་མེད་པས་ན་འདི་ལྟར་སྣང་བར་ཡང་མི་འཐད་དེ་སྣལ་མ་མེད་པའི་སྣམ་བུ་བཞིན་ནོ་སྙམ་པའོ། །ཞེས་གསུངས་པ་ལྟར་མདོ་སྡེ་པའི་བདེན་གཉིས་ཀྱི་རྣམ་གཞག་ནི་བྱེ་བྲག་སྨྲ་བ་དང་མཐུན་པར་བཞེད་དེ། བཅོམ་ཞིང་བློས་གཞན་བསལ་ན་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་རྣམས་ཀུན་རྫོབ་བདེན་པ་དང་། དེ་ལས་གཞན་པའི་ཆོས་རྣམས་དོན་དམ་བདེན་པ་ཡིན་ནོ། །འཇམ་མགོན་བླ་མའི་ཁུངས་འདི་ཤིན་ཏུ་གནད་ཆེན་པོ་ཡིན་པས་སྣང་མེད་དུ་འཇོག་པར་མི་བྱའོ། །སྤྱིར་ན་བོད་འདིར་མདོ་སྡེ་པའི་གཞུང་གཙང་མ་ཞིག་མེད་པ་དང་། ལྷག་པར་དུ་དེ་དག་གི་བདེན་གཉིས་སྟོན་པའི་ཚིག་མི་རྙེད་པས། ལུང་འདིས་བྱེ་མདོ་གཉིས་ཀའི་བདེན་གཉིས་གསལ་བར་བསྟན་པའི་ཕྱིར་གཙིགས་ཆེན་དུ་གཟུང་བར་བྱའོ། །མངོན་པ་མཛོད་ལས།[27] གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་སྟེ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་གསུངས་སོ།།

