ལོ་རིམ་དྲུག་པའི་སློབ་གཉེར་བ། སྤྲུལ་སྐུ་བསྟན་པ་རྒྱལ་མཚན།
དང་པོ།
དགུན་རླུང་སི་རི་རི་ལྡང་ཞིང་བར་སྣང་ནས་གློག་དམར་ཆེམ་ཆེམ་དུ་འཁྱུག རི་སྤྱང་ཟུག་པའི་ངུ་སྐད་དང་། འབྲས་བུ་མེད་པའི་སྡོང་པོ་སྐམ་པོ་ནས་གྲག་འོང་བའི་འབྱུང་བྱ་འུག་པའི་སྐད། ད་དུང་ནག་ལ་མཐུག་པའི་སྨུག་པ་དེས་གོ་ཆ་ཞིག་དང་མཚུངས་པར་རི་ཡི་ཉ་ག་ནས་འཁྱུད་ཚུལ་དེས་དོ་དགོང་གཡུ་གཞུང་ལུང་པའི་མཐོ་རྒྱུ་དེ་ཙམ་མེད་རུང་རྔམ་བརྗིད་ཆགས་པའི་ཡུལ་ལྷ་མགར་ནག་ལ་དམག་ཏུ་ཆས་པ་འདྲའི་ཉམས་ཤིག་དོད་བཅུག་པའི་ཁར་སུ་ཞིག་ལ་སྡིག་སྡིག་བྱེད་བཞིན་པ་ལྟར་འཇིགས་ཡེ་རེར་འདུག ཐང་བདེ་མོར་སླེབ་དུས་ཨ་ལ་ཐ་ལ། །འགག་དོག་སར་སླེབ་དུས་ཨོ་རྒྱན་པདྨ། །ཞེས་པ་ལྟར་ནམ་རྒྱུན་མགར་ནག་གི་རི་དེ་ནས་ཡར་མར་འགྲོ་སྐབས་གཟབ་གཟབ་བྱས་ཏེ་དཀོན་མཆོག་ལ་གསོལ་འདེབས་བྱེད་ཀྱིན་འགྲོ་དགོས་པ་ལས་གང་བྱུང་འགྲོ་ཚེ་གཟུགས་མེད་ཀྱི་འཚུབ་ལྷོང་བྱུང་སྟེ་ཆེ་ས་ནས་མི་ཤི་གོད་ཆགས་ཀྱང་བྱུང་བའི་ལོ་རྒྱུས་ཡུལ་མི་ཚོའི་ཁ་ན་འདུག ཡིན་ནའང་དོ་དགོང་མགར་ནག་གི་རི་གཤམ་དེ་ན་གུར་ཕུབ་པའི་ནང་ནས་ཌ་དྲིལ་དང་མི་རྐང་གླིང་བུའི་སྒྲ་དྲག་ཏུ་སྦིར་ཞིང་། དྲག་སྔགས་རོལ་མོའི་ཆག་སྒྲ་ཁོབ་སྒྲས་ཡོད་ཚད་ཚ་སོབ་སོབ་ཏུ་གྱུར། “ན་མོ། རིག་འཛིན་རྩ་རྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་།” ཞེས་བླ་མ་གཙོ་བོ་དེས་ཕྱག་རྒྱ་སྣ་ཁ་མི་གཅིག་པ་འགའ་མཛད་ཅིང་མཐའ་ནས་དམར་པོ་ཡིན་པའི་དར་ནག་དེ་གཡུགས་འོང་དུས་ཆེ་ཆེ་ངར་ངར་སུ་ཡིན་རུང་མི་ཁུག་པ་སྲིད་དམ་སྙམ་པ་དང་། རྩམ་པས་བཟོས་པའི་སྤགས་ཀྱི་མི་གཟུགས་དམར་པོ་དེ་ལ་སྤྱན་གཉིས་འབུར་ཚུགས་སུ་བགྲད་དེ། “དགྲ་བགེགས་འབྱུང་པོ་མ་ར་ཡ་ཕཊ῝” ཞེས་ཕུར་པས་གཟིར་ཡོང་དུས་ད་ནི་སུ་ཞིག་ཐར་སྲིད་སྙམ་པའི་སྣང་བ་ཞིག་ལིང་གིས་སྟེར་འོང་།
“ཨ་ཁུ་བླ་མ། ཨ་ཁུ་བླ་མ། མདང་དགོང་ཅི་འདྲ་བྱུང་སོང་།” དེ་ནི་ཡུལ་པས་བླ་མ་ལ་གསོལ་ཇ་འདྲེན་མཁན་ལ་བཞག་པའི་ཇ་འདྲེན་པ་བྱིས་པ་བསམ་གྲུབ་ཀྱི་སྐད་རེད། བསམ་གྲུབ་ནི་བྱིས་པ་ཁ་གསང་པོ་སུ་ཐུག་དང་འགྲོགས་བདེ་ཞིང་དྲི་བ་དགོད་རྒྱུ་ལ་ཧ་ཅང་དགའ་མཁན་ཞིག་ཡིན་པ་མ་ཟད། སྒྲུང་མཉན་རྒྱུ་དང་ལྷག་པར་གདོན་འདྲེའི་སྒྲུང་མཉན་རྒྱུ་རག་ཚེ་ཙོག་གེར་བསྡད་ནས་སྒྲུང་གི་ནང་དོན་ལ་དབྱིངས་ཞུགས་ཏེ་ཆབ་གསང་བྲོ་ཡང་ཚོར་བ་མེད་རེད་ཟེར་ནའང་ཕལ་ཆེར་ལབ་ཆོག་པ་འདྲ་ཞིག་ཡིན། ཁམ་བུ་ལྟར་དམར་བའི་མཁུར་མགོ་དེ་ཡང་རྒྱགས་དྲགས་པས་ལུག་ནས་ཡོད་པས་ཁོ་ལ་བྱམས་པོ་བྱེད་མཁན་ཚོ་ཉེ་སར་ཡོད་ན་འཐེན་ཙམ་བྱེད་ངེས། བླ་མས་ཀྱང་ཁོའི་མཁུར་མགོ་དེ་འཐེན་ཙམ་གནང་ཞིང་འཛུམ་ཙམ་གནང་། བླ་མས་ལམ་སང་ཨ་ལན་མ་གནང་བར་མི་ཐོད་ནང་ལྟེམ་མེར་འཁྱིལ་བའི་གསོལ་ཇ་ལ་ཕུ་ཞགས་བཏབ་ཅིང་ཧུབ་གང་གསོལ་རྗེས། ཆུ་ལ་མ་བཀྲུས་ནས་ཡུན་རིང་ཕྱིན་སྟབས་རྩུབ་ལ་དྲེག་པ་ཆགས་ཀྱང་བྱིན་རླབས་ཆུང་རྒྱུ་རང་མེད་པའི་དབུ་རལ་དེ་གསིག་གསིག་འགའ་མཛད་ནས། “འོ། མདང་དགོང་གདོན་འདྲེ་གཙོ་བོ་ཁོ་རང་འཁོར་དང་བཅས་པ་དམིགས་མེད་ཐལ་བ་བུན་བུན་དུ་བཏང་བཞག་ཡོད། མགར་ནག་གིས་ཀྱང་གྲོགས་དན་དགའ་རབ་བྱས་བྱུང་།” བླ་མའི་ཞལ་རས་ན་ཐུགས་ཡིད་ཚིམས་པའི་བརྡར་འཛུམ་ཆུང་ཞིག་ཀྱང་མངོན་འདུག འགྲམ་དེ་ན་ཡོད་པའི་བསམ་གྲུབ་ཀྱིས་སྒམ་པོར་བསྡད་ཅིང་བླ་མའི་ཞལ་ལ་ཅེར་ནས། “འོ་རེད། ངས་གདོན་འདྲེ་དེའི་བྱུང་བ་ཤེས་འདོད་པས་བླ་མས་ང་ལ་ཞིབ་ཕྲ་ནས་གསུངས་ན་ཅི་འདྲ་རེད།” ཞུས་པས། ཤངས་དང་མཆུའི་དབར་ན་སྐྱེས་པའི་ཨ་ར་དང་། མ་ནེར་ནག་ཤིག་གེར་སྐྱེས་པའི་ཨག་ཚོམ་ཐར་ཐོར་དེ་ལ་བྱིལ་བྱིལ་འགའ་མཛད་ནས། “ཁྱེད་རང་ན་སོ་ཆུང་བའི་རྒྱུ་མཚན་གྱིས་ཅི་ལ་མིན། དེ་མིན་ས་འདི་ན་གནས་འཆའ་བའི་མི་མང་ཆེ་བས་ཧ་གོ་གོ་རེད། དགྲ་རྒྱལ་དཔོན་གྱི་རྣམ་ཤེས་ཞེས་ཐོས་མ་ཐག ཡ་ཆུང་སྙིང་ལ་འཇིགས་སྣང་ཚ་ཤུར་ཤུར་སྐྱེས་འོང་བ་ཞིག་རེད། ཁོས་གྲོད་ཁོག་ལྟོགས་དུས་རྒན་མགོ་དཀར་དང་། གཞོན་སོ་དཀར། ཐ་ན་ཆུང་བྱིས་པ་དང་། སྒོ་ཕྱུགས་སེམས་ཅན་ཡན་ཆད་ཟ་འགྲོ་བ། མཐུ་རྩལ་ཆེ་ལ་འཁོར་མང་བ། དེ་སྔོན་སུས་ཀྱང་གླགས་མི་ཁེལ་བ་ཞིག་རེད།” བླ་མའི་སྐད་ཆ་དེ་བསམ་གྲུབ་ཀྱི་རྣ་ལམ་དུ་ལྷུང་མ་ཐག་ཁོའི་ཡ་ཐོད་ནས་རྔུལ་ནག་རྡོག་པོ་གཅིག་དམར་མདངས་ཆགས་པའི་མཁུར་མགོ་ནས་འགྲིལ་ཏེ་ས་ལ་ཟགས་བྱུང་། ཕྱོགས་མཚུངས་སྣ་ཁུང་ནས་སྣབས་རྟུག་རིང་པོ་གཉིས་དུས་གཅིག་ལ་ཀླད་ཞོ་ལྟར་བཞུར་འོངས་ཀྱང་ཕུ་ཐུང་གིས་འབྱིད་ཙམ་བྱས་ཏེ་ཡ་ང་བག་ཚ་མེད་པའི་ཟོལ་གྱིས་མུ་མཐུད་ནས་ཉན་པར་ཕྱོགས་འདུག
