ལོ་རིམ་དགུ་པའི་སློབ་གཉེར་བ། བསྟན་འཛིན་ཆོས་འཕེལ།
མཚམས་སྦྱོར་སྐད་ཆ།
ནང་བསྟན་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་མཁན་ཞིག་གི་ངོས་ནས་གཞུང་ལུགས་གང་ཞིག་ལ་སློབ་སྦྱོང་བྱས་རུང་དེའི་ཁུངས་ནི་རྒྱ་གཞུང་ལ་ཐུག་ཡོད་ཅིང་། ཁྱད་པར་དུ་སངས་རྒྱས་ཀྱི་བཀའ་ལ་ཐུག་ཡོད་པ་རེད། དེས་ན་སངས་རྒྱས་ཀྱི་བཀའ་ལ་སློབ་སྦྱོང་བྱེད་དགོས་པ་སྨོས་མི་དགོས་པ་ཞིག་ཏུ་གྱུར་འདུག འོན་ཀྱང་དེང་སང་གཞུང་ལུགས་ལ་སློབ་གཉེར་བྱེད་མཁན་ཕལ་ཆེ་བ་ཞིག་ནི་སོ་སོའི་ཆོས་བརྒྱུད་ཀྱི་ཡིག་ཆ་འགའ་ཞིག་ལ་མགོ་འཐོམས་ནས་རྒྱ་གཞུང་གི་བསྟན་བཅོས་ཁག་ལ་དེ་ཙམ་གྱིས་དོ་སྣང་མེད་ཅིང་། སངས་རྒྱས་ཀྱི་བཀའ་ལ་དེ་བས་ཀྱང་སྨོས་ཅི་དགོས། སོ་སོའི་ཆོས་བརྒྱུད་ཀྱི་ཡིག་ཆའི་ཁས་ལེན་ཤོར་ན་ཡོད་ཚད་ཤོར་འགྲོ་བ་ཞིག་དང་། དེ་བཟུང་ཐུབ་ན་ཡོད་ཚད་འཛིན་ཐུབ་ཡོད་པའི་བཟོ་འདྲ་སྟོན་མཁན་ལྟ་བུ་དང་། ཡང་ཤེར་ཕྱིན་གཞུང་ལ་ལོ་ངོ་བཅུ་ཕྲག་མ་ཟིན་ཙམ་སློབ་སྦྱོང་བྱས་ཡིན་ཟེར་མཁན་ཚོས་ཀྱང་ཐ་ན་ཤེར་མདོ་བརྒྱད་སྟོང་པར་ལེའུ་ག་ཚོད་ཡོད་མེད་ཀྱང་མི་ཤེས་པ་རེད། དེས་ན་ནང་བསྟན་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་མཁན་ཞིག་གི་ངོས་ནས་སངས་རྒྱས་ཀྱི་བཀའ་ལ་ཐད་ཀར་ལྟ་ཀློག་ཐུབ་དགོས་པ་ནི་གལ་ཆེན་ཞིག་ཏུ་མཐོང་སྟེ། ཐེངས་འདིར་ཀློག་པ་པོ་ཉོབ་ཏོ་ཁྱོད་ཀྱི་དུས་ཚོད་མང་པོ་གཏོང་མི་དགོས་པར་བསམས་ནས། ཤེར་ཕྱིན་གྱི་མདོ་ལས་དོན་ཟབ་ཅིང་རྒྱས་བསྡུས་འཚམས་པ་དེ་བརྒྱད་སྟོང་པར་མཐོང་ནས་དེའི་སྐོར་ལ་སྐད་ཆ་ཁ་ཤས་ཤོད་དགོས་བསམས་བྱུང་།
མཚན་དོན་ལ་དཔྱད་པ།
བོོད་ཡིག་ཐོག་ཏུ་མདོ་འདིའི་མཚན་ལ་«འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ།» ཞེས་བཏགས་ཡོད་ཅིང་། དེ་ནི་མདོ་འདིར་རྗོད་བྱེད་ཤོ་ལོ་ཀ་བརྒྱད་སྟོང་ཡོད་པའི་ཆ་ནས་བཏགས་པ་འདྲ། དེ་སྔོན་ཁོ་བོོའི་བསམ་པར་བརྒྱད་སྟོང་པ་ཞེས་པའི་མཚན་འདི་ནི་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་བཏགས་པ་ཡིན་ཤག་བྱས་མོད། འོན་ཀྱང་ཉེ་ཆར་ཁོ་བོས་དེའི་འགྲེལ་བྱེད་རྒྱ་གཞུང་ཁག་ཀློག་སྐབས་བརྒྱད་སྟོང་པ་ཞེས་པའི་ཐ་སྙད་དེ་རྒྱ་གཞུང་རང་དུ་གསལ་འདུག སྤྱིར་བཏང་ཡོངས་གྲགས་ལ་རྒྱ་འགྲེལ་ཉེར་གཅིག་ལས་བརྒྱད་སྟོང་པ་དང་སྦྱར་བ་ལ་སློབ་དཔོན་སེང་གེ་བཟང་པོའི་རྒྱན་སྣང་དང་། རིན་ཆེན་འབྱུང་གནས་ཞིི་བའི་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག པཎྜི་ཏ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པའི་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་བཅས་གསུམ་ཡོད་པ་ལས། བརྒྱད་སྟོང་པ་ཞེས་པའི་ཐ་སྙད་གསལ་ཤོས་ནི་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་རྒྱན་སྣང་དང་། རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་གཉིས་ཀྱི་ནང་དུ་གསལ་ཏེ། རྒྱན་སྣང་ལས།[1] ཇི་སྐད་དུ་བཤད་པའི་བརྗོད་པར་བྱ་བ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལ་སོགས་པའི་མདོའི་དོན་བྱང་ཆུབ་ཀྱི་སེམས་དང་གདམས་ངག་ལ་སོགས་པ་བསྒྲུབ་པའི་རང་བཞིན། གནས་སྐབས་བརྒྱད་ཀྱི་དབྱེ་བ་ཕྱེ་བ་ཐམས་ཅད། སེམས་ཅན་མདོར་བསྡུས་པ་ལ་དགའ་བ་རྣམས་ཀྱིས་མདོར་བསྡུས་ནས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་བཅོམ་ལྡན་འདས་མ་བརྒྱད་སྟོང་པ་བསྟན་པ་ཡིན་ནོ། །ཞེས་གསུངས་པ་དང་། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་གི་དབུའི་བརྩམ་པར་དམ་བཅའ་བ་ལས།[2] ཤེས་རབ་ཕ་རོལ་ཕྱིན་པའི་གཞུང་ལུགས་ཆེན་པོ་གང་ཡིན་དེ་ནི་བརྒྱད་སྟོང་པ། །རིན་ཆེན་འབྱུང་གནས་དམན་པའི་ཚིག་ཉུང་ཤིན་ཏུ་གསལ་བར་རྣམ་པར་བཤད་པར་བྱ། །ཞེས་དང་། ཡང་དེ་ཉིད་ཀྱི་མཇུག་རྩོམ་ལས།[3] གང་ཞིག་མངོན་རྟོགས་བརྒྱད་དང་སྟོང་ཕྲག་བརྒྱད་དུ་བསྟན་པ་ཡི། །རྒྱུད་དང་མདོ་ནི་བདག་གིས་རྣམ་ཕྱེས་ཐོབ་པའི་བསོད་ནམས་ཀྱི། །ཕུང་པོའི་འབྲས་བུ་དེས་ནི་སྐྱེ་དགུ་ཅི་རིགས་གྲོལ་གྱུར་ཅིག །ཅེས་དང་། ཤེས་རབ་ཕ་རོལ་ཕྱིན་བསྡུས་པ། །བརྒྱ་ཕྲག་བཅུ་པ་བརྒྱད་དག་གི །དཀའ་འགྲེལ་སྙིང་པོ་མཆོག་ཅེས་པ། །ཚིག་གསལ་འདི་ནི་བདག་གིས་བྱས། །འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ཅེས་བྱ་བ་རྒྱལ་པོའི་སློབ་དཔོན་མཁས་པ་ཆེན་པོ་རིན་ཆེན་འབྱུང་གནས་ཞི་བའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་གསུངས་པའི་མཇུག་བྱང་འདིའི་ནང་སྟོང་ཕྲག་བརྒྱད་དང་ཞེས་པ་དང་། བརྒྱ་ཕྲག་བཅུ་པ་བརྒྱད་ཅེས་གསུངས་པ་ནི་བརྒྱ་ཕྲག་བཅུ་བྱས་པ་བརྒྱད་བརྩིས་ན་བརྒྱད་སྟོང་དུ་འགྱུར་བའི་དོན་ནོ། །གཞན་ཡང་བསྟན་བཅོས་འདི་དང་པཎྜི་ཏ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་བཅས་ཀྱི་ལེའུ་སོ་སོ་དང་བསྟན་བཅོས་ཀྱི་མཇུག་བྱང་དུ་བརྒྱད་སྟོང་པ་ཞེས་པའི་ཐ་སྙད་རེ་འབྱུང་ནའང་། མཇུག་བྱང་ལ་མཐའ་གཅིག་ཏུ་ངེས་པ་མེད་པས་བོད་ཀྱི་ལོ་ཙཱ་བ་རྣམས་ཀྱིས་སྦྱར་བའང་ཡོད་དོ།།
དེས་ན་མདོ་འདིར་ཤོ་ལོ་ཀ་བརྒྱད་སྟོང་ཡོད་ན་དེ་ཇི་ལྟར་རྩི་ཞེ་ན། ཤོ་ལོ་ཀ་རྩི་སྟངས་ནི་དུང་དཀར་ཚིག་མཛོད་དུ་འདི་ལྟར་གསལ་ཏེ། དེ་ཉིད་ལས།[4] ཚིགས་བཅད་ཡིན་ན་ཚིག་རྐང་བཞི་ལ་ཤོ་ལོ་ཀའམ་ཚིགས་བཅད་གཅིག་དང་། ཚིག་ལྷུག་ལ་ཚེག་བར་སུམ་ཅུ་སོ་གཉིས་ལ་ཤོ་ལོ་ཀ་རེར་བརྩིས། ཤོ་ལོ་ཀ་སུམ་བརྒྱ་ལ་བམ་པོ་གཅིག་ཏུ་བརྩིས། ཞེས་ཚིག་ལྷུག་དབང་དུ་བཏང་ནས་ཚེག་བར་སོ་གཉིས་ལ་ཤོ་ལོ་ཀ་རེ་བརྩི་དགོས་པར་གསུངས་སོ།།
འོན་ཀྱང་ཤེར་མདོ་བརྒྱད་སྟོང་པའི་རྒྱ་དཔེ་ལ་ཤོ་ལོ་ཀ་བརྒྱད་སྟོང་ཡོད་པར་བཤད་ནའང་། བོད་ཡིག་ཐོག་བཞུགས་པའི་བརྒྱད་སྟོང་པ་ལ་ཤོ་ལོ་ཀ་དེ་ལས་མང་བ་ཡོད་པར་འདྲ་སྟེ། བཙན་པོའི་དུས་སྐབས་སུ་བརྩམས་པའི་དཀར་ཆག་གཉིས་པོའི་ནང་འདི་ལྟར་གསལ་ཏེ། དཀར་ཆག་ལྡན་དཀར་མ་ལས།[5] འཕགས་པ་བརྒྱད་སྟོང་པ། ཤློ་ཀ་བརྒྱད་སྟོང་། བམ་པོ་ཉི་ཤུ་རྩ་དྲུག་དང་། ཤློ་ཀ་བརྒྱ། ཞེས་དང་། དཀར་ཆག་འཕང་ཐང་མ་ལས།[6] འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། ཤློཀ་བརྒྱད་སྟོང་སྟེ། ལྷན་དུ་བམ་པོ་ཉེར་དྲུག་དང་ཤློཀ་བརྒྱ་འདིར་བྱོན། ཅེས་དཀར་ཆག་གཉིས་པོའི་ནང་མདོ་འདིར་ཤོ་ལོ་ཀ་བརྒྱད་སྟོང་དང་གཅིག་བརྒྱ་ཡོད་པ་གཅིག་མཐུན་དུ་གསུངས་འདུག དེས་ན་རྒྱ་དཔེ་དང་བོད་འགྱུར་གཉིས་པོའི་བར་དུ་ཁྱད་པར་དེ་ལྟར་ཤོར་བ་ནི་འགྱུར་གྱི་དབང་གིས་ཡིན་ནམ་དཔྱད་པའི་གནས་སུ་མཆིས་སོ།།
