སྔ་འགྱུར་མཁས་པའི་མཛད་རྗེས།

མཁན་པོ་ཆོས་འཕེལ་ནོར་བུ།

བཀོལ་ཐབས་ངོ་སྤྲོད།

ཀློག་པ་པོ་རྣམས་ཀྱིས་ཐུགས་སྣང་དགོས་རྒྱུར། གུས་པས་བཀའ་མའི་བྱུང་རིམ་སྐོར་ལ་ཅུང་ཟད་དཔྱད་པ་«སྔ་འགྱུར་མཁས་པའི་མཛད་རྗེས་»ཞེས་པའི་དཔྱད་རྩོམ་འདིའི་དཀྱུས་སུ་ཚིག་དངོས་སམ་དོན་ཐོག་ནས་ལུང་འདྲེན་བྱེད་ཚེ་མེད་ན་མ་གཏོགས་ཁུངས་གཉིས་རེ་ངེས་པར་བྱས། དེའང་ཞབས་མཆན་དུ་དཔེ་ཆའི་མཚན་བསྡུས་པ་བཀོད་དེ་གནས་ཚུལ་རྒྱས་པ་ཁུངས་འདྲེན་ཡིག་ཆར། དང་པོ་ཟུར་གྱི་རེའུ་མིག་ཏུ་བསྡུས་མིང་། དེ་ནས་རྩོམ་པ་པོ་དང་། གཞུང་མཚན་ཆ་ཚང་། པར་གནས། པར་མཁན། པར་ལོ། དེ་ནས་སྐབས་བབས་གཞུང་གི་པོད་གྲངས་དང་། ཤོག་གྲངས་སོགས་བཀོད་ཡོད། དེ་བཞིན་དཀྱུས་སུ་བཀོད་པའི་དབྱིན་ཡིག་བསྡུས་ཚིག་རྣམས་ཀྱི་ངོ་སྤྲོད་ཟུར་དུ་གསལ་བས་དེར་གཟིགས་པར་ཞུ།

སྔ་འགྱུར་མཁས་པའི་མཛད་རྗེས།

བླ་མ་དང་གཉིས་སུ་མེད་པ་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།།

སྲིད་ན་མཚུངས་མེད་སྲིད་ཞིའི་རྒྱན་གཅིག་སྲིད་གསུམ་དབང་སྒྱུར་དོན་ཀུན་གྲུབ།།
གསང་ཆེན་སྔགས་ཀྱི་གསང་བ་འཛིན་པ་གསང་གསུམ་སྒྱུ་འཕྲུལ་དྲྭ་བའི་གར།།
པདྨ་ལས་འཁྲུངས་པདྨ་རྒྱལ་པོ་པདྨ་ལས་ཀྱང་མཛེས་པའི་སྐུ།།
འོད་མི་འགྱུར་བ་འོད་ཟེར་ལམ་མེར་འོད་གསལ་སྙིང་གི་རྒྱན་དུ་བཞུགས།།

རིན་ཐང་གཞལ་བྲལ་ཡིད་བཞིན་ནོར་བུའི་མཛོད།།
མཁས་པའི་ཁྱད་ནོར་འཛམ་གླིང་མཛེས་པའི་རྒྱན།།
གྲུབ་པའི་ཕ་ཆོས་ཟླ་མེད་དམ་པའི་ཆོས།།
སྔ་འགྱུར་བཀའ་མའི་བྱུང་བ་འདི་ལྟར་ཏེ།།

དེའང་དཔལ་གསང་ཆེན་སྔ་འགྱུར་རྙིང་མའི་ལུགས་སུ་རིང་བརྒྱུད་བཀའ་མ་དང་། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་ཞེས་བཀའ་སྲོལ་ཆེན་པོ་གསུམ་དུ་བྱུང་ཞིང་། དེ་གསུམ་ལས་དང་པོའི་སྐོར་ཞིབ་འཇུག་གི་ཐབས་ལམ་དང་མཐུན་པར་ངོ་སྤྲོད་ཅུང་ཟད་ཞུ་ན།

༡» བཀའ་མའི་བརྡ་ཆད་ཐོག་མར་གང་ནས་བྱུང་བར་དཔྱད་པ།
༢» རྒྱལ་བའི་བཀའ་དང་བཀའ་མའི་ཁྱད་པར་ལ་དཔྱད་པ།
༣» སྔ་འགྱུར་ཆོས་ཚུལ་མཐའ་དག་ལ་བཀའ་མའི་སྒྲ་འཇུག་མིན་དཔྱད་པ།
༤» བཀའ་མ་ཕྱོགས་བསྒྲིགས་བྱས་པའི་རིམ་པ་ལ་དཔྱད་པ།
 ༥» བཀའ་མའི་ཆོས་སྡེ་དང་དཀར་ཆག་ཁག་གི་རེའུ་མིག

དང་པོ། བཀའ་མའི་བརྡ་ཆད་ཐོག་མར་གང་ནས་བྱུང་བར་དཔྱད་པ།

སྤྱིར་“བཀའ་མ་”ཞེས་པ་འདི་དོན་གྱི་ཆ་ནས་འཕགས་བོད་གཉིས་སུ་ཡོད་རུང་བརྡ་ཆད་ནི་བོད་བརྒྱུད་ནང་བསྟན་ཙམ་ལས་ཕལ་ཆེར་གཞན་དུ་གྲགས་པ་མེད། བོད་བརྒྱུད་ནང་བསྟན་ཁྲོད་དུའང་གསར་རྙིང་གཉིས་ལས་སྔ་འགྱུར་རྙིང་མའི་བརྡ་ཆད་ཐུན་མིན་ཞིག་ལས་ཆོས་བརྒྱུད་གཞན་ལ་གྲགས་པ་མེད། བརྡ་ཆད་འདི་དུས་རབས་བརྒྱད་པ་དང་དགུ་པའི་ནང་ཚུན་ནས་བྱུང་སྲིད་ནའང་ད་ལྟའི་ཆར་མཇལ་དུ་ཡོད་པའི་ཆོས་འབྱུང་རྙིང་གྲས་མཁས་པ་ལྡེའུ་(ca. 13th;[1] cent.; BDRC: P6968)ཡིས་མཛད་པའི་«རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་»རུ། སྔ་འགྱུར་ཡོ་ག་གསུམ་ལས་ཨ་ཏི་ཡོ་གའི་གཏེར་མའི་བཞེད་གཞུང་བཤད་པའི་འཕྲོས་དེར།[2] “བཀའ་མའི་གཞུང་གི་རྒྱུད་སྡེ་བཅུ་དྲུག་ཏུ་འདོད་དེ།” ཞེས་བཀའ་མའི་བརྡ་ཆད་བྱུང་ཞིང་རྒྱུད་སྡེ་དག་གི་མཚན་བཅས་སྨོས་པས་གསལ། རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས་(1641–1718;[3]BDRC: P657)ཀྱིས་སྤྱི་ལོ་ 1681[4] ལོར་མཛད་གྲུབ་པའི་«འདུས་པ་མདོ་དབང་གི་བླ་མ་བརྒྱུད་པའི་རྣམ་ཐར་ངོ་མཚར་དད་པའི་ཕྲེང་བ་»རུ།[5] “དེ་ལྟར་ཟུར་མེས་ཆེན་པོ་ཤཱཀྱ་འབྱུང་གནས། ཟུར་ཆུང་ཤེས་རབ་གྲགས། ཟུར་དབོན་ཤཱཀྱ་སེང་གེ་གསུམ་གྱི་རིང་[6]ལ་སྔ་འགྱུར་བཀའ་མའི་རིང་ལུགས་དབུ་བརྙེས་སྲོལ་བཏོད་དར་རྒྱས་སུ་མཛད་པས་ཟུར་མེས་དབོན་རྣམ་གསུམ་ཞེས་ཡོངས་སུ་གྲགས་ལ།” ཞེས་བཀའ་མའི་རིང་ལུགས་ཐོག་མར་ཟུར་མེས་དབོན་རྣམ་གསུམ་ནས་དར་རྒྱས་བྱུང་བ་ལྟ་བུར་གསུངས།