དགྲ་རྒྱལ་དཔོན་ཚང་ནི་གཡུ་གཞུང་ལུང་པའི་ཁྱིམ་ཚང་འབྱོར་ལྡན་རྒྱུ་ནོར་ལོངས་སྤྱོད་ཀྱི་འཁོས་ཀ་ཆེས་བཟང་ཞིང་། ས་ཞིང་དང་། གནག་ཕྱུགས་ཀྱི་འཕེལ་ཁ་མང་བས་སུ་ལའང་འགྲམ་ཆུ་ལྡང་མི་དགོས་ཤིང་། གངས་རིའི་ཁྱོན་ཀུན་ལ་འགྲན་བཟོད་པ་ཞིག་ཡིན། ཡུལ་ལུང་གཞན་པའི་འབྱོར་ལྡན་གྱི་དཔོན་དེ་ཚོས་ཀྱང་དགྲ་རྒྱལ་དཔོན་ཚང་ལ་ཁ་ཞེ་གཉིས་ནས་ཕྲག་དོག་ཡང་ཡང་བྱེད་པའང་ཅི་ལ་མི་བདེན་ཏེ། ཁོང་ཚང་གི་འབྱོར་པ་ལ་གཞན་དག་དང་མི་མཚུངས་པར་ལོ་ངོ་སུམ་བརྒྱའི་སྔོན་ནས་ད་བར་ཉམས་རྒུད་བྱུང་མྱོང་མེད་པར་ནམ་ཡང་གཉའ་མ་ཆག་པར་ལྟག་པ་དགྱེ་དགྱེ་བྱས་ཏེ་དབང་སྒྱུར་བྱ་རྒྱུ་བྱུང་བས་རེད། དགྲ་རྒྱལ་དཔོན་ཚེ་རིང་གཡུལ་རྒྱལ་ནི་ཡུལ་ལུང་གཞན་ནས་འདིར་འོངས་ཤིང་སྐྱེས་ཕོ་རབ་དཔའ་རྩལ་ཆེ་ལ། གཞུང་དྲང་བ་ཀུན་ཀྱི་ཆ་འཇོག་བྱེད་འོས་པ་གཅིག་པུ་དེ་ཡིན་པས། གཡུ་གཞུང་ལུང་པ་སྤྱི་ནས་དེ་གའི་དཔོན་དུ་བཀུར། དང་པོ་འོང་དུས་ཡུལ་གྱར་འཁྱམ་པོ་གོས་ལ་ཡང་པགས་རྩག་ཧྲུལ་པོ་ལྷན་པ་ཅན་ཐེབས་ཆག་གཅིག་ལས་མེད་ཀྱང་དཔོན་དུ་གྱུར་རྗེས་ཡུལ་མི་ནས་མ་བསྐུལ་དང་བླངས་ཐོག་ནོར་ཁྲལ་ལོ་ལྟར་ཕུལ་བ་དང་། དགོན་རྙིང་ཞིག་གི་ཞིག་ཤུལ་ནས་རྒྱུ་དངུལ་ལས་གྲུབ་པའི་གའུ་ཡི་ནང་ན་འོད་རླབས་འཕྲོ་བའི་ནོར་བུ་ཡོད་པ་ཞིག་ལག་སོན་བྱུང་བ་ནས་བཟུང་ཁོ་ལ་ཅི་ཞིག་གིས་མ་འདང་ནས་གཞན་ལ་ཡིད་སྨོན་བྱེད་དགོས་པ་ཞིག་བྱུང་མ་མྱོང་།
ད་ལྟའི་དགྲ་རྒྱལ་དཔོན་དབང་འདུས་རྡོ་རྗེ་ལ་ཐུག་གི་བར་མི་རབས་མང་དག་ཅིག་གིས་བརྒྱུས་ཡོད། ལོ་ལྟར་ཨ་ཆེན་ཐང་ཞེས་པའི་རྩྭ་ཐང་དེར་ལོ་གསར་ཚེས་ལྔའི་ཉིན་ཕྱོགས་གང་ས་ནས་མི་མང་སྤང་ལ་རྩི་ཐོག་བཀྲ་བ་ལྟར་འདུ་འཛོམས་ཐོག་གཡུ་གཞུང་ལུང་པ་ཐེ་བའི་གྲོང་ཚོ་འགའ་ཞིག་གི་ཤ་དར་ཁྲག་དར་གྱི་སྐྱེས་ཕོ་རབ་རྣམས་ཀྱིས་རྟ་རྒྱུག་འགྲན་སྡུར་བྱེད་པ་ཡིན། དགྲ་རྒྱལ་དཔོན་ཚང་ལའང་ཁ་འབྲས་མཚར་བའི་བུ་མོ་དབང་སྒྲོན་ཞེས་པ་དང་། སྟག་ཤར་ངའི་ཡན་ན་མེད་ཟེར་བའི་དགྲ་རྒྱལ་དཔོན་དབང་འདུས་རྡོ་རྗེས་གཙོས་པའི་བུ་གསུམ་ཡོད་དེ། གཅིག་གི་མིང་ལ་ལྷ་རྒྱལ་དང་། གཞན་དེའི་མིང་ལ་དབང་ཆེན་ཟེར། ཁོང་ཚོའི་ཕ་རྒན་དགྲ་རྒྱལ་དཔོན་འཛམ་གླིང་དགྲ་འདུལ་གྲོངས་ཁར་ཁོའི་བཟའ་ཟླ་སྟེ། ཁྱོ་ལ་སྙིང་ཉེ་ཞིང་བུ་ཕྲུག་ལ་སེམས་བྱམས་པའི་དབང་འདུས་རྡོ་རྗེ་སོགས་ཀྱི་མ་རྒན་སྒྲོལ་མ་གཡུ་མཚོ་ལ། “ང་ཤི་བའི་ཤུལ་དུ་ཁྱིམ་འདིའི་ཕ་མེས་ཀྱི་ཕུགས་ནོར་གའུ་བྱིན་ཆེན་དེ་དང་། རྒྱུ་ནོར་ཡོད་ཚད་ཀྱི་བདག་པོ་བུ་རྒན་པ་དབང་འདུས་རྡོ་རྗེ་ཡིན་ལ། མ་ཟད་ངའི་རྗེས་ཀྱི་དགྲ་རྒྱལ་དཔོན་ཡང་ཁོ་རང་ཡིན་པས་ཁྱོད་ཀྱིས་ཀྱང་བུ་ཁོའི་ཅི་ཟེར་ལ་ཉན་དགོས།” ཞེས་ཁ་ཆེམས་བཞག་སྟེ་དབུགས་རིང་ཞིག་ཡར་བརྔུབས་པ་དང་ལྷན་རེ་བའི་མིག་ཟུང་བུ་ལ་ཅེར་ཞིང་ཕྱི་མའི་ལམ་ཁར་བུད། དེ་ནས་བཟུང་མ་རྒན་གཡུ་མཚོས་ཀྱང་དབང་འདུས་རྡོ་རྗེར་དམིགས་སུ་བཀར་ཏེ་བྱམས་སྐྱོང་བྱེད། ཕ་རྒན་གྲོངས་ཁ་མའི་ཁ་ཆེམས་འཇོག་སྟངས་དང་། མ་རྒན་གྱིས་ཕྱོགས་རིས་བྱེད་པ་དེས་བུ་སྤུན་འོག་མ་གཉིས་དང་། བུ་མོའི་སེམས་ལ་ཕྲག་དོག་གི་ཚེར་མ་རྣོན་པོ་རེ་སྐྱེ་རུ་བཅུག་པ་ཡང་ཅི་ལ་མིན། རྟ་རྒྱུག་འགྲན་སྡུར་གྱི་སྟོན་མོ་དེའི་མགྲོན་བརྡ་དགྲ་རྒྱལ་དཔོན་ཚང་ལ་ཉིན་གསུམ་གོང་ནས་བང་ཆེན་ཆེད་གཏོང་གིས་ཕུལ་ཡོད།
སྐུ་མགྲོན་དུ་ཡོང་བས་མི་ཚད་དགྲ་རྒྱལ་དཔོན་ཚང་གི་ཕ་མེས་ནས་རྟ་རྒྱུག་འགྲན་སྡུར་འདིར་ལོ་བབ་ཀྱིས་མི་ནུས་པ་མ་གཏོགས་དགྲ་རྒྱལ་དཔོན་ཤ་དར་ཁྲག་དར་ཡིན་ཚེ་ཨ་ཆེན་ཐང་ཡངས་པོར་ལུས་ལ་གཟབ་མཆོར་སྤྲས་ཤིང་རྟ་འདོ་བ་ཁྲིད་དེ་འགྲན་སྡུར་ལ་དངོས་སུ་མཉམ་ཞུགས་བྱེད་པ་ཡིན། འགྲམ་གྱི་རྩེ་མོ་དགུང་ལ་ཟུག་འདྲའི་ཕ་མེས་ཀྱི་བླ་ཤིང་ཤུག་སྡོང་དེའི་གསེང་དང་གསེང་ནས་ཉི་རྡུལ་སིབ་སིབ་ཀྱིས་འཕྲོས་ཤིང་སྒེའུ་ཁུང་བརྒྱུད་ནས་ཁང་པའི་སྦུག་ལ་འཛུལ། དུས་ཚོད་ལ་བལྟས་པས་འགྲན་སྡུར་ལ་འགྲོ་རན་འདུག ཞབས་ཞུ་བས་ཀྱང་རྒྱུག་རྩལ་ལ་འགྲན་ཟླ་བྲལ་བའི་འདོ་བ་བསམ་འཕེལ་དོན་གྲུབ་ཁྲིད་དེ་ཕྱི་ལོགས་ནས་ངང་སྒུག་བྱས་ནས་འདུག