འགྱུར་ལ་དཔྱད་པ།
མདོ་འདིར་འགྱུར་གྱི་ཐད་ནས་བཤད་ན། སྔ་འགྱུར་དང་ཕྱི་འགྱུར་གཉིས་ཀ་ཡོད་པར་སྣང་སྟེ། བསྟན་པ་སྔ་དར་གྱི་བཙན་པོའི་དུས་སྐབས་སུ་བསྒྱུར་ཡོད་པ་ནི་དཀར་ཆག་འཕང་ཐང་མ་དང་། ལྡན་དཀར་མ་གཉིས་ཀའི་ནང་མདོའ་འདིའི་མཚན་བཀོད་ཡོད་པ་དེས་མཚོན་ཐུབ། འོན་ཀྱང་དཀར་ཆག་གཉིས་པོའི་ནང་སྒྱུར་བྱེད་ལོ་ཙཱ་བའི་མཚན་བཀོད་མེད་པས་ལོ་ཙཱ་བ་སུ་ཞིག་གིས་བསྒྱུར་མིན་ཐག་མ་ཆོད་ཀྱང་། ད་ལྟ་སྡེ་དགེའི་པར་མ་སོགས་ཀྱི་མདོ་འདིའི་མཇུག་བྱང་དུ། རྒྱ་གར་གྱི་མཁན་པོ་ཤཱཀྱ་སེ་ན་དང་ཛྙཱ་ན་སིདྡྷི་དང་ཞུ་ཆེན་གྱི་ལོཙྪ་བ་བན་དེ་དྷརྨ་ཏཱ་ཤཱི་ལ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། ཅེས་ལོ་ཙཱ་བ་བན་དེ་དྷརྨ་ཏཱ་ཤི་ལས་བསྒྱུར་ཡོད་ཚུལ་བཀོད་ཡོད་པས། ལོ་ཙཱ་བ་དེ་ནི་སྔ་འགྱུར་བའི་ལོ་ཙཱ་བ་ཡིན་སྟབས། མདོ་འདི་ཉིད་སྔ་འགྱུར་དུས་སུ་སྒྱུར་མཁན་ལོ་ཙཱ་བ་གཅིག་ནི་འདི་ཡིན་ནམ་སྙམ་མོ།།
ཡང་མདོ་འདིར་ཕྱི་འགྱུར་ཡོད་པ་ནི་སྡེ་དགེ་པར་མས་གཙོས་པའི་བཀའ་འགྱུར་པར་མ་ཁག་སོ་སོའི་མདོ་འདིའི་མཇུག་ཏུ་བསྒྱུར་ཞུས་ལན་མང་མཛད་ཡོད་ཚུལ་འདི་ལྟར་བཀོད་ཡོད་དེ། “སླད་ཀྱིས་དབང་ཕྱུག་དམ་པའི་མངའ་བདག་བོད་ཀྱི་དཔལ་ལྷ་བཙན་པོ་བཀྲ་ཤིས་ལྷ་སྡེ་བཙན་གྱི་བཀས། རྒྱ་གར་གྱི་མཁན་པོ་སུ་བྷཱ་ཥི་ཏ་དང་། སྒྲ་བསྒྱུར་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་འགྲེལ་པ་དང་མཐུན་པར་བསྒྱུར།
སླད་ཀྱིས་རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་ཡུལ་དབུས་ཀྱིས་འགྲེལ་པ་དང་གཏུགས་ནས་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ།
ཡང་སླད་ཀྱིས་ཀྱི་སྨད་གཉེ་ཐང་ན་མོ་ཆེར། པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང་། ལོཙྪ་བ་འབྲོམ་རྒྱལ་བའི་འབྱུང་གནས་གཉིས་ཀྱིས་བརྒྱད་སྟོང་པ་བཤད་པའི་དུས་སུ་ཆེ་ལོང་ཞིག་གཏན་ལ་ཕབ། ཕྱིས་ར་སྒྲེང་གཙུག་ལག་ཁང་དུ་ལོཙྪ་བ་འབྲོམ་རྒྱལ་བའི་འབྱུང་གནས་ཀྱིས་རྒྱ་གར་གྱི་མདོ་གསུམ་དང་གཏུགས་ནས་ལན་གཉིས་གཏན་ལ་ཕབ། སླད་ཀྱིས་ཡང་ལོཙྪ་བ་དེ་ཉིད་ཀྱིས་བཤད་པ་མཛད་ཅིང་ཕྲན་ཚེགས་ཀྱང་གཏན་ལ་ཕབ།
དུས་ཕྱིས་ལོཙྪ་བ་ཆེན་པོ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་ཁ་ཆེའི་དཔེ་དང་ཡུལ་དབུས་ཀྱི་དཔེ་དུ་མ་བསགས་ནས་གཏན་ལ་ཕབ།”[7] ཅེས་ལོ་ཆེན་རིན་ཆེན་བཟང་པོ་སོགས་ཀྱིས་བསྒྱུར་ཞུས་ལན་མང་མཛད་ཡོད་པར་གསལ་ཡོད་དོ།།
བཀའ་སྡུད་པ་པོ་ལ་དཔྱད་པ།
སངས་རྒྱས་ཀྱི་བཀའ་ལས་མདོ་ཕྱོགས་ཕལ་ཆེ་བར་བཀའ་སོ་སོའི་དབུར་འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན་ཞེས་འབྱུང་ཞིང་། སྡུད་པ་པོ་ཕལ་ཆེ་བ་ཡང་ཀུན་དགའ་བོ་ཡིན། མདོ་འདིའི་དབུར་ཡང་འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན་ཞེས་བཀོད་ཡོད་ནའང་། བཀའ་འདི་ཐོས་ནས་སྡུད་པ་པོ་སུ་ཡིན་ཐད་ལ་རྒྱ་གར་གྱི་འགྲེལ་བྱེད་མཁན་པོ་རྣམས་ལ་མི་མཐུན་པར་འབྱུང་སྟེ།
དེ་ཡང་ཡོངས་སུ་གྲགས་པའི་ཤེར་མདོ་བརྒྱད་སྟོང་པ་དང་སྦྱར་བའི་འགྲེལ་པ་གསུམ་ལས། རིན་ཆེན་འབྱུང་གནས་ཞི་བའི་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་དང་། འཇིགས་མེད་འབྱུང་གནས་སྦས་པའི་བརྒྱད་སྟོང་འགྲེལ་པ་གནད་ཀྱི་ཟླ་བའི་འོད་གཉིས་སུ་མདོ་འདིའི་བཀའ་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་པར་གསུངས་པ་དང་། སློབ་དཔོན་སེང་གེ་བཟང་པོའི་རྒྱན་སྣང་དུ་སྔོན་གྱི་སློབ་དཔོན་ཁ་ཅིག་མདོ་འདིའི་བཀའ་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་པར་བཞེད་ཅེས་གསུངས་ནས། རང་ལུགས་ལ་མདོོ་འདིའི་བཀའ་སྡུད་པ་པོ་ཉན་ཐོས་ཀུན་དགའ་བོ་ཡིན་པ་འཐད་ཕྱོགས་སུ་བཟུང་ཡོད་དེ།
རིན་ཆེན་འབྱུང་གནས་ཞི་བའི་བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ལས།[8] ཅིས་ཏེ་འདིར་སྡུད་པ་པོ་གང་ཡིན་ཞེ་ན། གང་གི་ཕྱིར་དེ་ནི་ལྕང་ལོ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་། ཆོས་ཀྱི་ཚོགས་བསྲུང་བའི་དབང་དུ་བྱས་པའི་ཕྱིར་གཙོར་རྗེས་སུ་འབྲང་བར་བརྗོད་དེ། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་མདོ་སྡེ་ལས་བསྟན་པ་གཏད་པ་ཡིན་ནོ། །ཡང་འཕགས་པ་ཀུན་དགའ་བོ་ལ་གཏད་པ་དེ་ནི་ཉན་ཐོས་ཀྱི་འཇིག་རྟེན་ལ་བཞུགས་པར་བྱ་བའི་ཕྱིར་ཡིན་གྱི། སྡུད་པའི་དོན་དུ་ནི་མ་ཡིན་ཏེ། ཇི་ལྟར་ཡང་རྟག་ཏུ་བཅོམ་ལྡན་འདས་ཀྱི་ཞབས་འབྲིང་དུ་གནས་པའི་ཕྱིར་འཕགས་པ་ཀུན་དགའ་བོ་ནི་མ་ལུས་པ་ཐོས་པ་ཐོབ་པས་ཉན་ཐོས་ཀྱི་སྡེ་སྣོད་སྡུད་པ་པོ་ཡིན་ཏེ། དེ་བཞིན་དུ་ཕྱག་ན་རྡོ་རྗེ་ནི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཀྱི་སྡུད་པ་པོ་ཡིན་ཏེ་དེ་ལྟར་རྒྱ་ཆེར་སྤྲོས་པས་ཆོག་གོ །ཞེས་གསུངས་པ་དང་། དེ་བཞིན་འཇིགས་མེད་འབྱུང་གནས་སྦས་པའི་བརྒྱད་སྟོང་འགྲེལ་པ་གནད་ཀྱི་ཟླ་བའི་འོད་ལས།[9] ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པ་དག་གིས་ཀུན་ཏུ་རྟོག་པའི་དྲ་བ་མཐའ་དག་སྐྱེ་བའི་རྒྱུན་དྲུངས་ཕྱུང་ནས་མུ་མེད་པའི་ཕྱོགས་ཐམས་ཅད་ཀྱི་ཁམས་གསུམ་པ་རྣམས་ཀྱི་སྲོག་ཆགས་དཔག་ཏུ་མེད་པ་རྣམས་ཀྱི་སོ་སོའི་སེམས་སྐད་ཅིག་ལ་གཟིགས་ནས་མཆོག་ཏུ་བརྩེ་བ་ཆེན་པོའི་གཞན་གྱི་དབང་གི་ཇི་ལྟ་བ་བཞིན་རྟོགས་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱིས་རྟོགས་པར་བཞེད་ནས་བསྟན་པ་ཇི་ལྟ་བུར་སྡུད་པ་པོས་བསྡུས་པ་ནི། འདི་སྐད་བདག་གིས་ཐོས་ཞེས་བྱ་བ་ལ་སོགས་པ་དང་། མངོན་པར་བསྟོད་དོ་ཞེས་བྱ་བའི་བར་གྱིས་ཏེ་འདི་ཉིད་དུ་ཞེས་པ་ལ་སོགས་པ་དང་། དེ་ལ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་པ་ལ་སོགས་པ་ནི་སྡུད་པ་པོའི་རང་བཟོ་མ་ཡིན་པས་བཅོམ་ལྡན་འདས་ཀྱི་བཀའ་ཉིད་དུ་བཤད་དེ། ཆོས་ཡང་དག་པར་སྡུད་པའི་མདོ་ལས་གསུངས་པ། འདི་སྐད་བདག་གིས་ཐོས་ཞེས་བྱས་ནས་ཆོས་བསྡུ་བར་བྱའོ། །དེ་བཞིན་དུ་འབྲལ་བ་དང་གོ་རིམས་ཀྱིས་བཤད་དོ་ཞེས་པ་ལ་སོགས་པ་སྟེ། འདི་སྡུད་པ་པོ་ནི་ལྕང་ལོ་ཅན་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ་རྗེ་སྟེ། དེ་ཡང་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