གཉིས་པ། རྒྱལ་བའི་བཀའ་དང་བཀའ་མའི་ཁྱད་པར་ལ་དཔྱད་པ།

རྒྱལ་བའི་བཀའ་ཡིན་ན་སངས་རྒྱས་ཀྱི་བཀའ་ཁོ་ནར་ངེས་པ་ཡོངས་སུ་གྲགས། དེང་སྐབས་མཇལ་དུ་ཡོད་པའི་དཀར་ཆག་དང་བཀའ་མ་ཕྱོགས་བསྒྲིགས་དག་ལ་གཞིར་བྱས་ན་རྒྱལ་བའི་བཀའ་ཁོ་ན་ཡིན་པའི་ངེས་པ་མེད། དེའང་ལོ་ཆེན་དྷརྨ་ཤྲཱི་(1654–1717/18;[7] BDRC: P667)ཡིས་མཛད་པའི་«གསང་ཆེན་བཀའ་མའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་ནོར་བུའི་དོ་ཤལ་»དང་། རྫོགས་ཆེན་མཁན་ཆེན་པདྨ་བཛྲ་(b. 1807/08; BDRC: P6744)གྱིས་སྤྱི་ལོ་ 1845[8] ལོར་མཛད་གྲུབ་པའི་«བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་»སོགས་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་(1800–1855; BDRC: P697)ཀྱིས་བསྒྲིགས་པའི་བཀའ་མ་ཕྱོགས་བསྒྲིགས་པོད་དགུའི་བདག་ཉིད་ཅན་ནས་བཟུང་ད་ལྟའི་«དཔལ་ཡུལ་བཀའ་མ་ཆེས་ཤིན་ཏུ་རྒྱས་པ་»བར་གྱི་བསྒྲིགས་ཚུལ་དང་དཀར་ཆག་དག་གིས་གསལ་བར་བྱས། འོ་ན་སངས་རྒྱས་ཀྱི་གསུང་མ་ཡིན་པ་ལ་རྒྱུ་མཚན་ཅི་ཞིག་གིས་བཀའ་མ་ཞེས་བཏགས་སམ་སྙམ་ན། བརྡ་ཆད་འདི་ཇི་ལྟར་བྱུང་ཡོད་མེད་ཀྱི་ཐད་སྔ་འགྱུར་ཆོས་འབྱུང་ཁག་དང་བཀའ་མ་དག་གི་དཀར་ཆག་སོགས་སུ་ཞིབ་བཙལ་བགྱིས་པའི་ཁུར་བླངས་ཀྱང་ཟུར་ཙམ་ཡང་མ་མཇལ་བས་ཁུངས་ཐུབ་བཤད་ཐབས་བྲལ་ཡང་། དེང་སྐབས་སྒྱུ་འཕྲུལ་མཁན་པོ་དག་གི་གསུང་སྒྲོས་དང་། ཚིག་མཛོད་རེ་འགའི་ནང་འཁོད་ཚུལ་ནི།[9] རྒྱལ་བ་རྡོ་རྗེ་འཆང་ནས་རིམ་པར་བརྒྱུད་པ་བར་མ་ཆད་པ་བཀའ་ནས་བཀའ་འམ་ཞལ་ནས་སྙན་དུ་བརྒྱུད་པའི་ཆ་ནས་བཀའ་མ་ཞེས་ཐོགས་ཚུལ་གསུངས། ཕལ་ཆེར་དེ་ལྟ་བུ་ཡིན་པར་སེམས་ཏེ། རྒྱལ་བའི་བཀའ་མཚན་ཉིད་པ་ཡིན་ན་བཀའ་བསྟན་གཉིས་ཟླས་ཕྱེ་བའི་བསྟན་བཅོས་དེ་མ་ཡིན་དགོས་ཤིང་། བཀའ་མའི་དཀར་ཆག་དང་དེ་དག་ཕྱོགས་བསྒྲིགས་ཟིན་པ་དག་གི་ཁྲོད་དུ་རྒྱ་བོད་ཀྱི་བསྟན་བཅོས་དུ་མ་འབྱུང་བས་དེ་དག་བཀའ་ཡིན་མིན་ལ་ཐེ་ཚོམ་མི་དགོས།

གསུམ་པ། སྔ་འགྱུར་ཆོས་ཚུལ་མཐའ་དག་ལ་བཀའ་མའི་སྒྲ་འཇུག་མིན་དཔྱད་པ།

འདི་ལ་མཚན་ཐོ་འཁོད་པ་དང་ཕྱོགས་བསྒྲིགས་བྱས་པའི་དུས་ཀྱི་རིམ་པས་བཀའ་མའི་སྒྲ་འཇུག་ཡུལ་ཇེ་མང་དུ་སོང་བ་ལས་ཐོག་མ་ཉིད་ནས་སྔ་འགྱུར་ཆོས་ཚུལ་མཐའ་དག་ལ་བཀའ་མའི་ཐ་སྙད་བཏགས་མེད་པ་འདྲ་སྟེ། ཆོས་འབྱུང་ཁག་ཏུ་རིང་བརྒྱུད་བཀའ་མ་ངོས་འཛིན་གནང་སྐབས་སྔགས་ལས་མདོར་ངོས་འཛིན་མཛད་པ་མེད། སྔགས་ལའང་གཏེར་མ་དང་དག་སྣང་གི་ཆོས་སྐོར་དུ་མ་སོང་བའི་རྒྱུད་སྡེ་དང་སྒྲུབ་སྡེ་གཉིས་ལ་ངོས་འཛིན་མཛད་ཚུལ་ལས་ཐམས་ཅད་ལ་བཀའ་མའི་ཐ་སྙད་སྦྱར་བར་མི་སྣང་། རྒྱུད་སྡེ་ཕྱི་ནང་གཉིས་ལས་ཕྱི་པ་ལའང་སྔོན་གྱི་དུས་སུ་ཕལ་ཆེར་ཐ་སྙད་སྦྱོར་གྱི་མེད་པ་འདྲ་སྟེ། «དཀར་ཆག་ནོར་བུའི་དོ་ཤལ་»དུ་ཆོས་ཚན་ཉིས་བརྒྱ་ཉེ་བ་ཞིག་གི་བཞུགས་བྱང་འཁོད་པའི་ཁྲོད་གསང་སྔགས་ནང་རྒྱུད་སྡེ་གསུམ་ཁོ་ན་མ་གཏོགས་མདོ་དང་རྒྱུད་སྡེ་འོག་མའི་རིགས་ཀྱི་བཞུགས་བྱང་འཁོད་པ་མེད་ཅིང་། རག་མགོ་མཆོག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོ་(1879–1961; BDRC: P732)ཡིས་མཛད་པའི་«དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་»ལས་ཀྱང་།[10] “དེ་ལྟར་ན་སྤྱིར་ཐེག་རིམ་དགུ་དང་བྱེ་བྲག་ནང་རྒྱུད་བཀའ་མ་མདོ་སྒྱུ་སེམས་གསུམ་གྱི་ཕྱོགས་སུ་གཏོགས་པའི་”ཞེས་ནང་རྒྱུད་སྡེ་གསུམ་ལ་བཀའ་མའི་ཐ་སྙད་དམིགས་སུ་མཛད། དེས་ན་རིམ་པས་སྔ་འགྱུར་གྱི་ཆོས་ཚུལ་ཕལ་མོ་ཆེ་ལ་བཀའ་མའི་ཐ་སྙད་ཐོགས་པ་འདྲ། ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་(1871–1926;[11] BDRC: P235)གྱིས་སྤྱི་ལོ་ 1922 ལོར་མཛད་གྲུབ་པའི་«སྔ་འགྱུར་རྡོ་རྗེ་ཐེག་པ་གཙོ་བོར་གྱུར་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་བྱུང་བ་བརྗོད་པའི་གཏམ་མདོར་བསྡུས་ལེགས་བཤད་པདྨ་དཀར་པོའི་རྫིང་བུ་»ལས།[12] “འདིར་འཆད་པར་བྱ་བ་ནི་རིང་བརྒྱུད་བཀའ་མའི་སྐོར་ཏེ། དེ་ལའང་ཕྱི་རྒྱུད་དང་ནང་རྒྱུད་གཉིས་ལས། ཕྱི་བྱ་སྤྱོད་རྣལ་འབྱོར་གྱི་སྐོར་རྣམས་ནི།” ཞེས་བྱ་རྒྱུད་ཡན་ཆད་ལ་ངོས་འཛིན་མཛད་པས་ཀྱང་ཤེས།

བཞི་པ། བཀའ་མ་ཕྱོགས་བསྒྲིགས་བྱས་པའི་རིམ་པ་ལ་དཔྱད་པ།

འདི་ལ་རྣམ་པ་བརྒྱད་དུ་ཕྱེ་ནས་ཅུང་ཟད་བཤད་པ་ལས་དང་པོ། «དགོངས་འདུས་བླ་བརྒྱུད་རྣམ་ཐར་»[13]ལས། ཟུར་ཆེན་ཤཱཀྱ་འབྱུང་གནས་(1002–1062;[14] BDRC: P2889)ཀྱིས་ཉང་ཡེ་ཤེས་འབྱུང་གནས་(10th cent.; BDRC: P2888)དང་། ལྕེ་ཤཱཀྱ་སོགས་ལས་མདོ་སྒྱུ་སེམས་གསུམ་སོགས་གསན་ཞིང་དེ་དག་ལ་མཁས་པར་བྱས་ཏེ། རྩ་རྒྱུད་དང་བཤད་རྒྱུད་བསྡེབས། རྩ་བ་དང་འགྲེལ་པ་བསྡེབས། རྒྱུད་དང་སྒྲུབ་ཐབས་སོགས་བསྡེབས་ནས་ལག་ལེན་དུ་ཐེབས་པར་མཛད་ཚུལ་གསལ། ཡང་བྱ་བཏང་བ་པདྨ་རྡོ་རྗེ་(ca. 15th cent.; BDRC: P1KG1876)ཡིས་མེ་རྟ་ལོར་[15]མཛད་གྲུབ་པའི་«དཔྱལ་གྱི་གདུང་རབས་ཟ་ར་ཚགས་དང་གངྒཱའི་ཆུ་རྒྱུན་གཉིས་གཅིག་ཏུ་བྲིས་པ་ཀུན་གསལ་མེ་ལོང་»ལས། ཞང་ཅོག་གྲུ་བྱང་ཆུབ་འབྱུང་གནས་(ca. 12th cent.; BDRC: P2CN11041)ཀྱི་སློབ་མ་ཚོས་[16] “ཟ་རིགས་འཕགས་པ་ཡེ་ཤེས་ཀྱི་དྲུང་དུ། རྒྱུད་དྲུག་ལ་ལྷག་བཅུ་གཉིས། ཕྲ་མོ་ཉི་ཤུ་རྩ་གཉིས། མཆིམས་ཕུའི་[17]ཕྱག་བཞེས་དགུ་སོགས་ལ་བསླབ་པའོ། །ཁྲོ་ཆེན་ལུ་མའི་ཕུག་ཏུ་མཆིམས་ཕུའི་[18]ཕྱག་བཞེས་དགུ་སྒྲུབ་པ་ལོ་མང་མཛད་”ཅེས་འབྱུང་། དེ་བཞིན་སེ་སྟོན་རིན་ཆེན་རྒྱལ་མཚན་(14th cent.; BDRC: P8343)གྱིས་དཀར་ཆག་མཛད་ཚུལ་དག་ལ་བལྟས་ན་བཀའ་མ་ཞེས་མཚན་བཏགས་མིན་གྱི་ཁྱད་ཙམ་ལས་དོན་དུ་ཕྱོགས་བསྒྲིགས་ཞུས་ཟིན་པ་ལ་དོགས་པ་མེད་སྙམ། ཀརྨ་བདེ་ལེགས་ཀྱིས་སྤྱི་ལོ་ 2019 ཟླ་ 10 ཚེས་ 18 ཉིན་བརྩམས་པའི་«བཀའ་མའི་དཔེ་རྙིང་ཕྱོགས་བསྒྲིགས་ཀྱི་བྱུང་རིམ་»[19]དུ་འདི་དག་སྒྲུབ་བྱེད་དྲངས་ཏེ་བཀའ་མའི་ཕྱོགས་བསྒྲིགས་ཐེངས་དང་པོ་སྨིན་གླིང་སྐུ་མཆེད་ཀྱི་སྔོན་དུ་བྱུང་བར་འདོད། དེ་ལྟར་ལོ་རྒྱུས་དག་ལ་ཞིབ་ཏུ་བལྟས་ན་ཀརྨ་བདེ་ལེགས་ཀྱི་གསུང་ལ་རྒྱུ་མཚན་ཆེ་བར་མངོན་སྙམ།

