ལོ་རིམ་བརྒྱད་པའི་སློབ་གཉེར་བ། ཐུབ་བསྟན་དབང་གྲགས།
དྲན་པའི་ལག་པ་དེ་ཕར་ཕར་བརྐྱངས་རུང་།།
མཇལ་འཛོམས་སྐལ་བ་ནི་རིང་རིང་སོང་བའི།།
སྙིང་དང་གློ་བ་ནས་ཉེ་བའི་མི་འགའ།།
གཅིག་རྗེས་གཉིས་མཐུད་ནས་ལ་མོ་བརྒྱབ་སོང་།།
སྡོང་རྩ་དྲོན་མོ་ཡི་མཆོད་མེའི་གསེང་ནས།།
འབྲུ་དྲུག་མ་ཎི་ཞིག་དབྱངས་ལ་གྱེར་བཞིན།།
བར་དོའི་རྣམ་ཤེས་འགའ་སྐྱེལ་མ་བྱེད་དུས།།
ང་རང་ཁེར་རྐྱང་གི་ཚོར་སྣང་བྱིན་སོང་།།
ཨ་ཁུ་ཆོས་རྒྱལ་གྱིས་ལག་རྟགས་བཞེས་ན།།
གཤིན་ཐང་སྐྱ་མོ་ཡི་ཟུར་ཁུག་ཅིག་ནས།།
སྐྱབས་མེད་རྣམ་ཤེས་དག་ལག་པས་བཟུང་སྟེ།།
བདེ་ལྡན་དག་ཞིང་ལ་སྐྱེལ་རོགས་ཞུ་ཆོག །
སྨོན་ལམ་ཚིག་བཞི་འགའི་མཇུག་ཐོགས་རེ་ནས།།
ལག་པའི་སོར་བཅུ་པོ་སྙིང་ཁར་སྦྱར་ནས།།
བསྔོ་བ་སྨོན་ལམ་འགས་རྒྱས་རེ་བཏབ་ན།།
ཁྱེད་ཅག་རྣམ་ཤེས་ལ་ཕན་ནུས་འབྱུང་ངམ།།
བར་དོ་ཐོས་གྲོལ་ནས་གསུངས་པ་ནང་བཞིན།།
སྣང་བ་དང་པོ་དང་གཉིས་པ་ཤར་དུས།།
རང་རིག་རང་སྣང་དུ་ཤེས་པའི་འགག་གནད།།
དྲན་པའི་གཏིང་རུམ་ནས་མ་བོར་སྲུང་དགོས།།