གཉིས་པ།
དགྲ་རྒྱལ་དཔོན་དབང་འདུས་རྡོ་རྗེས་གཟབ་མཆོར་སྤྲས་ཤིང་འདོ་བ་བསམ་འཕེལ་དོན་གྲུབ་ལ་བཞོན་ཏེ་ཞབས་ཞུ་བས་སྔུན་ནས་བསུ་བཞིན་ཨ་ཆེན་ཐང་ལ་སླེབས། ཡངས་པའི་ལྷ་ལམ་ན་རྒྱུ་སྐར་གྱི་ཚོགས་ཐང་མར་བརྡལ་བ་ལྟར་ཁྲ་རུག་གེར་ཚོགས་པའི་དེར་ཡོད་ཀྱི་མང་ཚོགས་ནས་དགའ་བསུ་མཚོན་པའི་བརྡར་ལག་པ་བརྡབས་ཤིང་། ཕྱུ་པའི་ཕུ་ཐུང་གཡས་མ་ས་ལ་དྲུད་པའི་མི་ཞིག་དགྲ་རྒྱལ་དཔོན་གྱི་མདུན་དུ་འོངས་ཏེ་ཁ་བཏགས་དཀར་པོ་ཞིག་ཕུལ་ནས། “ཕེབས་པར་དགའ་བསུ་ཞུ།” ཞེས་སྣེ་ལེན་དང་བཅས་ཨ་ཆེན་ཐང་གི་ཟུར་ཁར་ཡོད་པའི་གནད་ཡོད་སྐུ་མགྲོན་གྱི་བཞུགས་སྟེགས་བར་ཕེབས་སྐྱེལ་དང་། དེར་ཡོད་ཡུལ་ལུང་གཞན་གྱི་དཔོན་རྣམས་ལ་རིམ་བཞིན་ངོ་སྤྲོད་བྱས། ཡུལ་ལུང་གཞན་གྱི་དཔོན་པོ་ཚོས་དགྲ་རྒྱལ་དཔོན་ཚང་གི་འབྱོར་པའི་སྐོར་གྱི་གྲགས་པ་སྔ་ས་ནས་ལན་མང་གོ་མྱོང་ཡོད་པས་ཁོ་པ་ཚོ་ཕྲག་དོག་གིས་མནར་ནས་ཡོད་པ་སྨོས་ཅི་དགོས། སྲོལ་རྒྱུན་གྱི་གོས་ལྭ་གོན་ཅིང་གཙང་ལ་ཁ་འབྲས་ལེགས་པའི་ན་ཆུང་མ་འགས་སྐུ་མགྲོན་ཚོའི་མདུན་ཅོག་སྟེང་ཆང་དང་སྡེར་ཁ་སྒྲིག་འགོ་བརྩམས་བྱུང་། དགྲ་རྒྱལ་དཔོན་གྱི་འགྲམ་དུ་སླེབས་པ་དང་དེ་དག་གི་ཁྲོད་ནས་ན་ཆུང་མ་ཆེས་མཛེས་མ་དེས་ལག་ནས་དཀར་ཡོལ་འབྲུག་རིས་མའི་ནང་གི་ཆང་ཨེན་ཙམ་ཞིག་དགྲ་རྒྱལ་དཔོན་གྱི་པང་ཁར་བཤོལ་ཤོར། ན་ཆུང་མ་སྐྲག་སྟེ་དཀར་ཞིང་འཇམ་ལ་མཛུབ་རྩེ་རིང་བའི་ལག་པ་དེ་བསྲིངས་ཏེ་འབྱིད་རྩིས་བྱེད་དུས། དགྲ་རྒྱལ་དཔོན་གྱིས་མོའི་མཁྲིག་མ་ནས་འཇུས་ཏེ་ཕན་ཚུན་ཡུད་ཙམ་རིང་མིག་གཉིས་འབྱེད་འཛུམ་མེད་པར་བལྟས་ནས་འདུག དེ་ནི་ཁོ་གཉིས་དབར་བརྩེ་དུང་ཆགས་པ་ཅི་ལ་མིན། “ཁྱོད་ཀྱི་མིང་ལ་ཅི་ཟེར་བ་ཡིན།” དགྲ་རྒྱལ་དཔོན་གྱིས་གདོང་ནས་དགའ་འཛུམ་ཞིག་ཕྱུང་ཞིང་ཐད་ཀར་དྲིས་པས། “ངའི་མིང་ལ་པདྨ་མཚོ་ཟེར།” ལན་དེ་ལྟར་བཏབ་ལོང་མེད་པར་དེ་མ་ཐག་ཏུ་རོགས་ན་ཆུང་མ་གཞན་ཚོས་མོ་ལ་འགྲོ་དགོས་པའི་བརྡ་བཏང་བ་དང་འབྲལ་མི་ཕོད་པའི་རྣམ་འགྱུར་ཞིག་གདོང་ན་དོད་འདུག་ཀྱང་གོམ་ཟུང་གཞན་དུ་མ་ཕྱོགས་ཀ་མེད་གྱུར།
པདྨ་མཚོ་ནི་ཤོག་ལྔ་ལུང་པའི་ཐང་བཟའ་ཚང་གི་བུ་མོ་ཆུང་ཤོས་དེ་ཡིན་ཞིང་། ཁ་འབྲས་ཀུན་སྤྱོད་ལེགས་པ་ལ་དེ་སྔོན་ན་གཞོན་དཔོན་ཁག་དུ་མས་མནའ་མར་བསུས་ཀྱང་རང་དང་ལས་འབྲེལ་ཡོད་པའི་ཚེ་རོགས་གཅིག་ཀྱང་མ་བྱུང་སྟབས་མོས་ཁས་ལེན་གཏན་ནས་བྱས་མེད་པར་ད་བར་རང་དང་ལས་འབྲེལ་ཡོད་པའི་དགྲ་རྒྱལ་དཔོན་ལ་ངང་སྒུག་བྱེད་བཞིན་པ་ལྟར་འདས་པའི་དུས་ཚོད་མོ་ཧྲེངས་སུ་བསྡད་ནས་བསྐྱལ་བ་རེད། དེ་མུར་དགྲ་རྒྱལ་དཔོན་གྱི་སེམས་ནང་འཁོར་བྱུང་བ་ནི། ངའི་ཚེ་རོགས་སམ་བཟའ་ཟླར་འོས་པ་ནི་པདྨ་མཚོ་འདི་རང་ཡིན་འདུག་པས། ཅི་སྟེ་གཉེན་སྒྲིག་བྱེད་ན་མོ་ལས་མེད་ཟེར་བ་དེ་རེད། ཤུད་པ་སིར་སིར་ཞིག་བཏབ་བྱུང་བ་དང་ཐེངས་འདིའི་རྟ་རྒྱུག་པ་ཚོས་རྟ་འདོ་བ་རེ་ཁྲིད་ནས་ཨ་ཆེན་ཐང་ལ་ཤ་ར་ར་འཛོམས་བྱུང་།
དགྲ་རྒྱལ་དཔོན་འགྲན་སྡུར་ལ་སོང་ཤུལ་དུ་གཡག་སྟག་ལུང་པའི་གཡག་སྟག་དཔོན་ཞེས་པ་དེས་དགྲ་རྒྱལ་དཔོན་ཚང་ལ་འབྱོར་པ་སྒྲུན་དུ་མེད་པ་ཞིག་ཡོད་པ་དེ་ཕུགས་ནོར་གའུ་བྱིན་ཆེན་དེས་བྱས་པ་ཡིན་པ་རྟོགས་ཡོད་པས། ཁོའི་སེམས་སུ་ད་རེས་གའུ་དེ་ངས་མ་ལོན་ཐབས་མེད་ཡིན། གལ་ཏེ་མ་ལོན་ན་ང་གཡག་སྟག་དཔོན་མགོ་གྲི་འདིས་ཆོད་ཅེས་མནའ་བོར་ཏེ་རལ་གྲི་ཤུབས་ནང་བཅུག་ཅིང་རྐེད་པར་བཏགས། མེ་མདའ་བོང་ཆུང་ཞིག་ཀྱང་ཨམ་ཕྲག་ནང་བླུག རྟ་ནག་པོ་ཞིག་ལ་བཞོན་ཏེ་དགྲ་རྒྱལ་དཔོན་གྱི་ཁྱིམ་ཚང་ཡོད་སར་ཁ་གཏད་དེ་སོང་།