་རྣམས་ཀྱི་གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུ་སྲུང་བར་དབང་བསྐུར་ནས་རྟིང་ལ་རྗེས་སུ་གཤེགས་ཞེས་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་མདོ་ལས་བཤད་པ་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་མདོ་ལས་བསྟན་པ་སོ་སོར་གཏད་པས་སོ། །གང་ཡང་འཕགས་པ་ཀུན་དགའ་བོ་ལ་ཡོངས་སུ་གཏད་པ་དེ་ནི་ཉན་ཐོས་རྣམས་ཀྱིས་ཀྱང་འཇིག་རྟེན་པ་ལ་སྤྱོད་པར་བྱེད་པའི་དོན་དུ་ཡིན་གྱི། ཆོས་སྡུད་པའི་དོན་དུ་ནི་མ་ཡིན་ནོ། །འདིར་བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་བསྟན་པ་དང་། འཕགས་པ་ཕྱག་ན་རྡོ་རྗེས་འཇིག་རྟེན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྡུ་བར་འདོད་ནས། འཕགས་པ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་རྣམས་ལ་འདི་སྐད་ཅེས་པ་ལ་སོགས་པ་གསུངས་ཏེ། ཇི་ལྟ་བ་བཞིན་དུ་སྟོན་པ་པོ་ལས་ཐོས་པ་ཅིག་ཀྱང་རྗེས་སུ་བརྗོད་དེ་དེ་བཞིན་དུ་ཡང་ལས་གཞན་ཡང་ཉན་པར་བྱེད་དོ་ཞེས་པ་ནི་སྡུད་པ་པོར་བརྗོད་དོ། །བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ན། མཆོག་ཏུ་ཟབ་ཅིང་རྗེས་སུ་རྟོགས་པར་དཀའ་ལ་རྟོགས་པར་མི་ནུས་ཞེས་པས་ཐུགས་རྗེས་དེ་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་བྱས་ནས་དུས་ཕྱིས་བྱས་ཞེས་པ་ནི་སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱི་འཁྲུལ་པ་སྟེ། སྔོན་དུ་བྱས་པ་ལ་མ་བཤད་ཅེས་པ་ནི་གཞན་དག་གིའོ། །ཞེས་གསུངས་སོ།།
སློབ་དཔོན་སེང་གེ་བཟང་པོའི་རྒྱན་སྣང་དུ་སྔོན་གྱི་སློབ་དཔོན་རྣམས་ཀྱིས་མདོ་འདིའི་བཀའ་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་པར་འདོད་ཅེས་བཀོད་ནས། སློབ་དཔོན་རང་གི་ལུགས་ལ་བཀའ་སྡུད་པ་པོ་དེ་ཀུན་དགའ་བོ་ཡིན་པར་བཞེད་དེ། རྒྱན་སྣང་ལས།[10] དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་དབང་དུ་བྱས་ནས། བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟུགས་ཀྱི་སྐུ་དང་། དམ་པའི་ཆོས་ཀྱི་ཚོགས་བསྲུང་བ་ལ་རྣམ་པ་ཐམས་ཅད་དུ་བདག་པོར་བྱས་པ་ཡིན་པའི་ཕྱིར་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བ་ལ་སོགས་པ་ལས་བསྟན་པ་གཏད་པ་ཡིན་པའི་ཕྱིར་དང་། གཞན་རྣམས་ཀྱི་ཁྱད་པར་བརྗོད་པ་མེད་པའི་ཕྱིར་ལྕང་ལོ་ཅན་ན་བཞུགས་པ་ས་བཅུའི་དབང་ཕྱུག་རྡོ་རྗེ་འཛིན་པ་ཆེན་པོས། འཇིག་རྟེན་ཐམས་ཅད་རྗེས་སུ་གཟུང་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་སྡུད་པར་གསོལ་བ་འདེབས་པ། འཕགས་པ་བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལ་འདི་སྐད་ཅེས་བྱ་བ་ལ་སོགས་པ་གསུངས་པ་ཡིན་ནོ་ཞེས་སྔོན་གྱི་སློབ་དཔོན་རྣམས་འཆད་དོ། །གཞན་དག་ནི་འདི་ཉིད་ཀྱི་ཡོངས་སུ་གཏད་པའི་ལེའུ་ལས། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འཛམ་བུའི་གླིང་ན་སྤྱོད་པར་འགྱུར་བ་ཞེས་བྱ་བ་ལ་སོགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་གཏད་པ་ཡིན་པའི་ཕྱིར། ཡང་དག་པར་སྡུད་པར་བྱེད་པ་ནི་འཕགས་པ་ཀུན་དགའ་བོ་ཡིན་ནོ་སྙམ་དུ་སེམས་སོ། །དེ་ལ་འདི་སྐད་ཅེས་བྱ་བ་ངེས་པའི་དོན་རྗོད་པར་བྱེད་པས། རང་དང་རྗེས་སུ་མཐུན་པའི་ཤེས་པས་ངེས་པར་གཟུང་བའི་མདོའི་དོན་མ་ལུས་པ་ཉེ་བར་སྟོན་པ་ལྷུར་ལེན་པའི་ཚིག་གིས་ནི། དེ་ནི་འདི་ལྟར་ཡིན་ནོ་ཞེས་ཕྱིན་ཅི་མ་ལོག་པ་ཉིད་དུ་བརྗོད་དོ། །བདག་གིས་ཞེས་བྱ་བ་བདག་ཉིད་སྟོན་པའི་ཚིག་གིས་ནི་བཅོམ་ལྡན་འདས་ཀྱི་ཐད་ནས་མངོན་སུམ་དུ་མཉན་པར་རོ། །ཐོས་པ་ཞེས་པ་བྱ་བ་རྣ་བའི་རྣམ་པར་ཤེས་པས་ཉམས་སུ་མྱོང་བའི་ཚིག་གིས་ཀྱང་དེ་བཞིན་གཤེགས་པ་མ་གཏོགས་པ་གཞན་དག་གིས་འདི་ལྟ་བུའི་ཆོས་མཐའ་དག་རྟོགས་པའི་ནུས་པ་མེད་པས་རྟོགས་པ་མེད་པ་ཉིད་དུའོ། །ཞེས་དང་།
ཡང་དག་པར་སྡུད་པར་བྱེད་པ་རྣམས་ཀྱིས་བྱས་པ་ཡིན་པའི་ཕྱིར་སངས་རྒྱས་ཀྱི་བཀའ་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་བ་མེད་དོ། །དེ་ལྟ་ཡིན་དང་སངས་རྒྱས་ཀྱི་བཀར་སངས་རྒྱས་ཀྱི་བཀའ་མ་ཡིན་པ་བཅུག་པའི་ཉེས་པ་འདིའི་གོ་སྐབས་ཀྱང་རྒྱང་བསྲིངས་པ་ཉིད་དུ་བྱས་སོ། །དེ་བས་ན་ཇི་ལྟར་ཐོས་པ་དེ་བཞིན་དུ་ཡང་དག་པར་བསྡུས་པ་ཡིན་ནོ་ཞེས་འཐད་དོ། །དེ་ལྟར་བྱས་ན་ཁ་ཅིག་གིས་འདི་སྐད་བདག་ལ་བསྟན་ཏོ་ཞེས་བརྗོད་པར་བྱ་བ་ལས་འདི་སྐད་བདག་གིས་ཐོས་པ་ཞེས་ཅིའི་ཕྱིར་བརྗོད་ཅེས་རྩོད་པ་བཀོད་ནས། བཅོམ་ལྡན་འདས་ཀྱིས་སྟོན་པ་མི་འཐད་པ་ལ་སོགས་པའི་རིགས་པ་གཞན་དག་ཀྱང་བརྗོད་པ་གང་ཡིན་པ། དེ་ནི་ཤིན་ཏུ་མཛེས་པ་མ་ཡིན་ནོ་ཞེས་བསྟན་པར་འགྱུར་རོ། །གལ་ཏེ་འཕགས་པ་ཀུན་དགའ་བོས་ཕྱོགས་གཞན་དུ། ཁོ་བོས་འདི་སྐད་ཐོས་པའི་ཚིག་གིས་གཟུང་བ་གང་ཡིན་པ། བཅོམ་ལྡན་འདས་ཀྱིས་བདག་གིས་མངོན་སུམ་དུ་གསུངས་པའི་མདོ་ཡང་ཡོད། ལྷ་ཡུལ་དུ་གསུངས་པ་ཡང་ཡོད། བརྒྱུད་དེ་འོངས་པ་ཡང་ཡོད་དོ་ཞེས་བརྗོད་པ། དེ་ཐམས་ཅད་ཀྱི་དབང་དུ་བྱས་ནས། ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ། །བཅོམ་ལྡན་འདས་ཀྱིས་གང་གསུངས་པ། །ཤེས་རབ་ཆེན་པོ་ཁྱེད་ཀྱིས་སྨོས། །བདེ་གཤེགས་སྲས་པོ་ཁྱེད་སྨྲོས་ཤིག །ཅེས་གསུང་ཆེན་པོ་སྨྲས་པའི་ཚིག་གི་མཐར། འཕགས་པ་ཀུན་དགའ་བོས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པས་རྒྱུད་བརླན་པར་བྱས་ཤིང་བཞིན་འཆི་མ་ཅན་རྣམ་པར་འགྱུར་བ་དང་བཅས་པས་ཁྱབ་པའི་སྒྲ་དབྱངས་ཀྱིས་འདི་སྐད་ཅེས་བདག་གིས་ཐོས་པ་ཞེས་སྨྲས་པ་མ་ཡིན་ནམ། དེ་ཇི་ལྟར་བདག་གིས་ཞེས་བྱ་བ་བདག་ཉིད་སྟོན་པའི་ཚིག་གིས་མངོན་སུམ་དུ་ཐོས་པར་བརྗོད་ཅེ་ན། འདི་ལ་ཉེས་པ་མེད་དེ། གང་གི་ཕྱིར་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བསྟན་པ་ནི་དེས་བསྟན་པ་ཡིན་པ་ལྟར། དེའི་མཐུས་གཞན་ལས་ཐོས་པ་ཡང་བཅོམ་ལྡན་འདས་ཉིད་ཀྱི་ཐད་ནས་ཐོས་པ་ཡིན་ནོ། །ཡང་ན་གཞན་དག་ལས་ཐོས་ན་ཡང་ཆོས་འཛིན་པའི་མཆོག་ཡིན་པས་དོན་ངེས་པར་བྱ་བའི་ཕྱིར་དེས་བཅོམ་ལྡན་འདས་ལ་ཞུས་པ་ཡིན་ནོ། །དེས་ན་དོན་ངེས་པའི་དབང་གིས་བཅོམ་ལྡན་འདས་ལས་དེ་སྐད་ཐོས་པ་ཡིན་པས་ན་བདག་གིས་ཞེས་སྨྲས་པ་ཡིན་ནོ། །ཁོ་བོས་འདི་སྐད་ཐོས་པའི་ཚིག་གིས་བསྟན་པར་བྱ་བ་གང་ཡིན་པ་ཐམས་ཅད་ཅེས་གང་བརྗོད་པ་དེ་ནི་གཞུང་གི་དབང་དུ་བྱས་པ་ཡིན་པས་ཉེས་པ་མེད་དོ། །ཞེས་གསུངས་པས། སློབ་དཔོན་སེེང་གེ་བཟང་པོའི་དགོངས་པ་ལྟར་ན་མདོ་འདིའི་བཀའ་སྡུད་པ་པོ་ནི་ཀུན་དགའ་བོ་ཡིན་པ་གཞིར་བཞག་ནས། མདོ་འདིའི་དབུར་འབྱུང་བའི་ཚིག་སྟེ། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན་ཞེས་པ་དེར་འགྲེལ་བཤད་གནང་ཡོད་པས། སློབ་དཔོན་འདིའི་དགོངས་པ་གང་ཡིན་མིན་དེ་ཙམ་གྱིས་དཔོག་ཐུབ་བོ།།