འགའ་ཞིག་གིས་མཛོད་ཀྱི་གཞུང་ཚིག་དེས་བྱེ་སྨྲའི་བདེན་གཉིས་སྟོན་གྱི་མདོ་སྡེ་པའི་བདེན་གཉིས་བསྟན་པ་མ་ཡིན་ཏེ། མཛོད་ནི་བྱེ་སྨྲའི་གཞུང་ཡིན་པའི་ཕྱིར་རོ་ཟེར་བ་ནི་གྱི་ན་སྟེ། སྤྱིར་མཛོད་རྩ་གཞུང་བྱེ་སྨྲའི་གཞུང་ཡིན་ཡང་དེར་མདོ་སྡེ་པའི་འདོད་པ་བཤད་མི་ཆོག་པའང་མ་ཡིན་ཏེ། དབུ་མ་རྒྱན་འགྲེལ་དབུ་མའི་གཞུང་ཡིན་བཞིན་དུ་དེའི་སྤྱི་དོན་དུ་སེམས་ཙམ་པའི་འདོད་པ་བཤད་པ་བཞིན་ནོ། །འཇམ་མགོན་མི་ཕམ་པས་མངོན་པ་མཛོད་ཀྱི་མཆན་འགྲེལ་དུ།[28]  གང་ལ་བཅོམ་དང་བློ་ཡིས་གཞན་ཞེས་པའི་ཚིགས་བཅད་ཀྱི་འགྲེལ་པར། དེས་ན་རྒྱུན་དང་རགས་པ་ནི་ཀུན་རྫོབ་བོ། །རྡུལ་དང་སྐད་ཅིག་མ་ནི་དོན་དམ་མོ། །ཐེག་པ་གོང་མ་དག་གིས་ཕྱོགས་ཆས་བསལ་ན་དཔྱད་མི་བཟོད་པའི་རང་འཛིན་གྱི་བློ་འདོར་བས་དེ་ཡང་ཀུན་རྫོབ་བོ། །ཞེས་གསུངས་པས་འདི་ལ་ལེགས་པར་གཟིགས་དང་། ཐེག་པ་གོང་མ་ལ་འདོད་ཚུལ་མི་འདྲ་བ་ཡོད་པར་བསྟན་པ་ལས་མདོ་སྡེ་པ་དང་མི་མཐུན་པའི་ཚིག་གཅིག་འདུག་གམ། མཛོད་རང་འགྲེལ་ནི་མདོ་སྡེ་པའི་ལུགས་ལྟར་དུ་ཡིན་ན་དེར་ཡང་བསྒྱུར་བཅོས་མེད་པར་རྩ་བ་དང་མཐུན་པར་བཀྲལ་བའི་ཕྱིར་རོ། །དམ་ཆོས་དོགས་སེལ་ལས་ཀྱང་།[29] ལས་རྒྱུ་འབྲས་འགྲོ་འོང་ལ་སོགས་པ་ཐམས་ཅད་སྐད་ཅིག་ལ་བཞག་མི་ནུས་ལ་རྒྱུན་ལ་འཇོག་པ་ཡིན་ཀྱང་། རྒྱུན་གྱི་རྩོམ་གཞི་སྐད་ཅིག་མ་ཉིད་ན་དེ་དག་མི་འཐད་ཅེས་རྩོད་པ་ཡིན་གྱི། རྒྱུན་དང་རགས་པ་དོན་དམ་པར་མེད་ན་མི་འཐད་ཅེས་རྩོད་པ་ག་ལ་ཡིན་ཏེ་རྒྱུན་དང་རགས་པ་འདི་པས་ཀྱང་ཀུན་རྫོབ་ཏུ་འདོད་པ་མིན་ནམ་སྟེ། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་འདོད་པའི་ཕྱིར་རོ། །ཞེས་གསུངས་སོ། །གཞན་ཡང་མི་ཕམ་པས་ཡིད་བཞིན་མཛོད་གྲུབ་བསྡུས་ལས།[30] དང་པོ་ཉན་ཐོས་པ་དག་གི་ཐུན་མོང་གི་འདོད་པ་རྣམ་པ་བདུན་ཏེ། ཞེས་དང་། དེ་ལ་འདོད་པ་བདུན་ནི། ཡུལ་བདེན་པ་བཞི། རྩོམ་བྱེད་དོན་དམ། དགྲ་བཅོམ་མྱང་འདས་མཐར་ཐུག་པ། ཀུན་གཞི་མེད་པ། ཐེག་ཆེན་མེད་པ། ས་བཅུ་མེད་པ། སངས་རྒྱས་རང་རྒྱུད་པར་འདོད་པའོ། །ཞེས་གསུངས་ཤིང་ཉན་ཐོས་ཐུན་མོང་གི་འདོད་པ་བདུན་པོ་འདི་བྱེ་སྨྲ་དང་མདོ་སྡེ་པ་གཉིས་ཀས་འདོད་དགོས་པ་ལས། རྩོམ་བྱེད་དོན་དམ་པ། ཞེས་པ་འདི་མདོ་སྡེ་པའི་ལུགས་ལ་གོ་རྒྱུ་མེད་པར་ཐལ་ཏེ་ཁྱོད་རང་གི་ལུགས་ལ་རགས་པ་ཐམས་ཅད་དོན་དམ་དུ་འདོད་པའི་ཕྱིར་རོ། །རགས་པ་འདི་ཀུན་དོན་དམ་དུ་འདོད་བཞིན་དུ་རྩོམ་བྱེད་དོན་དམ་དུ་འདོད་ཅེས་དམིགས་སུ་བཀར་བ་ལ་རྒྱུ་མཚན་མེད་པའི་ཕྱིར་རོ། །དེར་བརྟེན་མདོ་སྡེ་པའི་བདེན་གཉིས་འདོད་པ་འདི་བྱེ་སྨྲ་དང་ཁྱད་ཅུང་ཟད་ཀྱང་མེད་དོ། །འོན་ཀྱང་བྱེ་སྨྲའི་ལུགས་ལ་དོན་དམ་དཔྱོད་པའི་ངོར་ཆོས་གང་ཡོད་པའི་ཆོས་རྣམས་རྫས་སུ་གྲུབ་པར་རློམ་པ་འདི་ཙམ་ཞིག་གིས་གྲུབ་མཐའ་འོག་མར་བཞག་པའོ། །གཞན་ཐ་སྙད་ཀྱི་འདོད་ཚུལ་བྱེ་བྲག་མི་འདྲ་བ་ཡོད་ཀྱང་། དེ་ཙམ་གྱིས་གྲུབ་མཐའི་མཐོ་དམན་མི་རུང་བར་མི་ཕམ་པས་གསུངས་སོ། །དེའི་ཕྱིར་འདི་ཙམ་ཞིག་གིས་མདོ་སྡེ་པའི་བདེན་གཉིས་ལ་གོ་བ་ལོན་ནུས་པ་དགོས་ཤིང་། མ་གཏོགས་བོད་འདིར་མདོ་སྡེ་པའི་གྲུབ་མཐའ་ཁ་གསལ་བསྟན་པའི་གཞུང་ཤིན་ཏུ་དཀོན་པས་གང་ནས་བཙལ་ཡང་གནད་འཛིན་ས་ཞིག་རྙེད་དཀའོ།།