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་གཉིས་པ།

སྤྱི་ལོའི་དུས་རབས་བཅུ་བདུན་པར་བྱོན་པའི་འོག་མིན་ཨོ་རྒྱན་སྨིན་གླིང་གི་གཏེར་ཆེན་སྐུ་མཆེད་ཀྱིས་བསྒྲིགས་པར་མངོན་ཏེ། «གཏེར་བདག་གླིང་པའི་ཕྱིའི་རྣམ་ཐར་»ལས་གསལ་བ་ལྟར་ན། སྤྱི་ལོ་ 1689 ས་མོ་སྦྲུལ་གྱི་ལོ་སྟེ། གཏེར་བདག་གླིང་པ་(1646–1714;[20] BDRC: P7)དགུང་ལོ་ཞེ་དགུའི་སྟེང་།[21] “སྐྱི་སྟོན་འཁོར་འདས་རང་གྲོལ་གྱིས་རྙིང་མ་བཀའ་མའི་དཔེ་རྒྱུན་འཚོལ་བར་ལྷག་བསམ་དྲག་པོས་དཀའ་བ་དང་དུ་བླངས་པར་བརྟེན་གླེགས་བམ་ཁྱད་ཅན་མང་པོ་སྔ་ཕྱིར་འབྱོར་བར་ཤིན་ཏུ་མཉེས་པའི་ཞལ་ཏ་དང་། […] རྟ། ཇ། གོས་དར་སོགས་གནང་ཆའི་རྫོངས་པ་གཟབ་པར་སྩལ་”ཅེས་གསལ། དེ་བཞིན་རྫོགས་ཆེན་མཁན་པོ་པདྨ་བཛྲ་གྱི་དཀར་ཆག་[22]ཏུ། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་སྨིན་གླིང་དཔེ་མཛོད་ནས་སྒྱུ་འཕྲུལ་ཕྲ་མོ་སོགས་ཀྱི་སྐོར་གླེགས་བམ་གཉིས་ཙམ་ཕྱག་ཏུ་སོན་ཚུལ་གསུངས། ལོ་ཆེན་རིན་པོ་ཆེས་རྒྱུད་མ་ཧཱ་ཡོ་ག་སྒྱུ་འཕྲུལ་གྱི་སྐོར་དང་། ལུང་ཨ་ནུ་ཡོ་ག་འདུས་པ་མདོའི་སྐོར་ཏེ་ཆོས་ཚན་བརྒྱ་དང་གོ་གསུམ་གྱི་མཚན་འཁོད་པའི་«གསང་ཆེན་བཀའ་མའི་བསྟན་བཅོས་རྣམས་ཀྱི་དཀར་ཆག་ནོར་བུའི་དོ་ཤལ་ཞེས་མཛད་པས་བཀའ་མའི་ཆོས་སྡེ་ཕྱོགས་བསྒྲིགས་མཛད་པ་ལ་དོགས་པ་མེད། ཉག་རོང་བྱམས་འབྱོར་དགོན་པའི་ཚེ་རིང་རྒྱ་མཚོ་(b. 1958[23])ཡིས་སྤྱི་ལོ་ 2007[24] ལོར་མཛད་གྲུབ་པའི་«སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་དཀར་ཆག་དྭངས་གསལ་འཕྲུལ་གྱི་མེ་ལོང་»ལས།[25] “བོད་རབ་བྱུང་བཅུ་གཅིག་ ๊  སྤྱི་ལོ་ 1677 ཙམ་์པའི་མཇུག་ཏུ་སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེ་དང་ལོ་ཆེན་དྷརྨ་ཤྲཱི་སྐུ་མཆེད་གཉིས་ཀྱིས་བཀའ་མའི་རྩ་གཞུང་ལ་ཆོག་ཁྲིགས་དང་འགྲེལ་པ་མཛད་ཅིང་སྨིན་གྲོལ་གྱི་རྒྱུན་སྤེལ། བཀའ་མའི་བསྟན་བཅོས་དཔེ་དཀོན་གྱི་མཚན་ཐོ་བཀོད་ཅིང་དཔེ་དུ་མ་བསྡུས་པས་ཕྲིན་ལས་ཀྱི་དབུ་བརྙེས་པ་ཡིན་ལ་བཀའ་མའི་མཆོད་ཁག་བཅུ་གསུམ་སོགས་ཀྱི་སྒྲུབ་མཆོད་དུས་དེ་ནས་དར་ཁྱབ་བྱུང༌།” ཞེས་ཕལ་ཆེར་རབ་བྱུང་བཅུ་གཅིག་པའི་མཇུག་ཙམ་ལ་ངོས་འཛིན་གནང་།

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་གསུམ་པ།

མཁན་ཆེན་པདྨ་བཛྲ་གྱི་དཀར་ཆག་ལས་གསལ་བ་ལྟར་ན།[26] རྒྱལ་སྲས་གཞན་ཕན་མཐའ་ཡས་(1800–1855; BDRC: P697)དགུང་ལོ་ཞེ་གཅིག་བཞེས་པ། སྤྱི་ལོ་ 1840 ལྕགས་ཕོ་བྱི་བའི་ལོ། ཟླ་བ་གསུམ་པའི་ཚེས་བཅུ་དྲུག་ཉིན་པར་རྐོ་དབུ་བཙུགས་ཏེ་ཁྱིམ་པ་རྗེས་འཛིན་གྱི་སྐྱབས་འགྲོ་དང་། «སོ་སོར་ཐར་པའི་མདོ་» «བྱང་ཆུབ་སེམས་དཔའི་སྤྱོད་འཇུག»བྱ་རྒྱུད་ཀྱི་ཆོག་ཕྲིན་རྣམས་དང་ནང་རྒྱུད་སྡེ་གསུམ་གྱི་ཆོག་ཕྲིན་པོད་དགུ་ཆོས་ཚན་བརྒྱད་ཅུ་གྱ་ལྔའི་བདག་ཉིད་ཅན་དུ་བསྐྲུན་ཏེ་ད་ལྟ་རང་ཅག་རྣམས་ཀྱི་དད་པའི་ཡུལ་དུ་བཞུགས། དེ་ནས་བཟུང་བཀའ་མའི་དཔེ་གཞུང་རྒྱུན་ཚུགས་ཤིང་དར་སྤེལ་བྱུང་ཡོད་ཚུལ་ཚེ་རིང་རྒྱ་མཚོས་གསུངས།[27] ཀརྨ་བདེ་ལེགས་ཀྱིས།[28] “འདིའི་ཤིང་པར་གྱི་བུ་དཔེ་ནི་དེང་སྐབས་ཕོ་བྲང་པོ་ཏ་ལར་ཚར་གཅིག་དང་། པེ་ཅིན་རྒྱལ་ཁབ་དཔེ་མཛོད་ཁང་དུ་ཆ་མ་ཚང་བ་ཞིག་བཞུགས་པ་ཙམ་དུ་ཟད།” ཅེས་དཔེ་གཉིས་ཡོད་ཚུལ་གསུངས། ད་ལྟ་ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་དྲ་ཚིགས་ [BDRC: W4PD1990] སུ་བཞུགས་པའི་པོད་དགུ་ཅན་དེ་ཕལ་ཆེར་པེ་ཅིན་དུ་ཡོད་པ་དེ་ཡིན་པ་འདྲ་སྟེ། མཁན་ཆེན་པདྨ་བཛྲ་གྱི་དཀར་ཆག་ཏུ་[29]ལོ་ཆེན་དྷརྨ་ཤྲཱིས་མཛད་པ་«རབ་བྱུང་གཞིའི་ཆོ་ག་རིན་ཆེན་ཐེམ་སྐས༌»དང་། «བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ་གྱི་ཆོ་ག་ཐར་གླིང་དུ་བགྲོད་པའི་གྲུ་ཆེན་» «དུས་ངེས་པའི་གསོ་སྦྱོང་གི་འདས་ལུས་བརྗོད་ཚུལ་གྱི་རེའུ་མིག་»བཅས་གསུམ་གྱི་མཚན་འབྱུང་ཡང་འདིར་མི་སྣང་། དེ་ལྟར་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་ཀྱིས་བཀའ་མའི་ཆོག་ཕྲིན་པར་དུ་བརྐོས་པ་ལ་བརྟེན་ནས་དེང་སང་ཕུན་སུམ་ཚོགས་པའི་གསང་ཆེན་སྔ་འགྱུར་བཀའ་མའི་རིམ་པ་རྣམས་དབྱར་མཚོ་ལྟར་རྒྱས་པ་བྱུང་བ་ནི་རྗེ་འདིའི་ཐུགས་བསྐྱེད་དང་བཀའ་དྲིན་ཡིན་པར་འཁུམས། འཇམ་མགོན་མི་ཕམ་རྣམ་རྒྱལ་རྒྱ་མཚོ་(1846–1912;[30] BDRC: P252)ཡིས་སྤྱི་ལོ་ 1904[31] ལོར་མཛད་གྲུབ་པའི་«དཀར་ཆག་མེ་ཏོག་ཕྲེང་བ་ལས།[32] “བཀའ་མའི་སྒྲུབ་ཆོག་རྣམས་པར་དུ་བཀོད་པ་སོགས་ཀྱི་ཕྲིན་ལས་བསྐྱང་བས་རྙིང་བསྟན་གྱི་གསོས་ཆེན་པོར་གྱུར་ཅིང༌།” ཞེས་སྔ་འགྱུར་རྙིང་མའི་བསྟན་པ་ལ་ཕན་པ་ཆེན་པོ་བྱུང་ཚུལ་གསུངས་པས་ཤེས།