བམ་པོའི་གྲངས་ལ་དཔྱད་པ།
མདོ་འདིར་བམ་པོ་ཇི་ཙམ་ཡོད་མེད་ཐད་ལ་སྔོན་གྱི་དཀར་ཆག་རྙིང་པ་གཉིས་ཀྱི་ནང་བམ་གྲངས་བཀོད་པ་དེ་དང་། ད་ཡོད་ཀྱི་བཀའ་འགྱུར་པར་མ་ཁག་ནང་བཞུགས་པའི་མདོ་འདིའི་བམ་པོའི་གྲངས་གཉིས་ལ་མང་ཉུང་གི་ཐད་ནས་ཅུང་ཙམ་ཁྱད་པར་ཡོད་དེ།
སྔོན་བཙན་པོའི་དུས་སྐབས་སུ་བརྩམས་པའི་དཀར་ཆག་ལྡན་དཀར་མ་ལས།[11] འཕགས་པ་ཁྲི་པ། ཤློ་ཀ་ཁྲི། བམ་པོ་སུམ་ཅུ་རྩ་གསུམ་དང་། ཤློ་ཀ་བརྒྱ། འཕགས་པ་བརྒྱད་སྟོང་པ། ཤློ་ཀ་བརྒྱད་སྟོང་། བམ་པོ་ཉི་ཤུ་རྩ་དྲུག་དང་། ཤློ་ཀ་བརྒྱ། ཞེས་བརྒྱད་སྟོང་པ་ལ་བམ་པོ་ཉེར་དྲུག་ཡོད་པར་གསུངས་པ་དང་། དེ་བཞིན་དཀར་ཆག་འཕང་ཐང་མའི་ནང་དུའང་འདི་ལྟར་གསལ་ཏེ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། ཤློ་ཀ་བརྒྱད་སྟོང་སྟེ། ལྷན་དུ་བམ་པོ་ཉེར་དྲུག་དང་ཤློ་ཀ་བརྒྱ་འདིར་བྱོན། བམ་པོ་ཉི་ཤུ་རྩ་བཞི། ཞེས་དཀར་ཆག་འཕང་ཐང་མའི་ནང་ཚིག་ཅུང་མི་འདྲ་བ་ཞིག་ཡོད་པ་ནི། མདོ་འདིར་བམ་པོ་ཉེར་དྲུག་དང་། ཉེར་བཞི་ཞེས་བམ་པོའི་གྲངས་གཉིས་འབྱུང་ངོ་། །དཀར་ཆག་འཕང་ཐང་མའི་པར་མ་འགའ་ཞིག་གི་ནང་དུ་གོང་གི་(ལྷན་དུ་བམ་པོ་ཉེར་དྲུག་དང་ཤློ་ཀ་བརྒྱ་འདིར་བྱོན།)ཅེས་པའི་ཚིག་དེ་མཆན་གྱི་ཚུལ་དུ་བཞག་ནས་བམ་པོ་ཉེར་བཞི་ཞེས་པ་དེ་གཞུང་ཚིག་དངོས་སུ་བཞག་ཡོད་པ་དང་། པར་མ་འགའ་ཞིག་གི་ནང་ཚིག་དེ་གཉིས་ཀ་གཞུང་ཚིག་དངོས་སུ་བཞག་ཡོད། གང་ལྟར་དཀར་ཆག་འཕང་ཐང་མའི་ནང་མདོ་འདིའི་བམ་པོའི་གྲངས་ལ་ཐག་ཆོད་པ་ཞིག་མེད་ནའང་། དཀར་ཆག་ལྡན་དཀར་མའི་ནང་མདོ་འདིར་བམ་པོ་ཉེར་དྲུག་ཡོད་ཚུལ་གསལ་པོར་བཀོད་ཡོད།
འོན་ཀྱང་ད་ཡོད་ཀྱི་སྡེ་དགེ གཡུང་ལོ། ལི་ཐང་། པེ་ཅིན། སྣར་ཐང་། ཅོ་ནེ། ཁུ་རེ། ཞོལ་བཅས་ཀྱི་བཀའ་འགྱུར་པར་མའི་ནང་མདོ་འདིར་བམ་པོ་ཉེར་བཞི་ཡོད་པ་གཅིིག་མཚུངས་ཡིན་འདུག
དེས་ན་སྔོན་གྱི་དཀར་ཆག་རྙིང་པ་ཁག་གི་ནང་བཀོད་པའི་མདོ་འདིའི་བམ་གྲངས་དང་། ད་ཡོད་ཀྱི་བཀའ་འགྱུར་པར་མ་ཁག་གི་ནང་བཞུགས་པའི་མདོ་འདིའི་བམ་གྲངས་གཉིས་ལ་མང་ཉུང་ཡོད་པ་རེད། དེ་ནི་གོང་ཞུས་ལྟར་འགྱུར་གྱི་ཁྱད་པར་བཤད་པའི་སྐབས་སུ་མདོ་འདིར་སྔ་འགྱུར་གཅིག་དང་། བསྟན་པ་ཕྱི་དར་སྐབས་སུའང་སྒྱུར་ཞུས་ལན་མང་མཛད་ཡོད་པས། འགྱུར་གྱི་ཁྱད་པར་གྱིས་བྱུང་བ་ཡིན་ནམ་སྙམ་མོ།།
གཞུང་དོན་ལེའུའི་གྲངས་ཙམ་སྨོས་པ།
༡ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེའུ། ༢ བརྒྱ་བྱིན་གྱི་ལེའུ། ༣ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཆོད་བརྟེན་ལ་བཀུར་སྟིར་བྱེད་པ་གཞལ་དུ་མེད་པའི་ཡོན་ཏན་འཛིན་པའི་ལེའུ། ༤ ཡོན་ཏན་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ལེའུ། ༥ བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ། ༦ རྗེས་སུ་ཡི་རང་བ་དང་ཡོངས་སུ་བསྔོ་བའི་ལེའུ། ༧ དམྱལ་བའི་ལེའུ། ༨ རྣམ་པར་དག་པ་ཞེས་བྱ་བའི་ལེའུ། ༩ བསྟོད་པའི་ལེའུ། ༡༠ འཛིན་པའི་ཡོན་ཏན་ཡོངས་སུ་བརྗོད་པའི་ལེའུ། ༡༡ བདུད་ཀྱི་ལས་ཀྱི་ལེའུ། ༡༢ འཇིག་རྟེན་ཡང་དག་པར་སྟོན་པ་ཞེས་བྱ་བའི་ལེའུ། ༡༣ བསམ་གྱིས་མི་ཁྱབ་པའི་ལེའུ། ༡༤ དཔེའི་ལེའུ། ༡༥ ལྷའི་ལེའུ། ༡༦ དེ་བཞིན་ཉིད་ཀྱི་ལེའུ། ༡༧ ཕྱིར་མི་ལྡོག་པའི་རྣམ་པ་དང་རྟགས་དང་མཚན་མའི་ལེའུ། ༡༨ སྟོང་པ་ཉིད་ཀྱི་ལེའུ། ༡༩ སྲིང་མོ་གང་གཱའི་ལྷ་མོའི་ལེའུ། ༢༠ ཐབས་མཁས་པ་ལ་སྤྱོད་པའི་ལེའུ། ༢༡ བདུད་ཀྱི་ལས་ཀྱི་ལེའུ། ༢༢ དགེ་བའི་བཤེས་གཉེན་གྱི་ལེའུ། ༢༣ བརྒྱ་བྱིན་ལེའུ། ༢༤ མངོན་པའི་ང་རྒྱལ་གྱི་ལེའུ། ༢༥ བསླབ་པའི་ལེའུ། ༢༦ སྒྱུ་མ་ལྟ་བུའི་ལེའུ། ༢༧ སྙིང་པོ་ལྟ་བུའི་ལེའུ། ༢༨ མེ་ཏོག་བཀྲམ་པའི་ལེའུ། ༢༩ རྗེས་སུ་རིག་པའི་ལེའུ། ༣༠ རྟག་ཏུ་ངུའི་ལེའུ། ༣༡ ཆོས་འཕགས་ཀྱི་ལེའུ། ༣༢ ཡོངས་སུ་གཏད་པའི་ལེའུ་བཅས་མདོ་འདིར་ལེའུ་སོ་གཉིས་ཡོད་དོ། །ལེའུ་བཅུ་གཅིག་པ་དང་། ཉེར་གཅིག་པ་གཉིས་ཀྱི་ལེའུའི་མཚན་ལ་བདུད་ཀྱི་ལས་ཀྱི་ལེའུ་ཞེས་མཚན་ཙམ་འདྲ་ནའང་བསྟན་དོན་མི་འདྲ་སྟེ། ལེའུ་བཅུ་གཅིག་པ་བདུད་ཀྱི་ལས་ཀྱི་ལེའུའི་ནང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བར་དུ་གཅོད་པའི་བདུད་ཀྱི་ལས་རྣམས་བསྟན་པ་ཡིན་ཏེ། དཔེར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཛིན་པ་དང་གཞན་ལ་སྟོན་པ་དང་། ཡི་གེར་འབྲི་བ་སོགས་ལ་བར་དུ་གཅོད་པ་རྣམས་ལ་བདུད་ཀྱི་ལས་ཞེས་བརྗོད་པ་དང་། ལེའུ་ཉེར་གཅིག་པ་བདུད་ཀྱི་ལས་ཀྱི་ལེའུའི་ནང་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བར་ཆད་བྱེད་པ་དེ་དག་ལ་བདུད་ཀྱི་ལས་ཞེས་བརྗོད་དེ། དཔེར་ན་བདུད་སྡིག་ཅན་རྣམས་དགེ་སློང་གི་ཆ་བྱད་བྱས་ནས་འོངས་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བསྔགས་པ་བརྗོད་པ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་མངོན་པའི་ང་རྒྱལ་སྐྱེས་ཏེ་གཞན་དག་ལ་བརྙས་པ་བྱེད་པ་ལྟ་བུའོ། །དེས་ན་ལེའུ་འདི་གཉིས་ཀྱི་མཚན་ཙམ་འདྲ་ནའང་བསྟན་དོན་མི་འདྲ་བ་རེ་བསྟན་ཏོ།།
ལེའུ་སོ་སོའི་ཟིན་བྲིས་བཀོད་པ།
ཤེར་ཕྱིན་གྱི་མདོ་བརྒྱད་སྟོང་པ་དཔེ་ཀློག་གི་བརྒྱུད་རིམ་འདིའི་ནང་ཕྱིའི་རྗོད་བྱེད་གཅིག་པུ་ཟིན་བྲིས་སུ་འགོད་པ་མ་ཡིན་པར་ནང་གི་བརྗོད་དོན་ལའང་ཟིན་བྲིས་སུ་བཀོད་ན། ནང་བསྟན་རིག་པའི་གཞུང་ལུགས་ལ་སློབ་གཉེར་བྱེད་མཁན་རྣམ་པ་ཚོར་ཐུགས་ཕན་རེ་སོས་ཡོང་སྙམ་ནས། འདིར་སྔ་འགྱུར་བའི་ཀུན་མཁྱེན་ཡབ་སྲས་རྣམ་པའི་ལྟ་གྲུབ་འཛིན་མཚམས་ལ་ཉེ་བར་མཁོ་བའི་མདོ་ཚིག་ཅུང་གལ་ཆེན་རིགས་རྣམས་ཟུར་བཀོལ་ཞུས་ཡོད། འོན་ཀྱང་རྩོམ་ཡིག་འདི་ནི་དུས་དེབ་ལའང་སྟུན་དགོས་སྟབས། ཤེར་ཕྱིན་བརྒྱད་སྟོང་པ་ནང་གི་མདོ་ཚིག་གལ་ཆེན་ཟུར་བཀོལ་ཡོངས་རྫོགས་འདིར་བཀོད་མེད་པས། དེའི་སྐོར་རྗེས་སུ་རྩོམ་ཡིག་གཞན་ཞིག་ཏུ་སྤྱན་འབུལ་ཞུ་ཆོག
སྦྱོར་ལམ་གྱི་ངོ་བོ་རྣམ་པར་རྟོག་པ་མིན་པར་བསྟན་པ།