བཞི་པ་མཇུག་བསྡུ་བ།

ད་ནི་ཁོ་བོས་འདི་ལྟར་དཔྱད་པ་དེ་ཙམ་ཞིག་ཡིན་པས། གལ་ཏེ་མདོ་སྡེ་པའི་བདེན་གཉིས་ཀྱི་རྣམ་གཞག་འདི་ལ་འཁྲུལ་བ་ཡོད་ན་རྩྭ་བཞིན་དུ་དོར་ཞིང་འབྲི་བ་པོ་ལ་སྙིང་རྗེས་སློབ་གཉེར་བ་ཞིག་ཏུ་ངོས་འཛིན་མཛད་པ་དང་། གལ་ཏེ་ལེགས་པའི་ཆ་ཡོད་ན་ཀློག་པ་པོ་ཁྱེད་རྣམས་ལ་ཁོ་བོའི་མཛའ་བརྩེའི་ལེགས་སྐྱེས་ཤིག་ཏུ་ལྟ་རོགས། སྤྱིར་བཏང་ནས་འཇམ་མགོན་བླ་མས་གསུངས་པ་བཞིན་གྲུབ་མཐའ་འོག་མའི་གཞུང་དག་ལ་སྣང་མེད་དུ་མི་འཇོག་ཅིང་ཞིབ་མོར་སྦྱང་དགོས་པ་གལ་ཆེ་སྟེ། འོག་མ་འོག་མ་གོང་མ་གོང་མའི་ལྟ་བ་རྟོགས་པའི་ཐབས་སུ་འགྲོ་དགོས་རྒྱུ་ལས་གཞན་ཐལ་འགྱུར་བ་ཞེས་ལྟ་བ་མཐོ་སྣང་ཇི་ཙམ་བྱས་ཀྱང་། དོན་དངོས་ལ་མདོ་སྡེ་པའི་གྲུབ་མཐའ་ཅི་ཞིག་ཡིན་མིན་ཡང་ཧ་མ་གོ་ན་ཐལ་འགྱུར་བའི་གནད་ཇི་ལྟར་ཟིན། གལ་ཏེ་ད་ལྟ་ཁོ་བོས་བཤད་པའི་མདོ་སྡེ་པའི་བདེན་གཉིས་འདི་ལ་ནོར་བ་མེད་ན་ནི། ཀུན་མཁྱེན་མི་ཕམ་རྒྱ་མཚོ་འདས་པ་ནས་བཟུང་བོད་འདིར་ས་དགེ་བཀའ་རྙིང་།  ཇོ་ནང་དང་བཅས་པའི་མདོ་སྡེ་པའི་བདེན་གཉིས་ལ་གཞན་ཟེར་འབའ་ཞིག་དང་གཅིག་རྗེས་གཉིས་མཐུད་ཀྱིས་ལུག་ཁྱུ་གཡང་ལ་མཆོངས་པ་ལྟར་བྱས་འདུག མདོར་ན་ཁོ་བོས་བྲིས་པ་འདི་ནི་འཇམ་མགོན་བླ་མ་ཉིད་ཀྱི་བླ་མའི་རྣལ་འབྱོར་ཉིན་ལྟར་ཁ་ཏོན་དུ་བྱ་རྒྱུ་མ་བྱུང་བས་དེའི་ཚབ་ཏུ་བླ་མའི་ཐུགས་དགྱེས་པའི་ཕྱིར་བྲིས་པ་ཡིན་པས་བླ་མའི་བྱིན་རླབས་བཙན་ཐབས་སུ་འཇུག་པར་ཤོག ད་ནི་མང་དུ་མི་སྨྲ་སྟེ། མི་ཕམ་པས། དབུ་མ་རྒྱན་གྱི་སྤྱི་དོན་ལས།[31] བློ་འཆལ་མང་དུ་སྨྲ་བས་ཅི་བགྱི་སྟེ། །དབང་པོ་ཀུན་གྱི་རྩ་བ་སྲོག་བཞིན་དུ། །གྲུབ་མཐའི་ཟབ་གནད་རྗེན་ཅེར་ཟིན་པའི་བློ། །ཆུ་ལས་འོ་མ་འབྱེད་པའི་ངང་མོ་བཞིན། །ཞེས་གསུངས་པ་ལྟར་དམ་པའི་ཆོས་རིན་པོ་ཆེ་འདི་ལ་ཅུང་ཟད་དཔྱད་ཡོད་པས། གལ་ཏེ་རྣམ་དཀར་གྱི་ཆ་ཡོད་ན་བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིིག དེ་ལ་ཁོ་བོས་གོང་དུ་བཤད་པའི་ཚིག་རྣམས་སྤོམ་ཚིག་དང་མཁན་སློབ་དགེ་བའི་བཤེས་གཉེན་སུ་ལའང་མ་གུས་པ་མ་ཡིན་ཞིང་། སྐབས་འདིར་གྲུབ་མཐའི་ལྟ་བ་འཆད་པའི་སྐབས་ཡིན་པས་ཏོག་ཙམ་དགག་ཚིག་འགའ་བེད་དུ་སྤྱད་དེ་བཤད་ན་ཀློག་པ་པོ་རྣམས་ལ་དོ་སྣང་དང་གོ་བདེ་བ་ཡོང་སྙམ་པའི་ཀུན་སློང་ངན་ངོན་ཙམ་ཞིག་ཁྱེར་ནས་བྲིས་པ་ལགས། འདི་ལ་ནོངས་པ་ཅི་མཆིས་པ་ཐམས་ཅད་མདུན་གྱི་ནམ་མཁའི་པད་གདན་དུ་བཞུགས་པའི་འཇམ་མགོན་བླ་མ་མི་ཕམ་པའི་མདུན་དུ་འཆགས་པར་མཛོད།