མ་རྒན་གཡུ་མཚོས་ཁྱིམ་ལས་ཙག་ཙིག་རྣམས་ལས་གྲུབ་རྗེས་མཆོད་ཁང་ནང་རྟེན་གསུམ་དང་། གའུ་བྱིན་ཆེན་དེའི་མདུན་དུ་སྤོས་དང་མར་མེ་ཕུལ། རྒྱ་ལྕོག་སྟེང་ཇ་ཕོར་པ་གང་བཞག་ཅིང་རང་ཉིད་མདུན་དུ་གདན་ཁོག་རྒྱ་གྲམ་གྱི་རི་མོ་ཅན་བཏིང་བའི་སྒང་ལ་ལག་གཡས་པས་མ་ཎི་འཁོར་ལོ་ཙིར་སྒྲ་དང་བཅས་བསྐོར་ཞིང་། ལག་གཡོན་པས་མུ་ཏིག་ལས་བཟོས་པའི་ཕྲེང་བ་དངུལ་གྱི་དཀྱུས་རྫབ་རྐང་གཉིས་ཅན་ཞིག་བཟུང་སྟེ་མཐེ་བོང་དང་། མཛུབ་རྩེའི་བར་ན་འཕུར་གྱིན་ཁ་ནས་འདོན་པ་རྒྱུན་མི་ཆད་པར་འདོན་བཞིན་པ་སྟེ། དེ་ནི་རབ་བྱུང་ན་རང་གི་བུ་རྩེད་འགྲན་ནས་རྩེ་ཕུད་ལ་སོན་ཞིང་དགྲ་རྒྱལ་དཔོན་ཚང་གི་སྙན་པ་ཆེས་ཆེར་རྒྱས་པ་དང་། དེ་ལྟར་མ་བྱུང་ནའང་དགྲ་རྒྱལ་དཔོན་ཚང་གི་མིང་ཤས་མི་འགྲོ་བ་ཞིག་བྱུང་ན་སྙམ་པས་ལོས་ཡིན། དེ་རིང་ནི་ནམ་རྒྱུན་དང་མི་འདྲ་བར་གློ་བུར་དུ་སྤྲིན་ནག་འཐིབས་ཤིང་། མ་རྒན་གཡུ་མཚོས་རང་གིས་བཏུང་རྒྱུར་བཞག་པའི་ཇ་ཕོར་པ་གང་དེ་ཡང་རྒྱ་ལྕོག་སྟེང་ནས་རང་འགུལ་གྱིས་ས་ལ་བརྡབས་ཏེ་ཆག་གྲུམ་ཤོར། བོད་པ་རྣམས་རྟགས་དང་མཚན་མ་བརྩི་རྒྱུའི་སྲོལ་ཞིག་ཡོད་པ་ལྟར་མ་རྒན་གཡུ་མཚོས་ཕོར་པ་རང་འགུལ་གྱིས་བརྡབས་ཤོར་བ་དེར་དོགས་མི་བདེ་བའི་ངང་དབུགས་རིང་ཞིག་ཕྱུང་སྟེ། “དཀོན་མཆོག་མཁྱེན། དེ་རིང་ཅི་འོང་རྒྱུ་ཡིན་ན། ཡག་མོ་ཞིག་མ་རེད་ཨ།” ཞེས་ཡར་རྒྱུག་མར་རྒྱུག་གིས་ཁང་ཐོག་ལ་འཛེགས་ཏེ་བར་ཆད་བཟློག་པའི་ཐབས་སུ་སླ་ང་རྡུང་བཞིན་འདུག
གཡག་སྟག་དཔོན་རྟ་ལས་བབས་ཏེ་ཕར་ལྟ་ཚུར་ལྟ་འགའ་བྱས་པ་ན་དགྲ་རྒྱལ་དཔོན་གྱི་སྤུན་གཉིས་དང་སྲིང་མོ་བཅས་མི་གསུམ་སྒོ་ཕྱིར་ཉི་མ་ལྡེས་ནས་འདུག་པ་མཐོང་། ཉི་མར་ལྡེ་རྒྱུ་ནི་ཁོང་ཚོར་གོམས་ལོབས་སུ་སོང་བ་ཞིག་སྟེ། ཁྱིམ་གྱི་ལས་ཀ་ཆེ་ཆུང་ཚང་མ་ཞབས་ཞུ་པས་ལས་འགྲོ་བས་ཁོང་ཚོར་དམིགས་བསལ་ལས་ཀ་མེད་པར་བརྟེན། ཤོ་སྦག་རྒྱན་འཇོག་སོགས་རྩེད་མོའི་རིགས་བརྩེ་རྒྱུ་དང་། ཉི་མ་ལྡེ་རྒྱུ་ནི་ཁོང་ཚོར་གོམས་ལོབས་སུ་གྱུར་པའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ནས་ཡོད། དེ་རིང་ནི་སྤུན་རྒན་པ་དང་ལྷན་ཞབས་ཞུ་བ་ཡོད་ཚད་རྟ་རྒྱུག་སྟོན་མོ་ལ་ཕྱིན་ཏེ་ཁྱིམ་ན་མ་རྒན་དང་ཁོང་གསུམ་ལས་མེད། གཡག་སྟག་དཔོན་གྱིས་ཐ་མག་རྐང་གཅིག་ལ་མེ་བསྒོས་ཤིང་ཁར་བཅུག་སྟེ་ཁོང་ཚོའི་གམ་དུ་ཕྱིན་ཏེ་མགོ་ནས་མཇུག་བར་ཐེངས་གཅིག་ཞིབ་ཏུ་བལྟས་རྗེས། “ཁྱེད་ཚོ་དགྲ་རྒྱལ་དཔོན་ཚང་ནས་ཡིན་ནམ།” “ཡིན།” “འོ་ན་ཁྱེད་ཚོའི་ཁྱིམ་ན་གའུ་ཁྱད་པར་བ་ཞིག་ཡོད་འདུག་ན་དེ་ང་ལ་དགོས་པས་གང་དུ་བཞག་ཡོད་རེད།” “ཧུན། ཧམ་པ་ལ། ཁྱོད་ལ་ཇུས་གཏོགས་ཅི།” ལང་ཚོ་ཁ་འབྲས་ལེགས་པའི་དགྲ་རྒྱལ་དཔོན་གྱི་སྲིང་མོ་དབང་སྒྲོན་གྱིས་དེ་ལྟར་བཤད་པར། “ཨ་…..” ཞེས་དབང་སྒྲོན་གྱི་སྐྲ་ནས་འཇུས་ཏེ་འགྲམ་ལྕག་ཚ་ཐག་ཆོད་གཅིག་གཞུས་ཏེ་གདོང་ལ་དུ་བའི་ཕུ་བཏབ། བུ་སྤུན་གཞན་གཉིས་ལ་མེ་མདའ་ཚད་དེ་“ཁྱིམ་གྱི་གའུ་དེ་ངའི་ལག་ཏུ་མི་འཇོག་ན་ལྟད་མོ་ལྟོས་”ཞེས་ས་གཞི་ལ་མེ་མདའ་འགའ་བརྒྱབ་པས་ཁོང་ཚོ་ཞེད་ཐག་ཆོད་དེ་ངོ་གདོང་དམར་ལམ་ལམ་དུ་གྱུར་འདུག དང་པོ་གའུ་དེ་ངའི་ལག་ལ་ལོན་དུ་ཆུགས། དེ་ནས་དགྲ་རྒྱལ་དཔོན་ཁོ་ངས་རྩ་མེད་གཏོང་གི་ཡིན། ད་གཟོད་ང་བས་འབྱོར་ལྡན་ཞིག་དང་། རྟུལ་ཕོད་ཅན་གྱི་དཔོན་ཞིག་སུ་གཅིག་ཀྱང་མེད་ངེས་རེད། ངོ་གདོང་ན་འདོད་རྔམ་དང་ཁྲོ་གཉེར་ཚ་ཧོབ་ཧོབ་གཅིག་བསྡུས་ནས་ཁོང་ཚོར་སྡང་མིག་ཅིག་བགྲད་འདུག “རེད། ངོ་མ་བྱས་ན་ཕ་མས་གཅེན་པོ་དང་ང་ཚོའི་དབར་ལ་ཕྱོགས་རིས་ཆེན་པོ་བྱས་སོང་བ་དེ་ནས་བཟུང་ང་ཚོས་ཀྱང་གཅེན་པོ་ལ་ཞེ་ནས་མི་དགའ་བ་མ་ཟད། ཁྱེད་རང་ཡང་ཁོར་མི་དགའ་མཁན་རེད་འདུག་ན་ང་ཚོའི་ལྟ་བ་གཅིག་པ་རེད། དེས་ན་ང་ཚོ་བློ་མཐུན་ཡིན།” ལྷ་རྒྱལ་གྱིས་དེ་ལྟར་བཤད་ཅིང་གཡག་སྟག་དཔོན་ལ་ལག་པ་བཏང་སྟེ་གཅེན་པོར་ངོ་ལོག་པ་དང་། དབང་ཆེན་དང་དབང་སྒྲོན་གྱིས་ཀྱང་“དེ་ག་རང་རེད་”ཅེས་ཕྱོགས་བྱས་ནས་ལབ་བྱུང་། ཕྲག་དོག་གི་ནད་ངན་རྙིང་པ་ཆགས་ཚར་དུས་ཕ་གཅིག་མ་གཅིག་གི་སྤུན་མཆེད་ལ་ཡང་དགྲ་ཡི་དྭངས་མར་བརྩིས་ཤིང་ཆེ་ས་ནས་སྲོག་ལ་རྒོལ་བ་ལ་ཡང་ཉམ་ང་མེད་པར་དགའ་འབོད་སྒྲོག་མཁན་ཡིན་པ་ནི་ཁོང་ཚོའི་སྤྱོད་པ་ལས་ཀྱང་ཤེས་ཐུབ་པ་མིན་ནམ། གློ་བུར་དུ་སྒོ་“ཁྲོག་ཁྲོག་”བརྡུངས་བྱུང་། བུ་དགྲ་རྒྱལ་དཔོན་ནམ་ལོག་ལ་ངང་སྒུག་བྱེད་བཞིན་པའི་མ་རྒན་གཡུ་མཚོའི་སེམས་སུ་བུ་དགྲ་རྒྱལ་དཔོན་སླེབས་འདུག་སྙམ་སྟེ། “བུ། ཨ་མ་ཡོང་གིན་ཡོད། ཡོང་གིན་ཡོད།” ཅེས་ཁ་ཡག་བརྗོད་ཞོར་སྒོ་ཕྱེ་བ་དང་། དེ་ནི་དགྲ་རྒྱལ་དཔོན་མིན་པར་རང་གི་ཤ་ལས་མཆེད་པ་སྟེ། དགྲ་རྒྱལ་དཔོན་གྱི་སྤུན་གཉིས་དང་སྲིང་མོ་བཅས་ནང་དུ་ཤ་ར་ར་འཛུལ་ཏེ་ཐད་ཀར་མཆོད་ཁང་གི་གའུ་འཇོག་ས་དེར་སོང་། ཁོང་ཚོ་སོང་ཤུལ་དུ་མ་རྒན་གཡུ་མཚོའི་མདུན་དེར་ཀྲོང་ངེར་ལངས་འདུག་པ་དེ་ནི། མགོ་ལ་སྐྲ་གཞུག་བརྒྱབ་ཅིང་ཕྱུ་པའི་ཕུ་ཐུང་གཡས་མ་ས་ལ་དྲུད། རྐེད་པར་གྲི་རིང་ཞིག་བཏགས་ཤིང་། ལག་པར་མེ་མདའ་བོང་ཆུང་ཞིག་ཁུར་ཡོད་པའི་གཡག་སྟག་དཔོན་རེད། “ཁྱོད་སུ་ཡིན་སྨྲས་པས།” “ང་ཨེ།”
