ཁྱད་ཆོས་གསུམ་ལྡན།

ཚུལ་ཁྲིམས་རྒྱ་མཚོ། (སེར་སྨད།)

དགོན་པའི་ནང་ནས་དགེ་རྒན་བཟང་པོ་ཞིག །
ཁུ་སིམ་སིམ་གྱི་རང་ཤག་གྲུ་བཞི་ཞིག །
ཉིན་རེའི་ཟས་ལ་སེམས་ཁྲལ་མེད་པ་ཞིག །
འདི་གསུམ་ཚང་ན་བདེ་སྐྱིད་གསུམ་འཛོམས་ཡིན།།

དབྱར་གྱི་ལྗོན་ཤིང་འདྲ་བའི་ལུས་རྟེན་ཞིག །
ཁུ་བྱུག་སྐད་ལྟར་སྙན་པའི་སྐད་ངག་ཅིག །
དུང་གི་མདོག་དང་མཚུངས་པའི་སེམས་པ་ཞིག །
འདི་གསུམ་ཚང་ན་རྒྱན་ཆ་རང་བྱུང་ཡིན།།

བོད་ཀྱི་དཔེ་མཛོད་འདྲ་བའི་རང་ཤག་ཅིག །
དཔེ་ཀློག་ཟས་ལྟར་སྤྱོད་པའི་གོམས་གཤིས་ཤིག །
རྩོམ་ཡིག་ཉིན་ཐོ་བཞིན་དུ་འབྲི་མཁན་ཞིག །
འདི་གསུམ་ཚང་ན་ཤེས་ཡོན་མདུན་བསུས་ཡིན། །

ཟླ་བའི་མ་མ་འདྲ་བའི་ཐོས་པ་ཞིག །
ཁབ་ཀྱི་རྩེ་དང་མཚུངས་པའི་བློ་གྲོས་ཤིག །
ལྷད་མེད་གསེར་བཟང་ལྟ་བུའི་ཉམས་ལེན་ཞིག །
འདི་གསུམ་ཚང་ན་སྤངས་རྟོགས་རང་གྲུབ་ཡིན།།

དཔག་བསམ་ཤིང་དང་མཚུངས་པའི་ཚུལ་ཁྲིམས་ཤིག །
གཡོ་བྲལ་མར་མེ་ལྟ་བུའི་བསམ་གཏན་ཞིག །
སེལ་བྱེད་མེ་ལྕེ་འདྲ་བའི་ཤེས་རབ་ཅིག །
འདི་གསུམ་ཚང་ན་ཡོན་ཏན་རང་འཕེལ་ཡིན།།

འཆད་ལ་ཡབ་སྲས་གསུམ་ལྟར་མཁས་པ་ཞིག །
རྩོད་ལ་དཔལ་ལྡན་ཆོས་གྲགས་འདྲ་བ་ཞིག །
རྩོམ་ལ་དཎྜི་ལ་ཡང་འགྲན་མཁན་ཞིག །
འདི་གསུམ་ཚང་ན་མཁས་པའི་ཡང་རྩེ་ཡིན།།

གནས་གསུམ་ཀུན་ལ་མཁས་པའི་སྐྱེས་བུ་ཞིག །
སྟོན་པའི་བཅས་པ་མིག་ལྟར་སྲུང་མཁན་ཞིག །
ལྷག་བསམ་ལྷུན་པོ་འདྲ་བ་ལྡན་མཁན་ཞིག །
འདི་གསུམ་ཚང་ན་འགྲོ་བའི་ཉི་མ་ཡིན།།


༢༠༢༠/༨/༢༥

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།