ལོ་རིམ་དྲུག་པའི་སློབ་གཉེར་བ། ཆོས་དབྱིངས་རྡོ་རྗེ།
གངས་རིའི་རྩེ་ནས་ཤར་བའི་ཉི་མ་མ་རེད།།
གསེར་ཕྱེ་རི་བོར་སྤུངས་པའི་འོད་མདངས་མ་རེད།།
གསལ་ལ་དྭངས་པའི་མཚམས་སྤྲིན་གཞོན་པའི་སྐུ་འདི།།
མི་ཕམ་ཕྱོགས་ལས་རྣམ་པར་རྒྱལ་བ་མིན་ནམ།།
སྤྲིན་པའི་གསེབ་ནས་འབྱིན་པའི་འབྲུག་སྒྲ་མ་རེད།།
གཅན་གཟན་རྒྱལ་པོ་ཁྲོས་པའི་ངར་སྐད་མ་རེད།།
སྨྲ་ངན་ལྕེ་རྩེ་གཅོད་པའི་བདེན་པའི་གཏམ་འདི།།
མི་ཕམ་འཇམ་དཔལ་དབྱངས་ཀྱི་གསུང་མཆོག་མིན་ནམ།།
ཕ་མས་བུ་ལ་གནང་བའི་བྱམས་པ་མ་རེད།།
ན་གཞོན་ཆགས་པས་གདུངས་པའི་བརྩེ་བ་མ་རེད།།
སྐྱེ་འགྲོ་ཀུན་ལ་སྙོམས་པའི་བརྩེ་བའི་གཏེར་འདི།།
མི་ཕམ་འཇམ་དཔལ་དབྱངས་ཀྱི་ཐུགས་རྗེ་མིན་ནམ།།
འཇམ་དབྱངས་ཐུགས་སུ་འཁྱིལ་བའི་གཏེར་མཛོད་མ་རེད།།
མཁས་མཆོག་གཞན་གྱིས་བརྩམས་པའི་བསྟན་བཅོས་མ་རེད།།
པོ་ཏི་སོ་གཉིས་ལོངས་པའི་གསུང་གི་མཛོད་འདི།།
མི་ཕམ་འཇམ་དཔལ་དབྱངས་ཀྱི་བྱིན་རླབས་མིན་ནམ།།
སངས་རྒྱས་སྟོང་གི་མཛད་པ་བསྐྱིལ་བ་མ་རེད།།
སྒྱུ་མ་མཁན་གྱིས་མིག་འཕྲུལ་བསྟན་པ་མ་རེད།།
སྔ་འགྱུར་བསྟན་པའི་ཆུ་རྒྱུན་རྒྱས་པའི་རླབས་འདི།།
མི་ཕམ་འཇམ་དཔལ་དབྱངས་ཀྱི་མཛད་ཕྲིན་མིན་ནམ།།