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་བཞི་པ།

རག་མགོ་མཆོག་སྤྲུལ་གྱི་དཀར་ཆག་ལས་གསལ་བར་ལྟར་ན། ཐོག་མར་དཔལ་ཡུལ་བའི་གདན་རབས་བདུན་པ་རྒྱ་སྤྲུལ་པདྨ་མདོ་སྔགས་བསྟན་འཛིན་(1830–1892; BDRC: P6169)གྱིས་ཐོག་མར་པར་རྐོ་དབུ་བཙུགས་ནས་གདན་རབས་བཅུ་པ་ཀརྨ་ཐེག་མཆོག་སྙིང་པོས་མཇུག་བསྐྱངས་པ་ཞིག་ཡིན། འདི་ཉིད་ལས།[33] “རྗེ་གོང་མའི་ཕྲིན་ལས་ཀྱི་འཕྲོ་བསྐྱང་ཕྱིར་བཀའ་མའི་ཆོས་སྐོར་སྒྱུ་འཕྲུལ་ཕྲ་མོ་དྲུག་ཅུ་སོགས་གཞུང་རྙིང་སྐོར་པུསྟི་བཅུ་ཕྲག་པར་བཞེངས་པ་དང་”ཞེས་འབྱུང་བས་པོད་བཅོ་ལྔ་ཙམ་རྒྱ་སྤྲུལ་རིན་པོ་ཆེས་བཞེངས་པར་ངེས། ཀརྨ་བདེ་ལེགས་ཀྱིས་[34]རྗེ་འདི་ཉིད་དགུང་ལོ་བཞི་བཅུ་རྩ་ལྔ་བཞེས་པ། སྤྱི་ལོ་ 1874 རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་ཁྱི་ལོར་དབུ་འཛུགས་གནང་སྟེ་པོད་བཅོ་ལྔ་ཙམ་ལས་མ་གྲུབ་པར་ཞིང་དུ་གཤེགས་པར་བཤད། དེ་ལྟར་ན་པོད་བཅོ་ལྔ་ལ་ལོ་བཅོ་བརྒྱད་འགོར་ཡོད། «རག་སྤྲུལ་དཀར་ཆག་ཏུ།[35] “རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་དཔལ་ཡུལ་ཆོས་སྡེ་བཏབ་ནས་ཉིས་བརྒྱ་སུམ་ཅུ་སོན་པ། རབ་ཚེས་གནམ་འཕྱང་[36]ཞེས་པ་ས་ཕོ་ཁྱིའི་ལོ། རྗེ་དེ་ཉིད་དགུང་གྲངས་ཞེ་ལྔ་བཞེས་པ་ན་ལེགས་བྱས་རྒྱ་ཆེན་འདི་ཉིད་[37]དབུ་འཛུགས་པར་མཛད་དོ།།” ཞེས་གསལ་བས། ཀརྨ་བདེ་ལེགས་ཀྱིས་བཤད་པ་དང་འགྲིགས་དཀའ་ཞིང་། རབ་ཚེས་ས་ཁྱི་ལོར་པར་རྐོ་དབུ་བཙུགས་ཡོད་ན། མུ་པོ་(b. 1965[38])ཡིས་སྤྱི་ལོ་ 2002[39] ལོར་བརྩམས་གྲུབ་པའི་«དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་བྱུང་བ་བརྗོད་པ་པདྨ་དཀར་པོའི་དོ་ཤལ་»[40]དུ། དཔལ་ཡུལ་བའི་གདན་རབས་དང་པོ་རིག་འཛིན་ཀུན་བཟང་ཤེས་རབ་(1636 –1698;[41] BDRC: P655)ཀྱིས་སྤྱི་ལོ་ 1636 ལོར་དགོན་པ་བཏབ་ཚུལ་བཤད། དེ་ནས་ལུགས་འབྱུང་དུ་ལོ་ཉིས་བརྒྱ་སུམ་ཅུ་བརྩིས་ན་སྤྱི་ལོ་ 1895 ལ་ཁེལ། དེའི་སྐབས་རྒྱ་སྤྲུལ་རིན་པོ་ཆེ་གཤེགས་ནས་ལོ་ངོ་བཞི་སོང་ཟིན་པས་འགྲིགས་དཀའ་བར་བྱུང་ཡང་དཔྱད། གང་ལྟར་ཀརྨ་ཐེག་མཆོག་སྙིང་པོ་(1908–1960; BDRC: P8LS12327)ཡིས་[42]ཆོས་སྡེ་འཕྲོ་ལུས་སྒྱུ་འཕྲུལ་ཕྲ་མོ་དྲུག་ཅུས་གཙོས་པའི་རྙིང་གཞུང་ཚད་ཐུབ་པོད་བཅུ་སྐོར་ཁ་སྐོང་གི་ཚུལ་དུ་གོང་མའི་ཕྱག་བཞེས་མཇུག་སྐྱོང་གིས་གསར་སྐྲུན་མཛད་ཚུལ་གསུངས། པར་གྱི་[43]“མ་ཕྱི་སྨིན་གླིང་དང་རྫོགས་ཆེན་གྱི་པར་ཡོད་རིགས། གཞན་ཡིག་རྙིང་ཁུངས་བཙུན་རྣམས་ལ་གཞིར་བྱས་ཏེ་”བཀའ་མ་པོད་ཉེར་ལྔའི་བདག་ཉིད་ཅན་ཞིག་ཤིང་པར་བརྐོས་ཡོད་ཚུལ་གསལ་ནའང་། བོད་ཁམས་ཡོངས་སུ་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་ནང་དུ་དུས་འགྱུར་གྱི་འཚུབ་རླུང་དྲག་ཏུ་ལྡང་སྐབས་བརླག་སྟོར་སོང་སྟེ་དེང་སང་བཞུགས་པའི་ལོ་རྒྱུས་མེད། བུ་དཔེ་ཞིག་ད་ལྟ་ཉག་རོང་སྟོད་ཀ῝ཐོག་པའི་ཆོས་བརྒྱུད་འབྱུང་ཁུངས་ཡོན་ཏན་དགོན་དུ་པོད་གཅིག་གིས་ཁ་མ་ཚང་བ་ཞིག་བཞུགས་ཡོད་ཚུལ་ཀ῝ཐོག་མཁན་པོ་འཇམ་དབྱངས་རྒྱལ་མཚན་(1929–2001[44])གྱིས་སྤྱི་ལོ་ 1998[45] ལོར་མཛད་གྲུབ་པའི་«སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་»[46]དུ་གསུངས་ཤིང་། འདི་དང་མཐུན་པར་ཕྱིས་ཀྱི་དཀར་ཆག་དག་ལས་ཀྱང་བཤད། ཚེ་རིང་རྒྱ་མཚོས་[47]བཀའ་མ་འདི་ལ་ཆོས་ཚན་ 266 ཡོད་ཚུལ་གསུངས་པ་བཞིན། «རག་སྤྲུལ་དཀར་ཆག་»ཏུ་སྡེ་ཚན་ཀ་ནས་ཨའི་བར་ཕྱེ་སྟེ་ལོ་ཆེན་དྷརྨ་ཤྲཱིའི་«སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མ་»ནས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་(1308–1363;[48] BDRC: P1583)ཀྱི་«སེམས་ཉིད་ངལ་གསོའི་གནད་གསུམ་དགེ་བ་གསུམ་གྱི་དོན་ཁྲིད་བྱང་ཆུབ་ལམ་བཟང༌བར་ཆོས་ཚན་ 266 གི་མཚན་འཁོད་ཀྱང་། ཀརྨ་བདེ་ལེགས་ཀྱིས་[49]“སྐབས་འདིར་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་སུ་འཁོད་ཅིང་ད་ལྟའི་དཔེའི་ནང་མེད་པ་ཆོས་ཚན་ 100 ཙམ་དང་།  དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་སུ་མ་འཁོད་རུང་ད་ལྟའི་དཔེ་ཆའི་ནང་ཡོད་པ་ཆོས་ཚན་ 43 ཙམ་ཡོད་ལ།” ཞེས་དཀར་ཆག་ཏུ་གསལ་བ་དང་ད་ལྟ་འབྱུང་ཁུངས་དགོན་དུ་བཞུགས་པའི་བཀའ་མའི་ཆོས་ཚན་གཉིས་ཀྱི་གྲངས་ཐ་དད་བྱུང་བར་གསུངས།