ཅ་ལག་བཤིག་བྱུང་བའི་ཚག་སྒྲ་གོ་བ་དང་མ་རྒན་གཡུ་མཚོས་གཡག་སྟག་དཔོན་ལ་རྒྱབ་ཀྱིས་ཕྱོགས་ནས་རྒྱུགས་མ་འདུར་གྱིས་མཆོད་ཁང་ནང་འཛུལ་ནས་བལྟས་པས། རང་གི་བུ་ཕྲུག་ཚོས་མཆོད་གཤོམ་བཤིག་སྟེ་ཕུག་དེ་བར་བཞག་ཡོད་པའི་གའུ་བྱིན་ཆེན་དེ་འཁུར་རྩིས་བྱེད་བཞིན་འདུག ཁྱིམ་འཛིན་མ་རྒན་ཞིག་གི་ངོས་ནས་རང་གི་བུ་ཕྲུག་ཚོས་རང་ཁྱིམ་ནས་ཕ་མེས་ཀྱི་གཅེས་ནོར་རྩ་ཆེན་ཞིག་རྒྱུས་ཁྱོན་ནས་ཡོད་མ་མྱོང་བའི་མི་ཞིག་གི་ལག་པ་ལ་སྤྲོད་རྩིས་བྱེད་བཞིན་པ་མཐོང་བ་འདི་བཟོད་ཐབས་བྲལ་བ་ཅི་ལ་མིན་ཏེ། མ་རྒན་གཡུ་མཚོས་ཁོང་ཚོར་ཇི་ཙམ་བཀག་ཀྱང་ཉན་འཇོག་མི་བྱེད་པར་ཚུར་ལ། “རྒན་མོ་ཁྱོད། ཁ་ཚུམས།” ཞེས་ཁ་ངན་རྗོད་པར་བྱེད། མ་རྒན་གཡུ་མཚོས་སྐད་ཅོར་བརྒྱབ་ནས་འབོད་སྒྲ་འབྱིན་ཡང་ཁྱིམ་མཚེས་གྲོང་མི་ཐམས་ཅད་རྟ་རྒྱུག་འགྲན་སྡུར་གྱི་སྟོན་མོར་སོང་སྟེ་འགྲམ་ནས་རོགས་ལ་སླེབ་མཁན་སུ་གཅིག་ཀྱང་མི་འདུག་པས་འུ་ཐུག་ལ་གྱར། མེ་མདའ་བོང་ཆུང་ལས་མདེའུ་འཕངས་པའི་སྒྲ་རྣ་ལ་གཟན་པ་ཞིག་གྲག་བྱུང་བ་དང་། ཁང་པའི་ཕྱི་ལོགས་ཀྱི་ཤུག་སྡོང་སྟེང་དུ་བབས་ཡོད་པའི་བྱིའུ་ཁྱུ་ཞིག་གཤོག་པ་ལྷབ་ལྷབ་བརྡབས་ཤིང་འཕུར། ཐག་པས་བཏགས་ནས་ཡོད་པའི་ཁྱི་རྒན་རྒྱ་བོ་ཡང་ཟུག་ནས་ཤོར་ལ་ཁད་དུ་བྱེད། བལྟས་བལྟས་རིག་རིག་ལ་མཆོད་ཁང་གི་ཞལ་བའི་སྒང་ལ་དཔྲལ་བ་ནས་ཁྲག་དམར་ཉིལ་ལེར་དོན་ཞིང་། ལྕེ་ལེ་མཆུ་ནས་ཕྱིར་བསྣར་ཞིང་མ་རྒན་གཡུ་མཚོ་མི་ཡུལ་དང་ཁ་བྲལ་ཚར།
གསུམ་པ།
ནུབ་རིའི་ཕྲག་ནས་རྟ་བདུན་དབང་པོ་བཞུད་ལ་ཉེ་ཞིང་། རི་ཁ་ནས་སྒོ་ཟོག་རྣམས་རྫི་བོས་དེད་ནས་ཁྱིམ་གྱི་ཟོག་ཁང་ནང་ལ་འདུས་བྱུང་། ད་ཆ་ཨ་ཆེན་ཐང་ཡངས་པོར་འཚོགས་པའི་རྟ་རྒྱུག་འགྲན་སྡུར་དེ་ཡང་ཡོངས་སུ་གྲུབ་ཅིང་། གཡས་གཡོན་དང་མདུན་རྒྱབ་ནས་ཀི་བསྭོའི་ཆོ་སྒྲ་དི་རི་རིའི་ངང་ནས་རོགས་ཚོ་དང་ལྷན་དགྲ་རྒྱལ་དཔོན་རྟ་རྒྱུག་འགྲན་སྡུར་གྱི་ཨང་དང་པོའི་བྱ་དགའ་གསེར་གྱི་བུམ་པ་དེ་ཁུར་ནས་ཁྱིམ་ལ་སླེབས། ཁོའི་སེམས་སུ་མ་རྒན་ལ་འགྲན་སྡུར་ཨང་དང་པོར་སོན་པའི་གཏམ་བཟང་དང་། མ་ཟད་རང་གི་ཚེ་རོགས་རྙེད་པའི་གཏམ་བཟང་སྟེ། གཏམ་བཟང་གཉིས་ཀྱིས་མ་རྒན་དགའ་རུ་འཇུག་དགོས་སྙམ་ཡོད། ཕ་རྒན་འཛམ་གླིང་དགྲ་འདུལ་གྲོངས་ཤུལ་དུ་ཁོའི་སེམས་པ་ཁེན་ས་དང་། དཀའ་ངལ་ཅི་ཞིག་ལ་འཕྲད་དུས་སེམས་ཤུགས་སྤར་མཁན་ནི་མ་ལོ་དྲིན་ཆེན་གཡུ་མཚོ་ལས་གཞན་སུ་ཞིག་མཆིས། སྐབས་དེར་ཁོས་དགའ་ཚོར་ཆེན་པོ་ཞིག་གི་ངང་ནས། “ཨ་མ།” ཞེས་ལན་འགའ་བོས་ཀྱང་མཆོད་ཁང་གི་སྒོ་ཁ་ནས་བྱི་ལ་ནག་པོ་ཞིག་ཁ་དམར་འཛར་རེར་མར་དོན་བྱུང་བ་ལས་ཨ་མའི་ཨ་ལན་མི་འདུག རྟབ་རྟབ་པོར་གྱུར་པའི་དགྲ་རྒྱལ་དཔོན་གྱིས་ལག་ན་ཁུར་ཡོད་པའི་བུམ་པ་དེ་མདུན་ལྕོག་སྟེང་བཞག་སྟེ་མཆོད་ཁང་ནང་འཛུལ། ཁོའི་རྐང་པ་ཅི་ཞིག་ལ་ཐོགས་སོང་བས་མར་ལྟ་དུས་ཁྲག་གིས་སྦགས་པའི་རང་གི་མ་རྒན་གྱི་ཕུང་པོ་གན་རྐྱལ་ལོག་ནས་འདུག་པ་དེ་མཐོང་།
“ཨ་མ་…..” ཞེས་མ་ཤི་བའི་སེམས་སྡུག་གིས་བྱིས་པ་ཞིག་ལྟར་ཁོ་རང་ཤུགས་ཀྱིས་ངུས་བྱུང་། “དེ་རིང་ང་སོང་མེད་ན་ཁྱེད་ཀྱི་གནས་སྟངས་འདི་འདྲར་གྱུར་མེད།” ཅེས་ཕུང་པོའི་འགྲམ་ན་པུས་མོ་བཙུགས་ཏེ་ངུ་ཤུམ་གྱིས་ཆིག་ལབ་བརྒྱབ། མཆི་མས་བརླན་པའི་མིག་ཟུང་ཡར་ལ་བལྟས་པས་མཆོད་གཤོམ་གཏོར་ཤུལ་དུ་གའུ་བྱིན་ཆེན་དེ་ཡང་རང་ས་ན་མེད། མ་ཟད་ཕུང་པོའི་དཔྲལ་བ་ན་མེ་མདའ་བོང་ཆུང་ཞིག་གི་མདེའུའི་ཚད་ཙམ་གྱི་ཨི་ཁུང་བཟོས་ཡོད་པ་མཐོང་བས་མིས་བསད་པ་ཡིན་པ་ཤེས་པས། ཧར་གྱིས་ཡར་ལངས་ཏེ་རྐེད་པར་བཏགས་པའི་གྲི་རིང་དེ་ཤུབས་ནས་ཕྱུང་ཞིང་། མེ་མདའ་བོང་ཆུང་གནམ་ལ་བསྟན་ཏེ་མ་རྒན་གྱི་ཕུང་པོར། “ཕ་མེས་ཀྱི་གཅེས་ནོར་གའུ་དེ་དང་། མ་རྒན་ཁྱེད་ཀྱི་ལག་དམར་རྣམས་སྒྲོལ་མ་ནུས་ན་ང་ཤི་ཡང་མིག་མི་ཚུམས།” ཞེས་མནའ་བོར་ཏེ་ལག་དམར་སྒྲོལ་དུ་འགྲོ་རྩིས་བྱེད། ཁོས་དེ་སྔོན་ཡང་གའུ་དེ་འཕྲོག་པ་དང་། མ་རྒན་ལ་སུ་ཞིག་གིས་གནོད་པ་བྱས་ཚེ་མཐོ་མཐེ་བོང་གང་ཡང་མི་འཇོག་ཐག་ཆོད་ཡིན་ཞེས་རང་གི་ཕ་རྒན་འཛམ་གླིང་དགྲ་འདུལ་གྲོངས་ཁ་མའི་མདུན་ནས་ཁས་ལེན་བྱས་ཡོད། རླུང་འཚུབ་ཅིག་ལྡང་བྱུང་བས་སྐྲ་གཞུག་བརྒྱབ་ཡོད་པའི་ཁོའི་སྐྲ་ཡི་ལན་བུ་འགའ་གདོང་ན་ནར་རེ་མར་འཛར་བྱུང་། རོགས་ཕོ་རྒོད་འགའ་ཁྲིད་ནས་ཕར་ནང་གི་སྒོ་དེ་ནས་ཐོན་དུས། ཞལ་བའི་སྒང་ལ་ཁྲག་གིས་སྦགས་པའི་ལྷམ་རྗེས་མི་འདྲ་བ་འགའ་གསལ་པོར་དོད་འདུག དེ་དག་ལས་ཆ་གཅིག་དེ་མ་གཏོགས་གཞན་དག་གསལ་པོར་རྟོགས་སོང་སྟེ། དེ་ནི་ཁོས་སྐབས་གཅིག་ལ་སྤུན་མཆེད་ཚོར་ཉོས་ནས་བྱིན་པའི་ལྷམ་གོག་དེ་ཚོའི་རྗེས་དག་དག་རེད། སྤུན་མཆེད་ཚོས་དེ་སྔོན་ནས་ཁོ་དང་ཨ་མར་མངོན་གསལ་དོད་པོར་མི་དགའ་བར་བྱེད་པ་དང་། ད་ཐེངས་ཁྲག་གིས་སྦགས་པའི་ཁོང་ཚོའི་ལྷམ་རྗེས་དག་མཐོང་དུས་ལག་དམར་ངོ་མ་སུ་ཡིན་ཐག་མ་ཆོད་ཀྱང་ཁོང་ཚོས་ཁྱི་སྤྱང་ངན་འབྲེལ་བྱས་ཡོད་པ་ཁོ་ཐག་ཆོད། “ཕྱི་ལོགས་ན་རྟ་ནག་པོ་ཞིག་བཏགས་བཞག་འདུག ང་ཚོའི་ནི་མིན་ཚོད་རེད།” མི་ཞིག་མདུན་དུ་སླེབས་ཏེ་དེ་ལྟར་ལབ་བྱུང་། དགྲ་རྒྱལ་དཔོན་མྱུར་མོར་ཕྱིར་ཐོན་ནས་བལྟས་པས། སྒ་སྲབ་སྤྲས་པའི་རྟ་ནག་པོ་ཞིག་རང་ལ་བཞོན་མཁན་དེར་སྒུག་བཞིན་པ་ལྟར་ལངས་ནས་འདུག
དགྲ་རྒྱལ་དཔོན་གྱི་སེམས་ནང་གསལ་པོར་དྲན་འོང་བ་ནི། རྟ་དེ་ནི་ད་གིན་འགྲན་སྡུར་སྟོན་མོའི་སྐབས་སྐུ་མགྲོན་ཚོའི་བཞུགས་གྲལ་ནས་ཐུག་སོང་བའི་གཡག་སྟག་དཔོན་གྱིས་ཁྲིད་འདུག་པའི་རྟ་དེ་རེད། དེ་ནི་གཡག་སྟག་དཔོན་དགྲ་རྒྱལ་དཔོན་ཚང་ནས་ཐོན་ཁ་མར་ཚབ་བེ་ཚུབ་བེར་གྱུར་ཏེ་རང་གི་བཞོན་རྟ་ནག་པོ་དེ་གར་བཞག་སྟེ་རྟ་གཞན་ཞིག་ལ་བཞོན་ཏེ་ཐོན་སོང་བས་རེད། གཡག་སྟག་དཔོན་གྱིས་དགྲ་རྒྱལ་དཔོན་ཚང་ལ་ཕྲག་དོག་བྱེད་ཀྱི་ཡོད་པ་ནི་ཐུག་འཕྲད་སྐབས་ཀྱི་རྣམ་འགྱུར་དེ་གཅིག་པུས་ཀྱང་ར་འཕྲོད་ཡོད་དེ། ཡིན་ནའང་དགྲ་རྒྱལ་དཔོན་ཁོག་རྒྱ་ཆེ་བས་དེའི་རིགས་ལ་སྣང་འཇོག་གཏན་ནས་མི་བྱེད་པ་མ་ཟད། ཁོང་ཚོའི་ལྐོག་ལབ་དེ་ཚོ་ལའང་ལྟག་རྒྱབ་ཀྱི་རླུང་བུའི་ངང་ཚུལ་དུ་འཛིན་པ་ལས་མ་འདས། “ད་ཐེངས་ཀྱི་བྱས་ཉེས་དེ་ནི་སྣང་འཇོག་མེད་པར་བསྡད་རྒྱུ་ཞིག་གཏན་ནས་མིན་ཏེ། ལྟ་བའི་མིག་དང་ཁོག་པའི་སྙིང་ལས་ཆུང་རྒྱུ་མེད་པའི་དངོས་པོ་ནོམ་ཆེན་གཉིས་འཕྲོག་བཅོམ་བྱས་པས། ཡ་ལན་ཞིག་མེད་པར་རང་གར་བཞག་ན་ཕ་མར་བཞག་པའི་དམ་བཅའ་ལས་ཉམས། མིའི་སྔུན་ནའང་དཔའ་མཛངས་རྟུལ་ཕོད་ཀྱི་སྐད་གྲགས་ཆོད་པའི་དགྲ་རྒྱལ་དཔོན་ཚང་གི་དབུ་འཕང་ཆག སླད་ནས་གཉའ་གནོན་བྱས་མི་འོང་བའང་མི་སྲིད་པས། མི་ངན་ཁོ།” ཞེས་དགྲ་རྒྱལ་དཔོན་སྐད་ཅིག་གིས་རྟ་འདོ་བ་བསམ་འཕེལ་དོན་གྲུབ་ལ་བཞོན་ཏེ་རོགས་ཕོ་རྒོད་འགའ་དང་བཅས་རལ་གྲི་གནམ་ལ་འཕྱར་ཞིང་། མེ་མདའ་གཟིར་བཞིན་དུ་གཡག་སྟག་དཔོན་གསོད་དུ་ཆས།
གཡུ་གཞུང་ལུང་པ་ནས་རི་མཐོན་པོ་གཉིས་ཙམ་གྱི་ཕར་ནང་ལ་ཡོད་པའི་གཡག་སྟག་ལུང་པར་སླེབ་རྒྱུ་དེ་ཡང་ལས་སླ་པོ་ཞིག་ག་ལ་ཡིན་ཏེ། རི་གཉིས་ཀྱི་བར་དེར་རྒྱལ་མོ་རྔུལ་ཆུ་ཞེས་པའི་གཙང་ཆེན་ཞིག་གིས་བར་ཆོད་ཡོད། ཕར་ཚུར་འགྲོ་སའི་ཟམ་ཆེན་ཞིག་དེ་སྔོན་ཡོད་འདུག་ཀྱང་གཡག་སྟག་དཔོན་ཕར་ལོག་དུས་དགྲ་རྒྱལ་དཔོན་རྗེས་འདེད་བྱས་ཏེ་སླེབ་འོང་རྒྱུར་དོགས་པས། ཟམ་ཆེན་ལ་འབར་རྫས་གཡུགས་རྐྱེན་གས་འཐོར་ཚབས་ཆེན་བྱུང་མོད། མི་ལོ་སུམ་བརྒྱའི་སྔོན་ནས་བཟོས་པའི་བརྟན་ཆེ་བའི་ཟམ་ཆེན་དེ་ཡང་ལམ་སང་ཞིག་ཆོག་ཆོག་ཅིག་ཀྱང་མིན་པས་ད་དུང་ཡོངས་སུ་གས་འཐོར་བྱུང་ཐུབ་མེད་པར་མི་རྟ་འགའ་ཤས་འགྲོ་ཐུབ་ཙམ་འདུག གཟུགས་མེད་ཀྱི་འཐོར་རླུང་དྲག་པོ་ཞིག་འཚུབས་ཡོང་བས་ཟམ་ཆེན་དེ་ཡང་ཕར་ཡོམ་ཚུར་ཡོམ་བྱས་བྱུང་། འདི་ནས་ཕར་ཐར་རྒྱུ་གཅིག་པུ་ཡང་སྲོག་དང་བསྡོ་དགོས་པ་ལོས་ཡིན། དགྲ་རྒྱལ་དཔོན་གྱིས་རོགས་ཚོ་ལ་བཤད་རྒྱུར། “འདི་ནས་ཕར་ཟམ་ཆེན་དེ་ཡང་བརྟན་པོ་རང་མི་འདུག་པས། ང་དང་མི་རྟ་འགའ་ཤས་ལས་འགྲོ་ཐབས་མི་འདུག