ཀུན་མཁྱེན་ཀློང་ཆེན་པའི་གྲུབ་མཐའ་མཛོད་ལས།[12] འདི་ལྟར་སྦྱོར་ལམ་ཆ་བཞི་བསྒོམ་དུས་ཀྱི་ཡེ་ཤེས་ཀྱི་ངོ་བོ་མཉམ་གཞག་གི་ཆ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ། དེ་ལས་ལངས་པའི་རྗེས་ཐོབ་ནི་རྟོག་པ་རྟོག་མེད་ཅི་རིགས་སུ་ཡོད་དོ། །འོ་ན་རྣམ་རྟོག་བཞི་པོ་ལྡན་རྟེན་པ་ཞེས་པས་རྟོག་པ་མ་ཡིན་ནམ་ཞེ་ན། རྣམ་རྟོག་ལྡན་པས་རྟོག་པར་འགྲོ་ན་ཞྭ་ཅན་ཞྭར་འགྱུར་ཏེ་ཞྭ་ལྡན་པའི་ཕྱིར་རོ། །དེའང་རྣམ་རྟོག་བཞི་པོ་བརྟེན་པ་མི་ཟེར་བའི་ཕྱིར། རང་རྒྱུ་འདྲ་བ་ལས་འབྲས་བུ་འདྲ་བ་རྗེས་སུ་བྱེད་དེ། མཚན་བརྗོད་ཀྱི་འགྲེལ་པ་བདུད་རྩིའི་ཐིགས་པ་ལས། ཀོ་ཊ་བ་ཡི་ས་བོན་ལས། །སཱ་ལུའི་མྱུ་གུ་མི་འབྱུང་ལྟར། །དེ་བཞིན་རྣམ་པར་རྟོག་བཅས་ལས། །རྣམ་པར་རྟོག་མེད་འབྱུང་མི་འགྱུར། །ཅེས་པ་དང་འགལ་བའི་ཕྱིར་རོ། །ཞེས་གསུངས་པ་ལྟར། ཀུན་མཁྱེན་ཆེན་པོས་ཐེག་ཆེན་སྦྱོར་ལམ་གྱི་ཡེ་ཤེས་ཀྱི་ངོ་བོ་མཉམ་གཞག་གི་ཆ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། མཉམ་གཞག་དེ་ལས་ལངས་པའི་རྗེས་ཐོབ་ཀྱི་ཤེས་པ་ལ་ནི་རྟོག་པ་དང་རྟོག་མེད་ཅི་རིགས་ཡོད་གསུངས་པ་དེ། བོད་ཀྱི་ཆོས་བརྒྱུད་གཞན་གྱི་མཁས་པ་ཚོའི་བཞེད་པ་དང་མི་མཐུན་པར་ཐུན་མོང་མ་ཡིན་པ་ཞིག་ཆགས་ཡོད། ཀུན་མཁྱེན་ཆེན་པོའི་བཞེད་པ་དེ་ནི་མདོ་ཡི་དགོངས་པ་དང་མཐུན་པར་འདུག་སྙམ་སྟེ། འདི་ལྟར་བརྒྱད་སྟོང་པའི་ལེའུ་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེའུ་ལས།[13] བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམས་པས། ཅི་ལྟར་བསླབས་ན་འདི་བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམས་སེམས་སུ་མི་བགྱིད་པ་དེ་ལྟར་བསླབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་དེ་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཡང་ཅི་སེམས་མེད་པ་ཉིད་གང་ཡིན་པའི་སེམས་མེད་པ་ཉིད་དེ་ལ་ཡོད་པ་ཉིད་དམ་མེད་པ་ཉིད་ཡོད་པའམ་དམིགས་པར་ཡང་འགྱུར་རམ། ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མེད་དོ། །རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་སེམས་མེད་པ་དེ་ལ་ཡོད་པའམ་མེད་པ་མེད་ཅིང་མི་དམིགས་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་སྐད་དུ་སེམས་གང་སེམས་མེད་པའི་སེམས་དེ་ཡོད་དམ་ཞེས་སྨྲས་པའི་ཁྱོད་ཀྱི་བརྒལ་བ་གང་ཡིན་པ་དེ་ཅི་རིགས་པར་འགྱུར་རམ། དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་སེམས་མེད་པ་ཉིད་དེ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མེད་པ་དེ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ། །ཞེས་གསུངས་སོ། །མདོ་ཚིག་འདིའི་བསྟན་དོན་ནི་ཐེག་ཆེན་གྱི་སྦྱོར་ལམ་འཆད་པའི་སྐབས་ཡིན་པ་རྒྱན་སྣང་དུ་བཀྲལ་ཏེ།
མདོ་ཚིག་འདིའི་མགོར་“བཅོམ་ལྡན་འདས་གཞན་ཡང་”ཞེས་པའི་ཚིག་དེ་ནས་སྦྱོར་ལམ་འགོ་བཙུགས་པ་ཡང་། རྒྱན་སྣང་ལས།[14] དེ་ལ་དྲོ་བར་གྱུར་པ་ལ་སོགས་པ་ཆུང་ངུར་གཏོགས་པའི་དགེ་བའི་རྩ་བའི་དམིགས་པའི་དོན་གསུངས་པ་ནི། བཅོམ་ལྡན་འདས་གཞན་ཡང་ཞེས་བྱ་བ་ལ་སོགས་པ་སྟེ། གཞན་ཡང་ཞེས་བྱ་བ་ནི་རྣམ་པ་གཞན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་སྟོན་པའོ། །ཞེས་དང་། ཡང་གོང་གི་མདོ་ཚིག་ནང་“ཅི་ལྟར་བསླབས་ན་འདི་བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམས་སེམས་སུ་མི་བགྱིད་པ་དེ་ལྟར་བསླབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་དེ་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ།།” ཞེས་པའི་མདོ་ཚིག་འདིའི་བསྟན་དོན་ནི། རྒྱན་སྣང་ལས། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །དེས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར་ཤེས་བྱ་དམིགས་པར་བྱ་བར་མི་རློམ་པ་འབའ་ཞིག་ཏུ་མ་ཟད་ཀྱི། མངོན་པར་ཞེན་པ་བཀག་པ་ལ་སོགས་པའི་བདག་ཉིད་ཀྱི་རྣམ་པ་གང་ཞིག་བྱང་ཆུབ་ཐོབ་པར་བྱེད་པའི་ཡེ་ཤེས་ཀྱིས་དམིགས་པར་བྱ་བའི་རང་བཞིན་གང་ཡིན་པ་དེས་ཀྱང་རློམས་སེམས་སུ་མི་བྱ་སྟེ། མངོན་པར་ཞེན་པར་མི་བྱའོ་ཞེས་བྱ་བའི་དོན་ཏེ། ཆོས་ཉིད་ཀྱི་སྒོ་ནས་མངོན་པར་ཞེན་པ་མེད་པ་ལ་སོགས་པའི་རྣམ་པས་ཀྱང་ཞེས་བྱ་བའི་ཐ་ཚིག་གོ །ཞེས་གསུངས་པ་དང་།
ཡང་གོང་གི་མདོ་ཚིག་དེའི་མཇུག་ཏུ་འདི་ལྟར་ཏེ། “དེ་སྐད་ཅེས་སྨྲས་པ་དང་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་སེམས་མེད་པ་ཉིད་དེ་གང་ཡིན། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མེད་པ་དེ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པའོ།།” ཞེས་གསུངས་པའི་དོན་དེ་རྣམས་རྒྱན་སྣང་དུ་འདི་ལྟར་བཀྲལ་ཏེ། རྒྱན་སྣང་ལས།[15] ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་མེད་པ་དེ་ནི་འགྱུར་བ་མེད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སེམས་མེད་པ་ཉིད་འདི་གཅིག་ནས་གཅིག་ཏུ་བརྒྱུད་དེ་གོམས་པར་བྱས་པ་ན། སངས་རྒྱས་སར་འགྱུར་བ་མེད་པའི་ཡོངས་སུ་གྲུབ་པའི་རྒྱུར་གྱུར་པ་ཉིད་ཀྱང་ཡིན་པའི་ཕྱིར། རྣམ་པར་རྟོག་པ་མེད་པའོ། །ཞེས་གསུངས་སོ། །མདོ་ཚིག་འདིའི་ནང་གི་སེམས་མེད་ཅེས་པ་དེ་རྣམ་པར་རྟོག་པ་མེད་པའི་སེམས་ཉིད་ལ་ངོས་བཟུང་ནས། དེ་ལྟ་བུའི་སེམས་དེ་ལ་རྣམ་པར་རྟོག་པ་མེད་པ་ཞེས་བརྗོད་པའི་རྒྱུ་མཚན་དེ་ཡང་། སེམས་མེད་པ་དེ་ཉིད་གཅིག་ནས་གཅིག་ཏུ་བརྒྱུད་དེ་གོམས་པར་བྱས་ནས། སངས་རྒྱས་ཀྱི་སར་འགྱུར་བ་མེད་པའི་ཡོངས་སུ་གྲུབ་པའི་རྒྱུར་གྱུར་པ་ཡིན་པའི་ཕྱིར་ཞེས་རྟགས་བཀོད་འདུག གཏན་ཚིགས་འདི་དང་ཀུན་མཁྱེན་ཆེན་པོས་གོང་དུ་“རང་རྒྱུ་འདྲ་བ་ལས་འབྲས་བུ་འདྲ་བ་རྗེས་སུ་བྱེད་དེ། མཚན་བརྗོད་ཀྱི་འགྲེལ་པ་བདུད་རྩིའི་ཐིགས་པ་ལས། ཀོ་ཊ་བ་ཡི་ས་བོན་ལས། །སཱ་ལུའི་མྱུ་གུ་མི་འབྱུང་ལྟར། །དེ་བཞིན་རྣམ་པར་རྟོག་བཅས་ལས། །རྣམ་པར་རྟོག་མེད་འབྱུང་མི་འགྱུར། །ཅེས་པ་དང་འགལ་བའི་ཕྱིར་རོ།།” ཞེས་གསུངས་པ་དེ་གཉིས་དགོངས་པ་གཅིག་ཏུ་བབས་འདུག་གོ །དེས་ན་ཀུན་མཁྱེན་ཀློང་ཆེན་པས་ཐེག་ཆེན་སྦྱོར་ལམ་མཉམ་གཞག་གི་བློ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་གསུངས་པ་དང་། དེ་སྒྲུབ་བྱེད་རིགས་པ་དང་བཅས་པ་དེ་རྒྱ་གར་མཁས་པའི་མདོ་དང་བསྟན་བཅོས་ཀྱི་དགོངས་པ་རྣལ་མ་ཞིག་ཡིན་སྙམ་ལ། ཡང་སྦྱོར་ལམ་འཆད་པའི་སྐབས་འདིར་གོང་གི་མདོ་ཚིག་ནང་“ཅི་ལྟར་བསླབས་ན་འདི་བྱང་ཆུབ་ཀྱི་སེམས་དེས་ཀྱང་རློམས་སེམས་སུ་མི་བགྱིད་པ་དེ་ལྟར་བསླབ་པར་བགྱིའོ། །དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་སེམས་དེ་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ།།” ཞེས་པའི་མདོ་ཚིག་འདིའི་བསྟན་དོན་ལའང་གོ་རྒྱུ་ཆེན་པོ་ཞིག་འདུག་སྙམ་མོ། །འོན་ཀྱང་འདི་དག་ནི་ཁོ་བོས་ཁྱེད་རྣམ་པར་བསམ་བློའི་དཔྱད་གཞིའི་ཆེད་དུ་ཕུལ་པ་ལས། མཐའ་གཅིག་ཏུ་ཁ་ཚོན་བཅད་ནས་བཤད་པའང་མིན་ནོ།།
ཉན་རང་བྱང་སེམས་གསུམ་ཤེས་རབ་ཕར་ཕྱིན་ལ་སློབ་དགོས་པར་བསྟན་པའི་མདོའི་ཁུངས།
ནམ་རྒྱུན་གཞུང་ལུགས་མང་པོ་ཞིག་གི་ནང་དུ་འདི་ལྟར་ཏེ། ཡུམ་བར་མ་ལས། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་ཡུམ་བར་མ་ཞེས་པའི་མིང་ཙམ་ཞིག་བཏོན་པ་ལས་ཡུམ་བར་མ་ངོས་འཛིན་དང་། དེའི་ལེའུ་གང་ནས་བསྟན་ཡོད་མེད་སྐོར་ལ་གསལ་ཁ་གཏན་ནས་མེད་པ་ཡིན། དེས་ན་འདིའི་ཡུམ་བར་མ་ཞེས་པ་ནི་ཉི་ཁྲི་ལ་གོ་དགོས་པ་ཡིན་ཏེ། ཡུམ་རྒྱས་པ་སྟོང་ཕྲག་བརྒྱ་པ་དང་། འབྲིང་བ་ཉི་ཁྲི། བསྡུས་པ་བརྒྱད་སྟོང་པ་བཅས་རྒྱས་འབྲིང་བསྡུས་གསུམ་དུ་བརྩིས་པ་ལས། འབྲིང་བའམ་བར་མ་ཉི་ཁྲི་ལ་ངོས་འཛིན་དགོས་པ་ཡིན་ནོ། །འོན་ཀྱང་སྐབས་འདིར་ཉི་ཁྲིའི་སྐོར་གླེང་རྒྱུ་མིན་པར་བརྒྱད་སྟོང་པའི་ནང་དུའང་ཚིག་དེ་དག་གསལ་ཡོད་པས། ལེའུ་གང་ནས་བསྟན་ཡོད་མེད་སྐོར་དེ་བཤད་རྒྱུ་ཡིན། ཉི་ཁྲིའི་ནང་ཉན་རང་བྱང་སེམས་གསུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་དགོས་ཚུལ་གྱི་ཚིག་དེ་ལེའུ་དུ་མ་ཞིག་གི་ནང་ལན་མང་འབྱུང་ནའང་། བརྒྱད་སྟོང་པ་འདིར་ནི་ལེའུ་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེའུའི་ནང་འབྱུང་བ་མ་གཏོགས་ལེའུ་གཞན་ལྷག་མ་སོ་གཅིག་པོའི་ནང་གཏན་ནས་མེད་དོ། །ལེའུ་དང་པོའི་ནང་གསལ་བའི་མདོ་ཚིག་དེའང་གོང་ལྟར་མདོར་བསྡུས་ཙམ་མིན་པར་རྣམ་གྲངས་མང་པོའི་སྒོ་ནས་རྒྱས་པར་གསུངས་ཡོད་པས། འདིར་ཡིག་ཚོགས་མང་གིས་དོགས་ནས་བཀོད་མེད་པས་ལེའུ་དང་པོ་རང་ལ་གཟིགས་པར་འཚལ་ལོ།།
བཀའ་བར་པ་ནས་ཀྱང་གསལ་ཆ་བསྟན་པའི་ཁུངས།
སྤྱིར་བཏང་ཡོངས་གྲགས་ཀྱི་ཤོད་སྟངས་ལྟར་བྱས་ན་བཀའ་བར་པར་སྟོང་ཆ་གཙོ་བོར་བསྟན་པ་དང་མཐའ་མར་གསལ་བའི་ཆ་གཙོ་བོར་བསྟན་ཡོད་པར་འདོད་པ་ཕལ་ཆེ་བ་གཅིག་མཚུངས་སུ་བཞེད། འོན་ཀྱང་འདིར་གཙོ་བོར་ཞེས་པ་རང་བཞིན་སྟོང་ཆ་རྩལ་དུ་བསྟན་པའམ་རིགས་པའི་སྒོ་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་རྒྱ་ཆེར་བཤད་པ་ལས། བཀའ་བར་པ་ནས་རང་བཞིན་གསལ་ཆ་རྩ་བ་ནས་བསྟན་མེད་པར་འདོད་ན་དོན་ལ་མི་གནས་པར་སེམས་ཏེ། རང་བཞིན་གསལ་བའི་ཆ་ཡང་བསྟན་ཡོད་པ་གོང་དུ་དྲངས་པའི་མདོ་ཚིག་དེས་གསལ་ཏེ། བརྒྱད་སྟོང་པའི་ལེའུ་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེའུ་ལས།[16] འདི་ལྟར་སེམས་དེ་ནི་སེམས་མ་མཆིས་པ་སྟེ། སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ། །ཞེས་དང་། ཡང་ལེའུ་བཅུ་གཉིས་པ། འཇིག་རྟེན་ཡང་དག་པར་སྟོན་པ་ཞེས་པའི་ལེའུ་ལས།[17] རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཀུན་ནས་ཉོན་མོངས་པར་མ་གྱུར་པ་རྣམས་སེམས་ཀུན་ནས་ཉོན་མོངས་པ་མ་གྱུར་པའོ་ཞེས་ཡང་དག་པ་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཏོ། །རབ་འབྱོར་ཅི་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཀུན་ནས་ཉོན་མོངས་པ་མ་གྱུར་པ་རྣམས་སེམས་ཀུན་ནས་ཉོན་མོངས་པར་མ་གྱུར་པའོ་ཞེས་ཡང་དག་ཅི་ལྟ་བ་བཞིན་དུ་རབ་ཏུ་མཁྱེན་ཅེ་ན། རབ་འབྱོར་སེམས་དེ་དག་རང་བཞིན་གྱིས་འོད་གསལ་བ་སྟེ། རབ་འབྱོར་དེ་ལྟར་དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟེན་ནས་སེམས་ཅན་གཞལ་དུ་མེད་པ་དག་གི་སེམས་ཀུན་ནས་ཉོན་མོངས་པར་མ་གྱུར་པ་རྣམས་སེམས་ཀུན་ནས་ཉོན་མོངས་པར་མ་གྱུར་པའོ་ཞེས་ཡང་དག་པ་ཅི་ལྟ་བ་དེ་བཞིན་དུ་རབ་ཏུ་མཁྱེན་ཏོ། །ཞེས་གསུངས་སོ།།
ཆོས་ཐམས་ཅད་རང་སྟོང་ཡིན་པའི་ཁུངས་གསལ་པོར་བསྟན་པ།
བོད་ཀྱི་ཆོས་བརྒྱུད་འཛིན་པ་ཚོས་ལྟ་བ་རང་སྟོང་དང་གཞན་སྟོང་རྩོད་པའི་སྐབས་སོ་སོས་སྒྲུབ་བྱེད་རེ་འགོད་ཅིང་། མདོ་དང་བསྟན་བཅོས་ཀྱི་ལུང་རེ་འདྲེན་མོད་ཀྱང་། གཞུང་ལུགས་ལ་སློབ་གཉེར་བྱེད་མཁན་མང་པོ་ཞིག་གིས་སངས་རྒྱས་ཀྱི་བཀའ་ལ་ཐད་ཀར་དཔེ་ཀློག་བྱེད་མ་ཐུབ་པར་བརྟེན། ཆོས་ཐམས་ཅད་རང་སྟོང་ཡིན་པ་མདོ་ལས་གསུངས་ཡོད་ཟེར་བ་ཙམ་ལས། མང་པོ་ཞིག་གིས་ཤེས་རབ་སྙིང་པོའི་ཚིག་འགའ་ཞིག་འདྲེན་ཐུབ་པ་ཙམ་མ་གཏོགས། གཞན་མདོ་གང་ཞིག་གི་ནང་ལེའུ་གང་དུ་གསུངས་ཡོད་མེད་སྐོར་ལ་རྒྱུས་མངའ་ཡོད་པ་ཆེས་ཉུང་ཉུང་ཡིན་སྟབས། འདིར་ཆེད་དུ་དམིགས་ནས་བརྒྱད་སྟོང་པའི་ལེའུ་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལེའུའི་ནང་གི་མདོ་ཚིག་ཅིག་ལེགས་སྐྱེས་སུ་ཕུལ་ཡོད།
ལེའུ་དེ་ཉིད་ལས།[18] དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་རབ་འབྱོར་འདི་ལྟར་གང་གི་ཚེ་གཟུགས་ཉིད་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བ་དང་། དེ་བཞིན་དུ་གང་གི་ཚེ་ཚོར་བ་ཉིད་དང་འདུ་ཤེས་ཉིད་དང་། འདུ་བྱེད་རྣམས་ཉིད་དང་དེ་བཞིན་དུ་འདི་ལྟར་གང་གི་ཚེ་རྣམ་པར་ཤེས་པ་ཉིད་ཀྱང་རྣམ་པར་ཤེས་པའི་ངོ་བོ་ཉིད་དང་བྲལ་བ། གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་བྲལ་བ། གང་གི་ཚེ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་དང་བྲལ་བ་ཡིན་ན་དེ་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བར་རིག་པར་བྱ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་རབ་འབྱོར་གྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཤཱ་རིའི་བུ་གཟུགས་ཉིད་གཟུགས་ཀྱི་ངོ་བོ་ཉིད་དང་བྲལ་བའོ། །དེ་བཞིན་དུ་ཚོར་བ་ཉིད་དང་འདུ་ཤེས་ཉིད་དང་འདུ་བྱེད་རྣམས་ཉིད་དང་དེ་བཞིན་རྣམ་པར་ཤེས་པ་ཉིད་ཀྱང་ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་པར་ཤེས་པའི་ངོ་བོ་ཉིད་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་བྲལ་བའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཐམས་ཅད་མཁྱེན་པ་ཉིད་ཀྱང་ཐམས་ཅད་མཁྱེན་པའི་ངོ་བོ་ཉིད་དང་བྲལ་བའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་དང་ཡང་བྲལ་བའོ། །མཚན་ཉིད་ནི་མཚན་ཉིད་ཀྱི་ངོ་བོ་ཉིད་དང་ཡང་བྲལ་བའོ། །མཚན་ཉིད་ཀྱི་གཞི་ཡང་མཚན་ཉིད་ཀྱི་གཞིའི་ངོ་བོ་ཉིད་དང་ཡང་བྲལ་བའོ། །ངོ་བོ་ཉིད་ནི་ངོ་བོ་ཉིད་ཀྱི་མཚན་ཉིད་དང་ཡང་བྲལ་བའོ། །ཞེས་གསུངས་སོ།།