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་ལྔ་པ།

༸སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་(1904-1987; BDRC: P736)ཡིས་དངོས་སུ་བསྒྲིགས་པའི་ལོ་ཚིགས་མ་མཐོང་ཡང་། སྤྱི་ལོ་ 1983 ཟླ་ 9 ནང་ཧྥ་རན་སི་ནས་བལ་ཡུལ་དུ་ཕེབས་ཏེ་བཀའ་མའི་ཆོས་ཚན་སྒྲིག་པའི་ཐུགས་ཐག་བཅད་གནང་ཚུལ། མཁན་པོ་ཚེ་དབང་དོན་རྒྱལ་(b. 1951; BDRC: P5639)གྱིས་སྤྱི་ལོ་ 2002 ལོར་མཛད་གྲུབ་པའི་«བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་འགྲོ་འདུལ་གླིང་པ་རྩལ་གྱི་རྣམ་ཐར་ཡེ་ཤེས་རྡོ་རྗེའི་འོད་ཟེར་»དུ་[50]གསལ། ཡང་དེ་ཉིད་དུ།[51] “དེ་ནས་སྔགས་འཆང་སློབ་དཔོན་ཉིང་ཁུ་ལགས་ཀྱིས་[52]གཙོས་འབྲུག་གི་ཡིག་བྲིས་བཞི་ཙམ་གྲ་སྒྲིག་[53]གནང་ནས་སྐུ་མདུན་དུ་བཅར། ཨ་རིར་ཟླ་བ་བཞི་ཙམ་བཞུགས། ཧྥ་རན་སི་[54]ལ་ཤིང་བྱི་བོད་རྒྱལ་ལོ་ ༢༡༡༡ སྤྱི་ལོ་ 1984 ཟླ་བ་དང་པོའི་ནང་དུ་སྟོན་འཁོར་དང་ཡིག་བྲིས་པ་བཅས་ཕེབས།” ཞེས་སོགས་འབྱུང་བས་བཀའ་མའི་ཆོས་སྐོར་དེ་གནས་གཅིག་ཏུ་བསྒྲིགས་པ་མ་ཡིན་པར་བལ་ཡུལ་དང་། ནུབ་ཕྱོགས་ཨ་རི། ཧྥ་རན་སི་སོགས་སུ་བཞེངས་བསྒྲིགས་མཛད་པར་མངོན། ཇི་ལྟར་བསྒྲིགས་པའི་རིམ་པ་ནི། སྔོན་མ་རྫོགས་ཆེན་གྱི་ཆོག་འཕྲིན་དང་། དཔལ་ཡུལ་གྱི་གཞུང་པོད་གཉིས་ལ་བཀའ་མ་རྩ་གཞུང་ཞེས་ས་བཅད་གཅིག་བྱས། དེའི་སྟེང་དུ་རྒྱབ་ཆོས་ཞེས་པའི་ས་བཅད་གསར་པ་གཅིག་ཁ་སྣོན་གྱིས་མདོ་སྒྱུ་སེམས་གསུམ་གྱི་རྒྱུད་འགྲེལ་དག་གིས་གཙོས་དཔེ་དཀོན་དུ་མ་ཁ་བསབས་ཏེ་གླེགས་བམ་ལྔ་བཅུ་རྩ་བརྒྱད་ཅན་འདི་ཉིད་བསྟན་འགྲོའི་བསོད་ནམས་ཀྱི་དཔལ་དུ་བྱོན།

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་དྲུག་པ།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཁང་གི་དྲ་ཚིགས་སུ། «ཀ῝ཐོག་བཀའ་མ་གླེགས་བམ་» 110 ཅན་དེ་མཁན་པོ་མུན་སེལ་(1916–1993;[55] BDRC: P7274)དང་། གླེགས་བམ་ 120 ཅན་དེ་ཀ῝ཐོག་མཁན་པོ་འཇམ་དབྱངས་(1929–2001)ཀྱིས་བསྒྲིགས་ཡོད་པར་ངོས་འཛིན་བྱས། འོན་ཀྱང་མཁན་པོ་དེ་ཉིད་ཀྱིས་སྤྱི་ལོ་ 1998 ལོར་མཛད་གྲུབ་པའི་«སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་དུ་དེ་གཉིས་དཀྱུས་གཅིག་བྱས་ཏེ་བཤད་པ་ལས་ལོ་རྒྱུས་སོ་སོར་མེད། དཀར་ཆག་དེ་ཉིད་དུ་[56]གསལ་བ་ལྟར་ན། མཁན་ཆེན་མུན་སེལ་གྱིས་སློབ་མ་ཀརྨ་བདེ་ལེགས་དང་། ཚེ་རིང་རྒྱ་མཚོ་གཉིས་ལ་སྔ་དུས་སྔ་འགྱུར་བཀའ་མའི་ཆོས་སྐོར་གྱི་གྲས་སུ་མེད་པ་རྒྱབ་ཆོས་ཀྱི་ཁོངས་སུ་གཞག་དགོས་ངེས་དཔེ་རྙིང་རིགས་༸སྐྱབས་རྗེ་བདུད་འཇོམས་ཀྱི་བཀའ་མའི་དཔེ་དང་ཕྱོགས་བསྒྲིགས་ཐུབ་ན་དཔེ་རྒྱུན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེགས་སུ་འགྱུར་ཚུལ་སོགས་བཀའ་ཕེབས་པར་བརྟེན། མཁན་པོ་འཇམ་དབྱངས་རྒྱལ་མཚན་དང་། ཚེ་རིང་རྒྱ་མཚོ། ཀརྨ་བདེ་ལེགས་གསུམ་གྱིས་ཨ་འཛོམས་དང་། དཔལ་ཡུལ། རྨུགས་སངས། ཉག་རོང་སོགས་ནས་དཔེ་རྙིང་བསྡུ་རུབ་ཀྱིས་རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་ཐུགས་འགན་བཞེས་སུ་བཅུག་སྟེ་དགོན་དེའི་བླ་གྲྭ་དང་། ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ལྔའི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས་མཐུན་རྐྱེན་སྦྱར་ཞིང་། ཞུ་དག་པ་གཙོ་བོ་ཀ῝ཐོག་མཁན་པོ་ཐུབ་བསྟན་ཡེ་ཤེས་འོད་ཟེར་སོགས་ཀྱིས་བྱས་ཏེ། བདུད་འཇོམས་རིན་པོ་ཆེས་བསྒྲིགས་པ་ལྟར་བཀའ་མའི་གཞུང་སྒྲུབ་ཕྲིན་དབང་ཆོག་དང་བཅས་པ་ལ་སྔ་འགྱུར་བཀའ་མ་རྩ་བའི་ཆོས་སྡེ་དང་། ལོ་རྒྱུས་དང་རྒྱུད་གཞུང་རྩ་འགྲེལ་ཆ་ལག་དང་བཅས་པ་ལ་བཀའ་མའི་རྒྱབ་ཆོས་ཞེས་སྐོར་ཚོ་ཆེན་པོ་གཉིས་སུ་ཕྱེ་ནས་གླེགས་བམ་ཀ་ནས་ཨེ་ཡི་བར་ 120 བཞུགས་ཚུལ་གསུངས། ཕྱག་ལས་གནང་མཁན་ཚེ་རིང་རྒྱ་མཚོ་ལ་གུས་པས་བཀའ་འདྲི་དངོས་སུ་ཞུས་པའི་ལན་དུ། པར་སྐྲུན་སྔ་ཕྱིའི་གོ་རིམ་ཙམ་ལས་གླེགས་བམ་བརྒྱ་དང་བཅུ་ 110 ཅན་དང་། བརྒྱ་དང་ཉི་ཤུ་ 120 ཅན་གཉིས་དཀྱུས་གཅིག་ཏུ་བསྒྲིགས་པ་དང་འཚོལ་སྡུད་དང་སྒྲིག་མཁན་ཡང་ཁོང་རྣམ་གསུམ་ཡིན་ཞིང་། མཁན་པོ་མུན་སེལ་ནས་ཐོག་མའི་བཀས་སྐུལ་དང་གསོལ་སྩལ་རྒྱ་སྒོར་ 1000 གནང་བ་ལས་ཕྱག་ལས་གནང་མཁན་མིན་ཚུལ་གསུངས། སྤྱི་ལོ་ 1993–1999 བར་ཏེ་ལོ་ལྔ་ཙམ་འགོར་ཡོད་ཚུལ་གསུངས། འོན་ཀྱང་དཔྱད་པ་འདི་སྣང་སྟེ། Ka = རྟགས་ཅན་བཀའ་མའི་རྩ་བའི་ཆོས་སྡེ་ལ་๊ཀ་์པ་ནས་๊ཞ་์པའི་བར་པོད་གྲངས་ཉི་ཤུ་རྩ་གཅིག་དང་། བཀའ་མའི་རྒྱབ་ཆོས་སྐོར་ལ་๊ཟ་์པ་ནས་๊ཝེ་์ པའི་བར་པོད་གྲངས་བརྒྱད་ཅུ་གྱ་དགུ་བཞུགས། Kb = རྟགས་ཅན་བཀའ་མ་ལ་རྩ་བའི་ཆོས་སྡེ་๊ཀ༌์པ་ནས་๊ཐི་์པའི་བར་པོད་གྲངས་བཞི་བཅུ་དང་། རྒྱབ་ཆོས་སྐོར་ལ་๊དི་์པ་ནས་๊ཨེ་์པའི་བར་པོད་གྲངས་བརྒྱད་ཅུ་བཞུགས། ཡང་ Ka = རྟགས་ཅན་གྱི་རྩ་བའི་ཆོས་སྡེ་དང་པོར་«སོ་སོར་ཐར་པའི་མདོ་»ནས་དབུ་བཙུགས་ཏེ་«བསྟན་རྒྱས་སྨོན་ལམ་»དང་«བཀྲ་ཤིས་»ཀྱིས་མཐའ་གྲུབ་པར་བྱས། རྒྱབ་ཆོས་ལ་«ཤེར་སྙིང་སྔགས་སུ་བཀྲལ་བ་»ནས་དབུ་བཙུགས་ཏེ་«སྔགས་སྲུང་ཁྲོས་ནག་རྒྱུད་»ཀྱིས་མཐའ་གྲུབ་པར་བྱས། Kb = རྟགས་ཅན་གྱི་རྩ་བའི་ཆོས་སྡེ་དང་པོར་«བཀྲ་ཤིས་མཆོད་ཆོག༌»ནས་དབུ་བཙུགས་ཏེ་«བསྟན་རྒྱས་སྨོན་ལམ་»དང་«བཀྲ་ཤིས་»ཀྱིས་མཐའ་གྲུབ། རྒྱབ་ཆོས་ལ་«སྟོན་པའི་རྣམ་ཐར༌»ནས་དབུ་བཙུགས་ཏེ་«བཀའ་མའི་དཀར་ཆག་»གིས་མཐའ་གྲུབ་པར་བྱས། དེ་ལྟར་རྩ་བའི་ཆོས་སྡེའི་སྒྲིག་སྟངས་དང་མང་ཉུང་དེ་བཞིན་རྒྱབ་ཆོས་སྒྲིག་སྟངས་ཁྱད་པར་བྱུང་བས་འདི་གཉིས་དཀྱུས་གཅིག་ཏུ་བསྒྲིགས་པར་འདོད་ན་ཆེས་དཀའ་བ་ལྟ་བུར་སྣང་ཡང་དཔྱད།