འདིར་སྨྲས་པ།

མ་ཕམ་མགོན་པོའི་གསལ་ཆ་འགགས་མེད་དང་། །ཀླུ་སྒྲུབ་ཞབས་ཀྱི་སྟོང་ཆ་འགྱུར་མེད་གཉིས།།
ཟུང་དུ་ཆུད་པའི་བླ་མ་འཇམ་པའི་དབྱངས། །བདག་གི་སྙིང་དབུས་པདྨོར་དགྱེས་རོལ་ཅིག།

རྣམ་པར་དཔྱོད་པའི་བློ་གྲོས་མ་མཆིས་ཀྱང་། །མི་ཕམ་བླ་མའི་གསུང་གི་བྱིན་རླབས་ཀྱིས།།
གྲུབ་མཐའི་ཤན་འབྱེད་ཅུང་ཟད་བྱས་པ་འདིའི། །རྣམ་དཀར་ཡོད་ན་བྱང་ཆུབ་མཆོག་ཏུ་བསྔོ།།

མངྒ་ལཾ།


[1]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༥ ཤོག་གྲངས། ༢༡༠ པར་གསལ།

[2]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢ པར་གསལ།

[3]  སྤྱི་ལོ་ ༢༠༡༨ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༥༡ པར་གསལ།

[4]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༨  པར་གསལ།

[5]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༧ པར་གསལ།

[6]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༡༠༦ པར་གསལ།

[7]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ།  རྩ་དེབ། དེབ་ཕྲེང་། ༡༦ ཤོག་གྲངས། ༢༢ པར་གསལ།

[8]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ།  རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༢༢ པར་གསལ།

[9]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༧ པར་གསལ།

[10]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢ པར་གསལ།

[11]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢ པར་གསལ།

[12]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢ པར་གསལ།

[13]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢ པར་གསལ།

[14]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༧༨ པར་གསལ།

[15]  དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གཟུགས། ཤོག་གྲངས། ༧༨ པར་གསལ།

[16]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༠༥ པར་གསལ།

[17]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༣ པར་གསལ།

[18]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༤༡༤ པར་གསལ།

[19]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༥༦ པར་གསལ།

[20]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་ཕྲེང་། ༡༧ ཤོག་གྲངས། ༤༢༨ པར་གསལ།

[21]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༢༦ པར་གསལ།

[22]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་ཕྲེང་། ༡༧ ཤོག་གྲངས། ༤༢༠ པར་གསལ།

[23]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༨༦ པར་གསལ།

[24]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༤༠༧ པར་གསལ།

[25]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༢༠ པར་གསལ།

[26]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༨ པར་གསལ།

[27]  སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། རྩ་དེབ། དེབ་ཕྲེང་། ༡༧ ཤོག་གྲངས། ༢༧༣ པར་གསལ།

[28]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༨ པར་གསལ།

[29]  སྤྱི་ལོ་ ༢༠༡༨ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༤༢༤ པར་གསལ།

[30]  སྤྱི་ལོ་ ༢༠༡༧ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། ཤོག་གྲངས། ༡༠༣ པར་གསལ།

[31]  སྤྱི་ལོ་ ༢༠༡༤ ལོའི་སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༢ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།