དེས་ན་ཁྱེད་ཚོ་མང་ཆེ་བ་ཕར་ལོག་རྒྱུ་རེད།” ཡང་གཅིག་བཤད་རྒྱུར། “ང་ལ་ཐང་བཟའ་ཚང་གི་བུ་མོ་པདྨ་མཚོ་ཞེས་པའི་དགའ་རོགས་ཤིག་ཡོད། ངེད་གཉིས་དབར་ཕན་ཚུན་བརྩེ་དུང་ཧ་ཅང་ཆེ་ཞིང་མོས་ད་ཆ་ངའི་ཆེད་དུ་སེམས་ཁྲལ་བྱེད་བཞིན་ཡོད། དེས་ན་ཁྱེད་ཚོ་ཕར་འགྲོ་དུས་མོ་ལ་འདི་ལྟར་ལབ་རོགས། ངེད་གཉིས་ཀྱི་བརྩེ་དུང་ནི་ལྷད་མེད་པ་ཡིན་ན་ཕྱིས་མཉམ་འཛོམས་ཀྱི་དུས་ཤིག་ཀྱང་ལོས་ཡོད། དེས་ན་དེ་བར་ང་ལ་ངང་སྒུག་བྱོས།” དགྲ་རྒྱལ་དཔོན་གྱིས་དེ་ལྟར་བཏམས་རྗེས་རང་ཉིད་ཀྱིས་འགོ་བྱས་མི་རྟ་འགའ་ཟམ་ཆེན་ནས་སྐྱོད་འགོ་བརྩམས།
ཟམ་པའི་འོག་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་གཙང་ཆེན་རྒྱལ་མོ་རྔུལ་ཆུ་འཐོར་རླུང་གིས་དྲག་ཏུ་སྐྱོམ། འཐོར་རླུང་གིས་ཕར་འཕུལ་ཚུར་འཕུལ་ཁྲོད་མི་རྟ་ཚོས་གོམ་པ་རེ་སྤོས་པ་དང་ཟམ་ཆེན་ནི་ཤུགས་ཟད་པའི་མི་རྒན་ཞིག་གིས་རྡོ་བ་པང་ཐོག་ལ་བླངས་པ་ལྟར་དྲག་ཏུ་བསྒུལ་འོངས། ཆུ་ཕར་ཁར་སླེབ་ལ་ཉེ་དུས་ཏེ། གློ་བུར་དུ་བྱེ་མའི་ཁང་བུ་རྡིབ་པ་ལྟར་ཟམ་ཆེན་མར་ལ་རྡིབ་པ་དང་། མཐའ་མཇུག་གི་མི་རྟ་གཉིས་ཤིང་སྡོང་གི་ཡལ་ག་ཆུ་ནང་དུ་ལྷུང་བ་ལྟར་གཏིང་ཟབ་ཀྱི་རྒྱལ་མོ་རྔུལ་ཆུའི་ནང་ལྷུང་སོང་། ཆུ་ཕར་ཁར་སླེབས་ཟིན་པའི་དགྲ་རྒྱལ་དཔོན་འཁོར་བཅས་བྱུང་ཟིན་པའི་གོད་ཆགས་ལ་སྡུག་གཏམ་བཤད་ནས་མ་བསྡད་པར་མུ་མཐུད་ནས་ཤར་སྐྱོད་ཀྱིས་རི་བོ་གཉིས་པ་དེ་ཡང་བརྒལ་ཏེ་ད་གཟོད་གཡག་སྟག་ལུང་པའི་མདའ་ལ་སླེབས། དེར་དབྱར་རྩྭ་དགུན་འབུ་འཐུ་རུ་སླེབས་པའི་བུད་མེད་དེའི་ལབ་སྟངས་ལྟར་ན། འདི་ནས་ཡར་ལུང་ཕུ་དེར་གཡས་གཡོན་ན་གཡག་སྟག་ལུང་པའི་ཁྱིམ་ཚང་ཁྲ་རུག་རུག་ཏུ་ཡོད་ཅིང་། དེའུ་འབུར་ཞིག་གི་སྒང་ལ་རྒྱལ་པོའི་མཁར་རྫོང་འདྲ་བའི་ཁང་ཁྱིམ་ཞིག་ཡོད་པ་དེ་གཡག་སྟག་དཔོན་གྱི་ཁྱིམ་རེད་ཅེས་བཤད་བྱུང་།
བཞི་པ།
དགྲ་རྒྱལ་དཔོན་གཙོས་མི་ལྔ་ཐམ་པས་རྟ་བཞོན་ཏེ་གཡག་སྟག་དཔོན་གྱི་ཁྱིམ་གཞིས་ཡོད་སའི་ལུང་ཕུ་དེར་བསྐྱོད། དེའུ་འབུར་གྱི་ཁར་ཆགས་པའི་གཡག་སྟག་དཔོན་གྱི་ཁྱིམ་གཞིས་ནི་གཤེད་དགྲ་བོ་མདུན་ན་སླེབས་ཀྱང་ཡ་མི་ང་ཟེར་བའི་དཔའ་བོ་ཞིག་ལྟར་རྔམ་བརྗིད་ཅན་ཞིག་རེད། ཁྱིམ་གྱི་ཕྱི་ནང་དང་མཐའ་ནས་འཁོར་གཡོག་ཚོས་སྐོར་སྟངས་དེས་རྒྱལ་པོའི་ཕོ་བྲང་ཞིག་གི་ཚོར་བ་སྟེར་འོང་སྟེ། ཐབས་ཇུས་རིག་པ་ཅན་གྱི་མི་ཞིག་ཡིན་ན་མ་གཏོགས་འདི་ནས་ཡར་ནང་ལ་ཐར་ཏེ་གའུ་བྱིན་ཆེན་དེ་བླངས་ཤིང་། གཡག་སྟག་དཔོན་ལ་དགྲ་ལན་འཇལ་རྒྱུ་ནི་ཅི་འདྲའི་ཁག་པོ་ཞིག་རེད་ཨང་། དགྲ་རྒྱལ་དཔོན་དང་མི་ལྔ་པོས་ཐབས་ཇུས་བཏིང་ཞིང་གྲོས་བྱས། “ང་ཚོ་མི་ཉུང་ཤས་ལས་མེད་པས་མི་ཚོགས་མང་པོས་བསྐོར་ནས་ཡོད་པའི་ཁྱིམ་ནང་གི་དགྲ་བོ་གཡག་སྟག་དཔོན་ཁོ་གསད་རྒྱུ་དང་། གའུ་ལེན་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། དེས་ན་ཐབས་ལམ་ཡག་ཤོས་གཅིག་རང་ཡོད་པ་ནི། ང་ཚོ་ཁོའི་མི་ཡིན་པའི་ཁུལ་གྱིས་ཁྱིམ་ནང་འགྲོ་ཐབས་བྱ་རྒྱུ་དེ་རེད།” མི་གཅིག་གིས་དེ་ལྟར་ལབ་བྱུང་བ་དང་། དེ་ལ་དགྲ་རྒྱལ་དཔོན་གཙོས་ཚང་མས་འཐད་བྱུང་བའི་བརྡར་“བདེན་བདེན།” ཞེས་ཁ་གཅིག་གྲགས་བྱས་བྱུང་། དགྲ་རྒྱལ་དཔོན་གྱི་སེམས་པར། སྡིག་པ་ཁུར། ད་ཆ་ང་ལ་མི་མི་འདུག་མ་གཏོགས་ངས་ཤ་ར་ར་ཁོའི་ཁྱིམ་དུ་འཛུལ་ཏེ་གེ་སར་རྒྱལ་པོའི་རལ་གྲི་བཏབ་པ་ལན་མེད་འདྲ་བའི་གྲི་འདིས་ཁོའི་སྲོག་རྩ་དམར་ཉིལ་ལེར་བཅད་དེ་གའུ་ལེན་ངེས་སྙམ་བྱུང་། དེ་ནས་ཁོང་ཚོས་འཇབ་བུར་ཕྱིན་ཏེ་གཡག་སྟག་དཔོན་གྱི་ཁྱིམ་གཞིའི་མཐའ་ནས་སྐོར་མཁན་གྱི་མི་དྲུག་ཐམ་པ་གཞན་པ་ཚོས་མི་མཐོང་ས་ནས་ཁ་ལག་པས་བཀབ་སྟེ་བསད། རང་རང་གི་ཆས་གོས་བསྒྱུར་ཏེ་བསད་བཞག་པའི་མི་དེ་ཚོའི་ཆས་གོས་ཏེ། མགོ་ལ་ཝ་ཞྭ་གོན་ཞིང་། ལྤགས་རིགས་ལས་བཟོས་པའི་ཕྱུ་པ་མཐུག་པོ་རེ་གོན། དགོས་དུས་ཤར་མར་རྒྱག་ཆོག་པའི་མེ་མདའ་བོང་ཆུང་རེ་ཨམ་ཕྲག་ནང་བཅུག་ཅིང་། སོ་སོའི་རལ་གྲི་རྐེད་པར་བཏགས་ཏེ་མཐའ་སྲུང་གི་མི་ཡིན་པ་ལྟར་སྒོ་ནང་ནས་ཡར་འཛུལ་བ་དང་། སྒོ་སྲུང་གིས་ཀྱང་ནང་གི་མི་ཡིན་པར་སྙམ་སྟེ་ཅི་ཡང་མི་སྨྲ་བར་གཏོང་རྐྱང་བྱས་བྱུང་། སྐབས་དེར་ཁོང་ཚོས་ཁོག་ལ་བརྣག་པའི་དགྲ་བོ་སྟེ། གཡག་སྟག་དཔོན་ནི་ཧ་ཧ་ཧུ་ཧུ་སྟེ། སེམས་སྤྲོ་བའི་གད་མོ་དི་རི་རི་བྱས་ཏེ་རོགས་མི་གཉིས་དང་ལྷན་ཤོ་སྦག་རྩེ་བཞིན་བསྡད་འདུག