རང་བྱུང་གི་ཡེ་ཤེས་ཡོད་པའི་ཁུངས་བསྟན་པ།
སྔ་འགྱུར་བས་རྣམ་མཁྱེན་ནི་རྟག་པ་ཆེན་པོ་དང་རང་བྱུང་གི་ཡེ་ཤེས་སོགས་སུ་འདོད་པ་ལ་གསར་མ་བ་ཚོས་དེ་ལ་ཅུང་སྣང་བ་འགྲོ་པོ་རང་བྱེད་ཀྱི་མེད་ལ། ཁོང་ཚོས་རྣམ་མཁྱེན་ནི་མི་རྟག་པ་ཡིན་ཤག་ཤག་བྱེད་པ་རེད།
འོན་ཀྱང་སྔ་འགྱུར་བའི་ལུགས་ལ་ནི་ཀུན་མཁྱེན་རོང་ཟོམ་པའི་གཞུང་དང་། མི་ཕམ་རིན་པོ་ཆེའི་བརྒལ་ལན་རྣམ་གསུམ་དང་། གཞུང་སྤྱིའི་དཀའ་གནད། སྟོང་ཐུན་སེང་གེའི་ང་རོ་སོགས་སུ་རྣམ་མཁྱེན་ནི་མི་རྟག་པ་མིན་པར་གསུངས་པ་དེ་སངས་རྒྱས་ཀྱི་བཀའི་དགོངས་པ་དང་མཐུན་པར་འདུག་སྙམ་སྟེ། བརྒྱད་སྟོང་པའི་ལེའུ་གསུམ་པ། ཕ་རོལ་ཏུ་ཕྱིན་པ་དང་མཆོད་རྟེན་ལ་བཀུར་སྟིར་བྱེད་པ་གཞལ་དུ་མེད་པའི་ཡོན་ཏན་འཛིན་པའི་ལེའུ་ལས།[19] ཀཽ་ཤི་ཀ་ཡང་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རིག་སྔགས་འདི་ཉིད་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀཽ་ཤི་ཀ་རིག་སྔགས་འདི་ཉིད་ལ་བརྟེན་ནས་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱང་འཇིག་རྟེན་དུ་རབ་ཏུ་འབྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་བསམ་གཏན་བཞིན་འཇིག་རྟེན་དུ་རབ་ཏུ་འབྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་གཟུགས་མེད་པའི་སྙོམས་པར་འཇུག་པ་བཞི་འཇིག་རྟེན་དུ་རབ་ཏུ་འབྱེད་དོ། །བྱང་ཆུབ་ཀྱི་ཡན་ལག་དང་ལྡན་པའི་མངོན་པར་ཤེས་པ་དྲུག་རྣམས་འཇིག་རྟེན་དུ་རབ་ཏུ་འབྱེད་དོ། །བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ཡང་འཇིག་རྟེན་དུ་རབ་ཏུ་འབྱེད་དོ། །མདོར་ན་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཡང་འཇིག་རྟེན་དུ་རབ་ཏུ་འབྱེད་དོ། །སངས་རྒྱས་ཀྱི་ཡེ་ཤེས་དང་རང་བྱུང་གི་ཡེ་ཤེས་དང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱང་འཇིག་རྟེན་དུ་རབ་ཏུ་འབྱེད་དོ། །ཞེས་གསུངས་པས། མདོ་ཚིག་འདིིའི་ནང་རང་བྱུང་གི་ཡེ་ཤེས་ཞེས་པའི་ཐ་སྙད་འབྱུང་ངོ་།།
གཞན་ཡང་ལེའུ་ཉེར་གཅིག་པ། བདུད་ཀྱི་ལས་ཀྱི་ལེའུ་ལས།[20] བླ་ན་མེད་པ་སངས་རྒྱས་ཀྱི་ཡེ་ཤེས་དང་རང་བྱུང་གི་ཡེ་ཤེས་དང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྒྱང་རིང་དུ་བྱེད་པར་འགྱུར། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་རྒྱང་རིང་དུ་བྱེད་པར་འགྱུར་རོ། །ཞེས་གསུངས་སོ།།
གཞན་ཡང་མདོ་ཚིག་གོང་མ་འདིའི་མཇུག་ཏུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་པའི་ཐ་སྙད་ཀྱང་འབྱུང་བས། ནམ་རྒྱུན་སྟོན་པས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཞེས་པ་དེ་ཡང་རྗེས་འཇུག་མཁས་པ་རྣམས་ཀྱི་གསུང་སྒྲོས་ཙམ་མིན་པར་མདོ་ཚིག་རང་གི་ནང་ལ་དེ་ལྟར་གསལ་བས་ཡིད་རྟོན་རུང་བའི་གནས་སོ།།
སེམས་བསྐྱེད་ཆགས་པ་ཡིན་པར་བསྟན་པ།
ཤེར་ཕྱིན་བརྒྱད་སྟོང་པའི་ལེའུ་བརྒྱད་པ་རྣམ་པར་དག་པ་ཞེས་པའི་ལེའུ་ལས།[21] གང་ཟག་བྱང་ཆུབ་སེམས་དཔའི་ཐེག་པ་ཅན་སེམས་དང་པོ་བསྐྱེད་པས་བསོད་ནམས་ཀྱི་ཕུང་པོ་འདི་ཙམ་སྐྱེད་དོ་ཞེས་ཡང་དག་པར་ཤེས་པ་ནི་ཆགས་པའོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་རབ་འབྱོར་རྣམ་གྲངས་གང་གིས་ཆགས་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཀཽ་ཤི་ཀ་གལ་ཏེ་འདི་ནི་བྱང་ཆུབ་ཀྱི་སེམས་དང་པོའོ་ཞེས་བྱང་ཆུབ་ཀྱི་སེམས་དེ་ཡང་དག་པར་ཤེས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་ཡོངས་སུ་སྔོ་བར་བྱེད་པས་ཏེ། རིགས་ཀྱི་བུའམ་བུ་མོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དེས་སེམས་ཀྱི་རང་བཞིན་ཡོངས་སུ་བསྔོ་བར་ནི་མི་ནུས་སོ། །ཞེས་གསུངས་པ་དེ་སློབ་དཔོན་སེང་བཟང་གིས་རྒྱན་སྣང་དུ་འདི་ལྟར་བཀྲལ་ཏེ། རྒྱན་སྣང་ལས།[22] སེམས་དང་པོ་བསྐྱེད་པས་ཞེས་བྱ་བ་ལ། འདིར་སེམས་བསྐྱེད་པས་ནི་སྦྱིན་པ་ལ་སོགས་པ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་ཉེ་བར་མཚོན་པའོ། །འདི་ཙམ་ཞེས་བྱ་བ་ནི་ཚད་མེད་པ་ལ་སོགས་པ་གྲངས་ཀྱིས་མཆོད་པའོ། །ཇི་ལྟར་ན་སེམས་བསྐྱེད་པ་ཆགས་པ་ཡིན་ཞེས་སྨྲས་པ་ནི། འཕགས་པ་རབ་འབྱོར་རྣམ་གྲངས་གང་གིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཕྱིན་ཅི་ལོག་ཏུ་འཇུག་པས་ན་ཀཽ་ཤི་ཀ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ནི་བྱང་ཆུབ་སེམས་དཔའི་སེམས་དང་པོའོ་ཞེས་དེ་ལྟར་མངོན་པར་ཞེན་པའི་ཚུལ་གྱིས་གང་གི་ཚེ་བྱང་ཆུབ་སེམས་དེ་ཡང་དག་པར་ཤེས་ཤིང་དེ་བཞིན་དུ་བྱང་ཆུབ་ཀྱི་སེམས་དང་པོ་འདི་ཡོངས་སུ་བསྔོ་བར་བྱའོ་ཞེས་མངོན་པར་ཞེན་པའི་ཚུལ་གྱིས་གང་གི་ཚེ་ཡོངས་སུ་བསྔོ་བ་དེའི་ཚེ་རྣམ་གྲངས་འདིས་ཆགས་པ་ཡིན་ནོ་ཞེས་བྱ་བ་ནི་ངག་གི་དོན་ནོ། །ཞེས་གསུངས་པས། སློབ་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་པོ་དེ་ནི་མངོན་པར་ཞེན་པ་དང་བཅས་པས་ན་ཆགས་པ་ཡིན་པར་མདོ་བསྟན་བཅོས་གཉིས་ཀའི་ནང་གསལ་པོར་གསུངས་སོ། །དེས་ན་སློབ་ལམ་པའི་རྒྱུད་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ནི་སྤང་བྱ་ཡིན་པར་གྲུབ་ལ། འདི་དག་གི་དོན་ལ་བསམས་ན་སངས་རྒྱས་ཀྱི་སར་ཀུན་རྫོབ་སེམས་བསྐྱེད་ཡོད་མེད་དང་། སེམས་བསྐྱེད་ས་མཚམས་ཐད་ལ་ལེགས་བཤད་སེར་ཕྲེང་དང་དགོངས་པ་མི་འདྲ་བ་ཞིག་བླང་རྒྱུ་ཡོད་པ་བཅས་ལ་ངེས་ཤེས་འདྲོངས་ཐུབ་བོ།།
རྒྱལ་ལ་སོགས་ལ་ཆགས་པ་ཕྲ་ཞེས་པའི་ཁུངས་བསྟན་པ།
གོང་དུ་སེམས་བསྐྱེད་ཆགས་པ་ཡིན་པར་སྨོས་ནས། འདིར་དེ་དང་མཚུངས་པར་ཞོར་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་སོགས་ཡིད་ལ་བྱེད་པ་དེ་ཡང་ཆགས་པ་ཕྲ་མོ་ཡིན་པ་མདོ་དང་བསྟན་བཅོས་ཀྱི་ཚིག་གཉིས་ཀ་སྦྱར་ནས་བསྟན་པར་བྱ་སྟེ།