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་བདུན་པ།

ཉག་རོང་བྱམས་འབྱོར་དགོན་པའི་ཚེ་རིང་རྒྱ་མཚོས་མཛད་པའི་«སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་དཀར་ཆག་དྭངས་གསལ་མེ་ལོང་»ལས་གསལ་བ་ལྟར་ན། སྤྱི་ལོ་ 1987 མཁན་ཆེན་མུན་སེལ་གྱིས་བཀའ་ཕེབས་པ་ནས་བཟུང་དམ་བཅའ་བརྟན་པོས་[57]མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་ངོ་དགུ་ཙམ་ཕྱི་ལོགས་སུ་བསྐྱོད་ཅིང་སྐུ་ངལ་སྣ་ཚོགས་བྱུང་། ལས་ཁུངས་རྒྱ་ནག་ཁྲིན་ཏུའུ་རུ་བཙུགས་ཏེ་དཔེ་རྣམས་རྩིས་འཕྲུལ་དུ་འཇུག་པ་ལ་ལོ་གཉིས། མ་དཔེ་དང་བསྡུར་ཏེ་དག་བཅོས་ཐེངས་ལྔ་དང་། ཡིག་སྐྱོན་ཅན་རྣམས་ལ་དག་བཅོས་ཐེངས་དྲུག་སོང་བས་ཞུ་དག་ཆེད་ལོ་ངོ་དྲུག དཔེ་སྒྲིག་ལོ་གཉིས་ཏེ་ཁྱོན་ལོ་ངོ་བཅུ། དེ་ལྟར་དམ་པ་འདིས་སྐུ་ངལ་ཁུར་དུ་བཞེས་ཏེ་སྔ་ཕྱི་བགྲང་བྱ་བཅུ་དགུ་ཙམ་གྱི་རིང་ལ་བཀའ་མ་མདོ་སྒྱུ་སེམས་གསུམ་སོགས་དགོངས་འགྲེལ་ཡན་ལག་དང་བཅས་པ། བཀའ་མ་རྩ་བའི་ཆོས་སྡེ་དང་རྒྱབ་ཆོས་གཉིས་སུ་ཕྱེ་ནས་དང་པོ་ལ། ཆོས་ཚན་ 649 པོད་๊ཀ་์ པ་ནས་๊དི་์པའི་བར་དང་། གཉིས་པ་རྒྱབ་ཆོས་ལ་ཆོས་ཚན་ 628 པོད་๊ནི་์པ་ནས་๊པོ་์པའི་བར་ཏེ། ཆོས་སྡེ་གཉིས་ལ་ཁྱོན་ལྡེབ་གྲངས་བཞི་ཁྲི་ཉིས་སྟོང་ལྔ་བརྒྱ་བཅུ་མེད་བདུན་ 42,507 ལ། ཆོས་ཚན་ཆིག་སྟོང་ཉིས་བརྒྱ་དོན་བདུན་ 1,277 ཡིག་འབྲུ་བྱེ་བ་ལྔ་ས་ཡ་གསུམ་ཙམ། པོད་བརྒྱ་དང་སུམ་ཅུ་སོ་གསུམ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཟིན་ཚུལ་གསུངས།[58]

སྔ་འགྱུར་བཀའ་མའི་ཡིག་ཆ་ཕྱོགས་བསྒྲིགས་ཐེངས་བརྒྱད་པ།

མཆོག་སྤྲུལ་གྱང་ཁང་ཐུབ་བསྟན་དཔལ་བཟང་(b. 1936; BDRC: P8555)མཆོག་གིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་ལ་དགོངས་ཤིང་། སྔོན་གྱི་ལོ་རྒྱུས་སུ་དཔལ་ཡུལ་དགོན་པ་ནི་སྔ་འགྱུར་བཀའ་མའི་པར་ཤིང་མང་གྲས་ཀྱི་དགོན་པ་ཞིག་ཡིན་པས། དེ་ཉིད་བསྐྱར་གསོའི་ཆེད་དུ་དགོངས་པ་བཞེས་ཏེ་གཞན་གྱིས་ཁ་ཟེར་བ་དང་འགོག་རྐྱེན་གང་ལའང་མ་འཛེམས་པར་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་དུ། སྤྱི་ལོ་ 1982–2012 བར་ཏེ་བགྲང་བྱ་སུམ་ཅུའི་རིང་གླེགས་བམ་བརྒྱ་དང་སོ་བདུན་ 137 དང་། ལྡེབ་གྲངས་བཞི་ཁྲི་དྲུག་སྟོང་བརྒྱད་བརྒྱ་ཉེར་བཞི་ 46,824 ཡོད་ཅིང་། པར་ཤིང་བཞུགས་སའི་གཙུག་ལག་ཁང་དང་བཅས་པ་གསར་བཞེངས་མཛད་ཚུལ་རྗེ་འདི་ཉིད་ཀྱིས་མཛད་པའི་«སྔ་འགྱུར་བཀའ་མའི་ཆོས་མཛོད་ཆེན་མོ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་ཤིང་པར་གསར་བརྐོས་གྲུབ་པའི་བྱུང་བ་བརྗོད་པ་»[59] རུ་སྐྱེ་དགུའི་བསོད་ནམས་ཀྱི་མཆོད་སྡོང་དུ་གྲུབ་ཚུལ་གསུངས། ཡང་འདི་ཉིད་ལས།[60] “དཀར་ཆག་ནང་། མེ་ཙེ་ཚེ་གསུམ་སྟོང་པར་ལུས་པ་སླད་ནས་དམྱལ་བའི་མདོ་དབང་འཛུད་དགོས་”ཞེས་གསུངས་པ་ལྟར་ནང་བསྟན་དཔེ་ཚོགས་སུ་བཞུགས་པའི་ Py = «དཔལ་ཡུལ་བཀའ་མ་»ཡི་ཁྲོད་དུ་མེ་ཙེ་ཚེ་གསུམ་གྱི་གླེགས་བམ་འཁོད་མེད། བཀའ་མ་འདི་ལ་འཕགས་ཡུལ་རྣམ་གྲོལ་གླིང་གི་མཁན་པོ་ཚེ་དབང་བསོད་ནམས་(b.1963[61])ཀྱིས་སྤྱི་ལོ་ 2006[62] ལོར་མཛད་གྲུབ་པའི་«སྔ་འགྱུར་བཀའ་མ་ཆེས་ཤིན་ཏུ་རྒྱས་པ་ཤིང་པར་ཅན་མའི་དཀར་ཆག་རིན་ཆེན་ནོར་བུའི་དོ་ཤལ་»ཡོད་པས་ནང་དོན་རྒྱས་པ་དེར་གསལ།

སླར་སྨྲས་པ།

རྨད་བྱུང་གསང་ཆེན་བཀའ་མའི་ཆུ་བོའི་རྒྱུན།།
པདྨའི་རིང་ལུགས་འཛིན་པ་སྔ་འགྱུར་བའི།།
མཁས་དང་གྲུབ་པ་བྱེ་བའི་མཛོད་ཁང་དུ།།
གཅིག་ཏུ་འཁྱིལ་བའི་ལོ་རྒྱུས་ལྟ་ན་སྡུག།

སྔོན་བྱོན་མེས་པོས་བཞག་པ་གཅེས་པའི་ནོར།།
གཞལ་དཀའ་འཛད་པ་མེད་པ་ཆོས་ཀྱི་གཏེར།།
ལེགས་བཤད་དྲི་མ་བྲལ་བའི་གསུང་རབ་རྣམས།།
མཆོད་པའི་རྟེན་ཙམ་ལུས་ན་ཤིན་ཏུ་ཕངས།།