ཤེར་ཕྱིན་བརྒྱད་སྟོང་པའི་ལེའུ་བརྒྱད་པ་རྣམ་པར་དག་པ་ཞེས་པའི་ལེའུ་ལས།[23] རབ་འབྱོར་དེའི་ཕྱིར་ཆགས་པ་རབ་ཏུ་ཕྲ་བ་གཞན་དག་ཀྱང་བརྗོད་པར་བྱ་སྟེ་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཞིག་དང་ངས་ཁྱོད་ལ་བཤད་དོ། །བཅོམ་ལྡན་འདས་ལེགས་སོ་ཞེས་གསོལ་ནས། ཚེ་དང་ལྡན་པ་རབ་འབྱོར་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །རབ་འབྱོར་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དད་པ་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཚན་མར་ཡིད་ལ་བྱེད་ན་ཡང་རབ་འབྱོར་མཚན་མ་ཇི་སྲིད་པ་དེ་སྲིད་དུ་ཆགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་མཚན་མ་ལས་ནི་ཆགས་པར་འགྱུར་རོ། །ཞེས་གསུངས་པ་དེ་སློབ་དཔོན་སེང་གེ་བཟང་པོས་རྒྱན་སྣང་དུ་འདི་ལྟར་བཀྲལ་ཏེ། རྒྱན་སྣང་ལས།[24] ཆགས་པ་རབ་ཏུ་ཕྲ་བའི་དོན་གསུངས་པ་ནི་རབ་འབྱོར་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པའོ། །མཚན་མར་ཡིད་ལ་བྱེད་ན་ཞེས་བྱ་བ་ནི་གཟུགས་ཀྱི་སྐུ་ལ་སོགས་པར་དམིགས་པས་མངོན་སུམ་དུ་ཕྱོགས་པར་བྱེད་པའི་ཕྱིར་རོ། །ཡང་ཇི་ལྟར་ན་དེ་ལྟ་བུ་ཆགས་པ་ཡིན་པར་བཤད་ཅེ་ན། རབ་འབྱོར་མཚན་མ་ཇི་སྲིད་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྐབས་ཀྱི་དོན་ནི་འདི་ཡིན་ཏེ། བདག་ཉིད་ལ་སོགས་པ་མེད་པར་རྟོགས་པས་འཁོར་གསུམ་རྣམ་པར་དག་པས་སྦྱིན་པ་ལ་སོགས་པ་ལ་རང་གཞན་ངེས་པར་སྦྱོར་བ་ནི་ཡང་དག་པར་ཞུགས་པ་ཡིན་པའི་ཕྱིར་དང་། ཆགས་པའི་ཚོགས་ཀྱི་གནས་ཐམས་ཅད་བཀག་པས་བླང་བར་བྱ་བ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་དུ་གཉེན་པོ་ཡིན་ནོ། །དེ་བཞིན་གཤེགས་པ་ལ་སོགས་པ་ཡིད་ལ་བྱེད་པ་ལ་སོགས་པ་ནི་བསོད་ནམས་ཀྱི་ཚོགས་ཀྱི་རྒྱུ་ཡིན་པ་ཉིད་ཀྱི་གཉེན་པོ་ཡིན་ན་ཡང་ཆགས་པ་ཕྲ་མོའི་ངོ་བོ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་གཉེན་པོའི་ཕྱོགས་ནི་མ་ཡིན་ནོ་ཞེས་བྱ་བའོ། །ཞེས་གསུངས་སོ།།
འཁོར་བ་ལ་ཐོག་མ་མེད་པའི་ཁུངས་བསྟན་པ།
འཁོར་བ་ལ་ཐོག་མ་ཡོད་མེད་སྐོར་ལ་བཞེད་པ་མི་མཐུན་པ་སྣ་ཚོགས་ཡོད་ནའང་། སྔ་འགྱུར་རང་ལུགས་ལ་ཀུན་མཁྱེན་ཀློང་ཆེན་པས། སེམས་ཅན་གསར་སྐྱེས་ལྟར་སྣང་ཡང་གསར་སྐྱེས་དངོས་མ་ཡིན་ཏེ། ཞེས་འཁོར་བ་ལ་ཐོག་མ་མེད་པར་གསུངས་པ་དེའང་མདོའི་དགོངས་པ་དང་མཐུན་པར་འདུག་སྙམ་སྟེ། ཤེར་ཕྱིན་བརྒྱད་སྟོང་པའི་ལེའུ་ཉེར་བརྒྱད་པ་མེ་ཏོག་བཀྲམ་པའི་ལེའུ་ལས།[25] ཀུན་དགའ་བོ་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་མཛོད་མི་ཟད་པའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་འདས་པའི་དུས་ཀྱི་ཐོག་མ་མེད་པའི་འཁོར་བར་སེམས་ཅན་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བཤད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཀྱི་མཛོད་ཉིད་ལས་བཤད་དོ། །ཞེས་གསུངས་སོ།།
མཇུག་གི་སྐད་ཆ།
ཐེངས་འདིའི་དཔེ་ཀློག་ཟིན་བྲིས་ཁྲོད་ནས་ཤེར་ཕྱིན་གྱི་མདོ་བརྒྱད་སྟོང་པའི་སྐོར་ལ་ཟིན་བྲིས་རགས་རིམ་ཞིག་བྲིས་ཡོད་པ་དེ་ད་རེས་ཀློག་པ་པོ་ཁྱོད་ལ་སྐྱེས་སུ་བཏེག་ཡོད། འོན་ཀྱང་འདིར་བཀོད་པ་ནི་ཡོངས་སུ་རྫོགས་པ་མིན་པས་རྒྱས་པར་རྩོམ་ཡིག་གཞན་དུ་སྤྱན་འབུལ་ཞུ་ཆོག་ལ། དེ་བཞིན་ཉི་ཁྲི་སོགས་ཤེར་མདོ་གཞན་དག་གི་དཔེ་ཀློག་ཟིན་བྲིས་ཐར་ཐོར་འགའ་ཡང་བཀོད་ཡོད་པ་རྣམས་མི་རིང་བར་ཁྱོད་ཀྱི་མདུན་དུ་ཐོན་རྒྱུའི་སྟ་གོན་བྱས་ཡོད་དོ།།
[1] ཡེ་ཤེས་སྡེ་པར་མ། བསྟན་འགྱུར། དེབ་གྲངས་ ༡༡༧ ཤོག་གྲངས་ ༤༤༧ པར་གསལ།
[2] ཡེ་ཤེས་སྡེ་པར་མ། བསྟན་འགྱུར། དེབ་གྲངས་ ༡༢༢ ཤོག་གྲངས་ ༣ པར་གསལ།
[3] ཡེ་ཤེས་སྡེ་པར་མ། བསྟན་འགྱུར། དེབ་གྲངས་ ༡༢༢ ཤོག་གྲངས་ ༦༢༢ པར་གསལ།
[4] ཀྲུང་གོའི་བོད་རིིག་པ་དཔེ་སྐྲུན་ཁང་། དུང་དཀར་ཚིག་མཛོད། ཤོག་གྲངས་ ༢༠༠༣ པར་གསལ།
[5] ཡེ་ཤེས་སྡེ་པར་མ། བསྟན་འགྱུར། དེབ་གྲངས་ ༡༣༠ ཤོག་གྲངས་ ༢ པར་གསལ།
[6] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༡༣༠ ཤོག་གྲངས་ ༤༨ པར་གསལ།
[7] ཚིག་འདི་དག་སྡེ་དགེ་པར་མ་སོགས་བཀའ་འགྱུར་པར་མ་ཕལ་ཆེ་བའི་ནང་བཀོད་ཡོད་མོད། འོན་ཀྱང་སྐབས་འདིར་ནི་ཡེ་ཤེས་སྡེའི་པར་མ་གཞིར་བཞག་ནས་བཀོད་པ་ཡིན།
[8] ཡེ་ཤེས་སྡེའི་པར་མ། དེབ་གྲངས་ ༡༢༢ ཤོག་གྲངས་ ༨ པར་གསལ།
[9] ཡེ་ཤེས་སྡེའི་པར་མ། དེབ་གྲངས་ ༡༢༣ ཤོག་གྲངས་ ༣ ནས་ ༥ བར་གསལ།
[10] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༡༡༧ ཤོག་གྲངས་ ༤༤༨ ནས་ ༤༥༢ བར་གསལ།
[11] བསྟན་འགྱུར་དཔེ་བསྡུར་མ། དེབ་གྲངས་ ༡༡༦ ཤོག་གྲངས་ ༧༨༧ པར་གསལ།
[12] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། དེབ་གྲངས་ ༡༥ ཤོག་གྲངས་ ༡༧༤ པར་གསལ།
[13] ཡེ་ཤེས་སྡེ་པར་མ། བསྟན་འགྱུར། དེབ་གྲངས་ ༤༠ ཤོག་གྲངས་ ༦ ནས་ ༧ བར་གསལ།
[14] ཡེ་ཤེས་སྡེ་པར་མ། བསྟན་འགྱུར། དེབ་གྲངས་ ༡༡༧ ཤོག་གྲངས་ ༥༡༣ པར་གསལ།
[15] ཡེ་ཤེས་སྡེ་པར་མ། བསྟན་འགྱུར། དེབ་གྲངས་ ༡༡༧ ཤོག་གྲངས་ ༥༡༣ པར་གསལ།
[16] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༤ ཤོག་གྲངས་ ༦ ནས་ ༧ བར་གསལ།
[17] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༤ ཤོག་གྲངས་ ༣༦༡ ནས་ ༣༦༢ བར་གསལ།
[18] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༤༠ ཤོག་གྲངས་ ༡༣ ནས་ ༡༤ བར་གསལ།
[19] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༤༠ ཤོག་གྲངས་ ༡༠༦ ནས་ ༡༠༧ བར་གསལ།
[20] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༤༠ ཤོག་གྲངས་ ༥༣༥ ནས་ ༥༣༦ བར་གསལ།
[21] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༤༠ ཤོག་གྲངས་ ༢༧༡ ནས་ ༢༧༢ བར་གསལ།
[22] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༡༡༨ ཤོག་གྲངས་ ༢༥༢ པར་གསལ།
[23] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༤༠ ཤོག་གྲངས་ ༢༧༢ ནས་ ༢༧༣ བར་གསལ།
[24] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༡༡༨ ཤོག་གྲངས་ ༢༥༤ པར་གསལ།
[25] ཡེ་ཤེས་སྡེ་པར་མ། དེབ་གྲངས་ ༤༠ ཤོག་གྲངས་ ༦༣༨ ནས་ ༦༣༩ བར་གསལ།