དྲིན་ཆེན་ཕ་མ་བཤེས་གཉེན་དམ་པ་ཡིས།།
བསྩལ་པའི་དྭངས་ཤིང་གསལ་བའི་ཤེས་རབ་སྤྱན།།
མ་བཙུམ་ངོ་མཚར་ཆོས་ཀྱི་གཏེར་མཛོད་རྣམས།།
མཇལ་ན་ལེགས་ཚོགས་ཀུན་འབྱུང་ནོར་བུ་རྙེད།།

བདག་ནི་ཐོས་པ་ཆུང་ཞིང་ཤེས་རབ་ཕྲ།།
བརྩོན་པ་ཞན་པས་ཚིག་དང་དོན་གྱི་ཆར།།
ནོར་བ་མཆིས་ན་ལྷ་དང་སྲུང་མར་བཤགས།།
ལེགས་ཚོགས་གང་མཆིས་མཁའ་མཉམ་འགྲོ་ལ་བསྔོ།།

ཞེས་བཀའ་མའི་བྱུང་རིམ་སྐོར་ལ་ཅུང་ཟད་དཔྱད་པ་«སྔ་འགྱུར་མཁས་པའི་མཛད་རྗེས་»ཞེས་པ་འདི་འཕགས་ཡུལ་ལྷོ་ཕྱོགས་༸སྐྱབས་རྗེ་གྲུབ་དབང་བླ་མའི་ཐུགས་རྗེའི་འོ་མཚོ་ལས་འཕོས་པའི་གསང་ཆེན་སྔ་འགྱུར་བའི་ཆོས་ཀྱི་བསྟི་གནས་ཆེན་མོ་ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་གི་རང་ཤག་ཏུ། སྔ་འགྱུར་རྙིང་མའི་ཞིབ་འཇུག་ལྟེ་གནས་ཁང་གི་ཞིབ་འཇུག་སློབ་མའི་མིང་ཙམ་འཛིན་པ་མཁན་པོ་ཆོས་འཕེལ་ནོར་བུ་ནས་སྤྱི་ལོ་ ༢༠༢༠ ཟླ་ ༠༩ ཚེས་ ༢༨ ཉིན་གྲུབ་པར་བགྱིས་པ་གསང་ཆེན་བཀའ་མའི་བསྟན་པ་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག

རྩོམ་སྒྲིག་པའི་གསལ་བཤད།

དཔྱད་རྩོམ་འདིའི་དཔྱད་གཞིའི་ཡིག་ཆ་སོགས་དེང་དུས་ཀྱི་ཞིབ་འཇུག་གི་ཐབས་ལམ་དང་མཐུན་པར་རེའུ་མིག་ཏུ་གསལ་པོརབཀོད་ཡོད་ནའང། དྲ་ཚིགས་ཐོག་སྤེལ་སྐབས་རེའུ་མིག་ཁག་འཆར་མི་ཐུབ་པས་འདིར་འགོད་ཐབས་བྲལ། དེས་ན་འདིའི་དཔྱད་གཞིའི་ཡིག་ཆ་སོགས་རྒྱས་པར་གཟིགས་འདོད་ན། པདྨའི་རང་མདངས་འདོན་ཐེངས་ ༣༧ པ་དངོས་ལ་གཟིགས་རོགས།


[1]  «འཁྲུངས་འདས་རེའུ་མིག་» (p. 17.): s.v. མཁས་པ་ལྡེའུ།

[2]  «ལྡེའུ་ཆོས་འབྱུང་»(A, pp. 126.21–127.12; B, p. 81.11–19): “བཀའ་མའི་གཞུང་གི་རྒྱུད་སྡེ་བཅུ་དྲུག་ཏུ་འདོད་དེ། རྩ་རྒྱུད་ལྔ། ཡན་ལག་གི་རྒྱུད་བདུན། བཤད་པའི་རྒྱུད་བཞིའོ། །དེ་ལ་རྩ་བའི་རྒྱུད་སྡེ་ལྔ་ནི། བཀྲ་ཤིས་མི་འགྱུར་གསལ་བ་གནས་པའི་རྒྱུད། ཡོན་ཏན་རྫོགས་པ་རྣམ་རོལ་པའི་རྒྱུད། ཡུལ་ཀུན་ལ་འཇུག་པ་རྣམ་གཞག་སྟོན་པའི་རྒྱུད། ཐིག་ལེ་རྒྱ་མཚོའི་གནས་ལ་འཇུག་པའི་རྒྱུད། རིན་ཆེན་བཀོད་པ་རྣམ་པར་འབྱེད་པའི་རྒྱུད་དོ། །ཡན་ལག་གི་རྒྱུད་བདུན་ལ། ཀུན་ཏུ་བཟང་པོ་རང་ཉིད་ཆེ་བ་ལྷུན་གྱིས་གྲུབ་པའི་རྒྱུད། རང་བྱུང་ཡེ་ཤེས་རང་ལ་གནས་པའི་རྒྱུད། དཀྱིལ་འཁོར་རྫོགས་པའི་རྒྱུད། གསལ་བ་རང་གྲོལ་གྱི་རྒྱུད། མི་འགྱུར་གནས་པའི་རྒྱུད། བཀོད་པ་རྒྱན་གྱི་རྒྱུད། དོན་གསལ་བ་མཐར་ཕྱིན་པའི་རྒྱུད་དོ། །བཤད་པའི་རྒྱུད་བཞི་ནི། གསང་བ་རྨད་བྱུང་གི་རྒྱུད། ཀུན་བྱེད་རྒྱལ་པོའི་རྒྱུད། དེ་ཁོ་ན་ཉིད་སྟོན་པ་གསང་བ་ཆེན་པོའི་རྒྱུད། ཆུབ་པ་རོལ་པ་ཡེ་ཤེས་སྟོང་གིས་བརྒྱན་པའི་རྒྱུད་དོ།།”

[3]  «འཁྲུངས་འདས་རེའུ་མིག་» (p. 72): s.v. རྡོར་བྲག་རིག་འཛིན་པདྨ་ཕྲིན་ལས།

[4]  «འདུས་མདོའི་བླ་རྣམ་» (Kb, pp. 778.3–4; Kc, p. 531.1–2): “ལྕགས་མོ་བྱའི་ལོ་དབྱར་ར་བ་སྣྲོན་གྱི་ཟླ་བས་འགོ་བརྩམས། དབྱར་འབྲིང་ཆུ་སྟོད་ཀྱིས་ཉ་བའི་དབང་ཕྱོགས་བཟང་པོའི་ཚེས་ལ་”

[5]  «འདུས་མདོའི་བླ་རྣམ་» (Kb, pp. 548.6–549.2; Kc, p. 317.5–6).

[6]  རིང་] em., རིགས་ KbKc

[7]  «འཁྲུངས་འདས་རེའུ་མིག་» (p. 135): s.v. ལོ་ཆེན་དྷརྨ་ཤྲཱི།

[8]  «དཀར་ཆག་བང་མཛོད་» (Kc, p. 144.3–4; B, fols. 71b6–72a1): “སྣ་ཚོགས་དབྱིག་ཅེས་འབོད་པ་ཤིང་མོ་སྦྲུལ་གྱི་ལོའི་གྲོ་བཞིན་གྱི་ཟླ་བའི་དམར་ཕྱོགས་རྒྱལ་བ་དང་པོའི་ཚེས་ལ་”

[9]  «སྨོན་ལམ་ཚིག་མཛོད་»S.V. བཀའ་མ།: “གཏེར་མ་དང་དག་སྣང་མ་ཡིན་པར་བླ་མའི་བཀའ་ནས་བཀར་རིམ་པར་བརྒྱུད་པའི་ཆོས་”ཞེས་འབྱུང་།

[10]  «རག་སྤྲུལ་དཀར་ཆག་» (A, p. 561.4; B, p. 424.4).

[11]  «འཁྲུངས་འདས་རེའུ་མིག་» (p. 119.22): s.v. ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ།

[12]  «ཞེ་ཆེན་ཆོས་འབྱུང་» (A, p. 151.1–2; B, p. 124.4–5).

[13]  «འདུས་མདོའི་བླ་རྣམ་» (Kb, pp. 465.4–468.5; Kc, pp.241.4–244.2).

[14]  «འཁྲུངས་འདས་རེའུ་མིག་» (p. 123): s.v. ཟུར་ཆེན་ཤཱཀྱ་འབྱུང་གནས།

[15]  «དཔྱལ་གྱི་གདུང་རབས་» (p. 118.15–16): “མེ་ཕོ་རྟའི་ལོ་འཕྲུལ་ཆེན་ཟླ་བའི་དཀར་ཕྱོགས་ནས་བརྩམས་ཏེ་ཉའི་བར་ལ་གྲུབ་པར་སྦྱར་བའོ།།”

[16]  «དཔྱལ་གྱི་གདུང་རབས་» (p. 24.7–11).

[17]  ཕུའི་] em., བུའི་ Ed.

[18]  ཕུའི་] em., བུའི་ Ed.

[19]  བཙན་པོ་(www.tsanpo.com)ཞེས་པའི་དྲ་ཚིགས་སུ་འཁོད་པའི་«གསང་ཆེན་སྔ་འགྱུར་བཀའ་མའི་བྱུང་རིམ་ངོ་སྤྲོད་མདོར་བསྡུས་».

[20]  «འཁྲུངས་འདས་རེའུ་མིག་» (p. 155): s.v. ཨོ་རྒྱན་གཏེར་བདག་གླིང་པ།

[21]  «གཏེར་ཆེན་ཕྱི་རྣམ་» (A, p. 190.2–5; B, pp. 206.18–207.1).

[22]  «ཡིད་བཞིན་བང་མཛོད་» (Kc, pp. 96.4–97.1; B, fols. 46b6–47a2): “སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པ་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས། ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར།”

[23]  ཚེ་རིང་རྒྱ་མཚོ་ཉིད་ལ་དངོས་སུ་བཀའ་འདྲི་ཞུས།

[24]  «དཀར་ཆག་མེ་ལོང་» (pp. 681.3–4): “བོད་རབ་བྱུང་བཅུ་བདུན་པའི་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་འགོ་བཙུགས་ནས་བཀའ་མའི་རྩོམ་སྒྲིག་གི་བྱ་བ་མཇུག་བསྒྲིལ་བར་ཉེ་བའི་སྐབས་ཏེ་མེ་ཕག་ཟླ་ཚེས་དགེ་བར་བགྱིས་པ་ལགས།”

[25]  «དཀར་ཆག་མེ་ལོང་» (pp. 513.4–514.7).

[26]  «དཀར་ཆག་བང་མཛོད་» (Kc, pp. 97.4–98.1; B, fol. 47a5–b2): “རང་ལུགས་ལོ་ཆེན་དྷརྨ་ཤྲཱིའི་རྩིས་གཞུང་ཉིན་བྱེད་སྣང་བ་ལྟར་ན། བགྲང་བྱའི་འཁོར་ལོ་ཉིས་སྟོང་དང་བདུན་བརྒྱ་དྲུག་ཅུ་རྩ་དྲུག་འདས་ཤིང་། རྗེ་དེ་ཉིད་ཀྱིས་དགུང་ལོ་བཞི་བཅུ་རྩ་གཅིག་བཞེས་པ་ཀུན་ལྡན་ཞེས་པ་ལྕགས་ཕོ་བྱི་བའི་ལོའི་ཧོར་ཟླ་གསུམ་པ་ཆུ་ཤེལ་དབང་པོའི་དཀྱིལ་འཁོར་དཔལ་ལྡན་ལྷ་མོ་ནག་པས་ཉལ་བའི་དམར་ཕྱོགས་ཀྱི་རྫོགས་པ་དང་པོ། གཟའ་ལྷག་པ། སྐར་མ་སྣྲུབས་aའཕྲོད་སྦྱོར་རྒྱལ་མཚན་སོགས་གཟའ་སྐར་ཕུན་སུམ་ཚོགས་པའི་དུས་ཚེས་དགེ་བ་ལ་བྱ་བ་ལས་ཀྱི་འཁོར་ལོ་ཆེན་པོ་འདི་དབུ་འཛུག་པར་མཛད་པ་ཡིན་ནོ།།” (a སྣྲུབས] B, སྣུབས་ Kc).

[27]  «དཀར་ཆག་མེ་ལོང་» (p. 514.2).

[28]  «བཀའ་མའི་བྱུང་རིམ་» https://www.tsanpo.com/forum/30941.html.

[29]  «དཀར་ཆག་བང་མཛོད་» (Kc, pp. 102.6–103.1; B, fol. 50a2–4).

[30]  «འཁྲུངས་འདས་རེའུ་མིག་» (p. 52): s.v. འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ།

[31] «མེ་ཏོག་ཕྲེང་བ་» (A, p. 526.4; B; p. 66.3): “མི་ཕམ་པས་ཤིང་འབྲུག་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་ལྔ་ལ་རྫོགས་པར་བཀོད་པ་”

[32]  «དཀར་ཆག་མེ་ཕྲེང་» (A, p. 509.5–6; B; p. 53.7–9).

[33]  «རག་སྤྲུལ་དཀར་ཆག་» (A, p. 462.7; B, p. 308.2–3).

[34]  «བཀའ་མའི་བྱུང་རིམ་»  https://www.tsanpo.com/forum/30941.html.; “རྗེ་འདི་ཉིད་དགུང་ལོ་བཞི་བཅུ་རྩ་ལྔ་བཞེས་པ་བོད་རབ་བྱུང་བཅོ་ལྔ་པའི་ཤིང་ཕོ་ཁྱི་སྤྱི་ལོ་ ༨༧༤ [= ༡༨༧༤] ལ་དབུ་འཛུགས་གནང་སྟེ་པོ་ཏི་བཅོ་ལྔ་ཙམ་ཞིག་གྲུབ་ཀྱང་མཛད་པ་འཕྲོ་ཅན་དུ་གྱུར།”

[35]  «རག་སྤྲུལ་དཀར་ཆག་» (A, p. 537.7–538.1; B, 394.4–5).

[36]  འཕྱང་] B, འཕྱོང་ A

[37]  པ་ན་ལེགས་བྱས་རྒྱ་ཆེན་འདི་ཉིད་] A, པའི་ཚེ་ན་ B

[38]  «དཔལ་ཡུལ་གདན་རབས་» རྩོམ་པ་པོའི་ངོ་སྤྲོད་ལས་དྲངས།

[39]  «དཔལ་ཡུལ་གདན་རབས་» (pp. 413.21–414.3): “བོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་རྟ་ཡི་ལོ་སྟེ་སྤྱི་ལོ་ ༢༠༠༢ ལོའི་ཟླ་བ་ལྔ་པའི་ཚེས་བཅུ་དགུའི་ཉིན་ […] མཇུག་ལེགས་པར་གྲུབ་པར་བགྱིས་པ་ཡིན་ནོ།།”

[40]  «དཔལ་ཡུལ་གདན་རབས་» (p. 29.4–7): “དགུང་ལོ་སུམ་ཅུ་པ་བོད་རབ་བྱུང་བཅུ་གཅིག་པའི་ཤིང་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་ ༡༦༣༥ ལོར་དགའ་སྟོན་རྟེན་འབྲེལ་མཛད་སྒོ་དང་སྟབས་བསྟུན་ཏེ་དཔལ་ཡུལ་རྣམ་རྒྱལ་རྩེར་ཕེབས་ཏེ་དགོན་པའི་མཚན་རྣམ་རྒྱལ་བྱང་ཆུབ་གླིང་ཞེས་གསོལ་བར་མཛད།”

[41]  «འཁྲུངས་འདས་རེའུ་མིག་» (p. 81): s.v. དཔལ་ཡུལ་རིག་འཛིན་ཀུན་བཟང་ཤེས་རབ།

[42]  «རག་སྤྲུལ་དཀར་ཆག་» (A, p. 538.7–539.2; B, pp. 395.6–396.1).

[43]  «རག་སྤྲུལ་དཀར་ཆག་» (A, p. 538.3–4; B, p. 395.2).

[44]  མཁན་པོ་འཇམ་དབྱངས་ཀྱི་འབྲེལ་ཡོད་བརྒྱུད་ནས་རག

[45]  «དཀར་ཆག་མཛོད་ཁང་» (Kb, p. 529.1–2; Py, p. 525–2): “རབ་བྱུང་བཅུ་བདུན་པའི་འབྲུ་མང་པོ་ཞེས་པ་ས་ཕོ་སྟག་གི་ལོར་སྨིན་དྲུག་ཟླ་བའི་ཡར་ཚེས་དཀར་ཕྱོགས་ཀྱི་དགའ་བ་དང་པོའི་ཉིན་ལྷ་ཡི་བླ་མ་རྒྱུ་སྐར་ལྷ་མོ་མེ་ཏོག་ཅན་དང་ལྷན་ཅིག་བརྩེ་བས་མེ་རླུང་སྦྱོར་བའི་དུས་ཚེས་དགེ་བར་ཡོངས་སུ་གྲུབ་པར་བགྱིས་པ་”

[46]  «དཀར་ཆག་མཛོད་ཁང་» (Kc, pp. 389.5–390.2; Py, pp. 385.5–386.2).

[47]  «དཀར་ཆག་མེ་ལོང་» (p. 514.2–4).

[48]  «འཁྲུངས་འདས་རེའུ་མིག་» (p. 3): s.v. ཀུན་མཁྱེན་ཀློང་ཆེན་རབ་འབྱམས།

[49]  https://www.tsanpo.com/forum/30941.html.

[50]  «བདུད་འཇོམས་རྣམ་ཐར་» (p. 157.6–9).

[51]  «བདུད་འཇོམས་རྣམ་ཐར་» (p. 158.4–7).

[52]  ཀྱིས་ ] em., ཀྱི་ Ed.

[53]  སྒྲིག་] em., བསྒྲིགས་ Ed.

[54]  ཧྥ་] em., ཕ་ Ed.

[55]  «འཁྲུངས་འདས་རེའུ་མིག་» (p. 16): s.v. མཁན་པོ་མུན་སེལ།

[56]  «དཀར་ཆག་མཛོད་ཁང་» (Kc, pp. 393.1–403.2; Py, pp. 389.1–399.2).

[57]  «དཀར་ཆག་མེ་ལོང་» (pp. 518.4–119.1).

[58]  «དཀར་ཆག་མེ་ལོང་» (pp. 521.5–525.6).

[59]  «པར་བརྐོས་བྱུང་བ་» (pp. 11.5–17.2).

[60]  «པར་བརྐོས་བྱུང་བ་» (p. 15.1–2).

[61]  མཁན་པོའི་འབྲེལ་ཡོད་བརྒྱུད་ནས་རྙེད།

[62]  «དཔལ་ཡུལ་དཀར་ཆག་» (p. 396.5–6): “སྤྱི་ལོ་ ༢༠༠༦ ལོའི་བོད་ཟླ་ ༦ པའི་ཆོས་འཁོར་དུས་ཆེན་ཉིན་དཔལ་ཡུལ་སྔ་འགྱུར་མཐོ་སློབ་ཆེན་མོར་རྫོགས་པར་བྲིས་པ་”

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།