ད་དུང་འགྲམ་ནས་བུད་མེད་གཞོན་ནུ་མ་ཞིག་གིས་ཆང་གིས་གང་བའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཅན་གྱི་དཀར་ཡོལ་ཞིག་ལག་ན་བཟུང་ཞིང་། “ངའི་སྙིང་གི་ཚི་ལུ། ད་མཚམས་འཇོག་བྱོས། ཆང་ཐུངས་ཟེར།” ཞིབ་ཏུ་བལྟས་པས་དེ་དག་ནི་གཞན་མིན་པར་དགྲ་རྒྱལ་དཔོན་རང་ཉིད་ཀྱི་མིང་སྲིང་གསུམ་པོ་རེད།
ཁོང་ཁྲོས་ཁྲག་ཤུགས་རྩ་ལམ་ནས་བརྒྱུད་དེ་གདོང་དམར་པོར་གྱུར་ཅིང་། ལག་གཉིས་ཁུ་ཚུར་དང་བཅས་དྲག་ཏུ་འདར། མགོ་ལ་གོན་པའི་ཝ་ཞྭ་དེ་ས་ལ་འཕངས་ཏེ་དགྲ་རྒྱལ་དཔོན་གྱིས་སྐད་ཅིག་ཉིད་ལ་མེ་མདའ་བོང་ཆུང་དེ་ཨམ་ཕྲག་ནས་བཏོན་ཅིང་ཁོང་ཚོར་བརྒྱབ་བྱུང་། གཡག་སྟག་དཔོན་གྱིས་རང་སྲོག་སྲུང་ཆེད་དགྲ་རྒྱལ་དཔོན་གྱི་སྲིང་མོ་སྟེ་ཁོ་རང་གི་བཟའ་ཟླའི་དཔུང་པ་ནས་བཟུང་སྟེ་ཁོ་རང་དེའི་རྒྱབ་ཏུ་གབ་པས་མདེའུ་རྣམས་བཟའ་ཟླ་ལ་ཕོག་པས་གྲོངས། མི་གཞན་གཉིས་དེ་ཡང་མདེའུ་ཐོད་པར་ཕོག་སོང་བས་དེ་ག་རང་ལ་གྲོངས། “ངས་ཁྱོད་མི་གཞག” ཅེས་ད་དུང་དྲག་ཏུ་ངར་ཏེ་རྐེད་པར་བཏགས་པའི་རལ་གྲི་ཤུབས་ནས་ཕྱུང་ཞིང་གཡག་སྟག་དཔོན་གྱི་སྟེང་དུ་མཆོངས། མདེའུ་ཕོག་ནས་དཔུང་པར་རྨ་ཁ་ཨེན་ཙམ་བཟོས་ཡོད་པའི་གཡག་སྟག་དཔོན་ཡང་རི་དྭགས་རྨས་མ་ལྟར་བྲོས་པའམ་འཁུམས་ནས་བསྡད་པ་མ་ཡིན་པར་རང་གི་རལ་གྲི་ཤུབས་ནས་ཕྱུང་ཞིང་འཛིངས། ཕྱོགས་གཉིས་དབར་རྨས་སྐྱོན་མི་ཉུང་བ་ཞིག་ཕོག་ཟིན་འདུག་ཀྱང་ངར་ཇེ་ཆེ་ནས་ཇེ་ཆེ་སྟེ། “ཡ་ཡ་ ཤོག” ཅེས་གཡུལ་ས་ནས་གོ་རྒྱུ་ཡོད་པའི་དཔའ་རྒོད་ཀྱི་དཔའ་སྐད་དང་གཉིས་སུ་མ་མཆིས་པའི་ངར་སྒྲ་དང་བཅས་པའི་འཛིང་སྟངས་དེ་ཅི་འདྲའི་འཇིགས་ཡེར་བ་ཞིག་རེད་ཨང་། བར་སྣང་ནས་མཚོན་ཆའི་ཆར་བབས་སོང་བ་ལྟར་མེ་མདའ་ལས་མདེའུ་འཕངས་པའི་སྒྲ་གནམ་ས་གང་བ་གྲག་བྱུང་བ་དང་། དགྲ་རྒྱལ་དཔོན་གྱི་རོགས་ལྔ་པོ་ལུས་ལ་མདེའུ་ཕོན་ཆེན་ཕོག་སྟེ་ས་ལ་འགྱེལ། “ང་ཚོ་ལ་སེམས་ཁྲལ་མ་བྱེད། ནམ་ཡང་ཁྱེད་དང་ལྷན་དུ་ཡོད། སྡང་དགྲ་བོ་ཁོ་ཚར་ཆོད་དང་། ང་ཚོའི་སེམས་པ་ཡང་དེས་རྫོགས་པ་ཡིན།” ཁོང་ཚོས་ཁ་གཅིག་གྲགས་ཀྱིས་དེ་སྐད་སྨྲས་ཤིང་མིག་རྩ་སྔོ་ཧམ་མེར་གྲོངས། དགྲ་རྒྱལ་དཔོན་གྱི་མིག་མཐའ་མཆི་མས་བརླན་ཞིང་། མི་ཟླ་བརྒྱ་ཙམ་མདུན་ནས་རྒོལ་འོང་བ་དག་ལ་མི་གཅིག་གིས་ཕར་རྒོལ་བྱེད་ཐབས་བྲལ་བས་ད་ཆ་འདི་ནས་མ་བྲོས་ན་རེ་བ་མི་འདུག་སྙམ་བྱུང་བས། ཁ་ཤར་ན་བལྟས་ཡོད་པའི་སྒེའུ་ཁུང་དེ་ནས་སྟག་མོའི་མཆོངས་བརྒྱབ་པ་ལྟར་མཆོངས་ཏེ་བྲོས་སོ།།
རྟབ་རྟབ་པོར་གྱུར་པའི་གཡག་སྟག་དཔོན་དབུགས་ཧལ་ཧལ་གྱིས་“རྒྱུག ཁོ་འཛིན་དུ་རྒྱུག” ཅེས་མི་ཟླ་བརྒྱ་ཐམ་པར་བཀའ་ཕབ། གནམ་གཤིས་ནི་སྤྲིན་ནག་འཐིབས་ཤིང་ཆར་པ་ཤག་ཤག་བབས་པ་དང་། འགྲོ་ལམ་ཡང་འདམ་རྫབ་རྐྱེན་པས་འགྲོ་སྟབས་བདེ་པོ་མི་འདུག ཡིན་ནའང་དཔོན་གྱི་བཀའ་ལྡོག་ཏུ་མེད་པར་བརྟེན་མི་ཟླ་བརྒྱ་པོས་རྟ་ལ་བཞོན་ཞིང་གྲི་རིང་འཕྱར། བོད་མདའ་རིང་པོ་རེ་རྒྱབ་ཏུ་ཁུར་ཏེ་རྗེས་འདེད་ལ་སོང་། མཐོ་རི་བོའི་རྩེ་ནས་དམའ་གཙང་ཆེན་རྒྱལ་མོ་རྔུལ་ཆུའི་ཚུན་བསྐོར་ཡང་ཡིད་ལ་བརྣག་པའི་དགྲ་བོ་དགྲ་རྒྱལ་དཔོན་མ་རྙེད། རྒྱལ་མོ་རྔུལ་ཆུའི་གཙང་འགྲམ་དེར་ཡར་ལྟ་མར་ལྟ་འགའ་བྱས་པས་གཙང་ཆུའི་ངོགས་ཀྱི་རྡོ་གཅལ་ཞིག་གི་སྟེང་ལྷམ་ཆ་གཅིག་ཕུད་ནས་བཞག་འདུག དེ་ནི་གཡག་སྟག་དཔོན་གྱི་འཁོར་གཡོག་ཚོའི་གོན་རྒྱུའི་ལྷམ་རེད། ད་གིན་དགྲ་རྒྱལ་དཔོན་གྱིས་ཀྱང་དེ་འདྲ་བ་ཞིག་གོན་འདུག་པ་དྲན་བྱུང་བས་ཁོང་ཚོས་དགྲ་རྒྱལ་དཔོན་གཙང་ཆུར་མཆོངས་ཏེ་ལྕེབས་སོང་བ་རེད་སྙམ། གཞན་དུ་གཙང་ཆུ་དེ་ནི་མི་ཞིག་བརྒལ་ནས་ཕར་ཕྱིན་པ་རེད་ཟེར་ན་ཡིད་ཆེས་དཀའ་བའི་ཧ་ཅང་གིས་རྒྱ་ཆེ་གཏིང་ཟབ་དང་། ཕར་ཚུར་འགྲོ་སའི་ཟམ་ཆེན་དེ་སྔོན་ཡོད་ཀྱང་ད་ཆ་མེད་ལ། ཐ་ན་འགྲོ་བྱེད་ཀོ་གྲུ་ཆུང་ངུ་ཞིག་ཀྱང་མི་འདུག་པ་སོགས་ཀྱིས་ཁོང་ཚོས་མགྲིན་དབྱངས་གཅིག་གྱུར་ཐོག་གཡག་སྟག་དཔོན་ལ་དགྲ་བོ་དགྲ་རྒྱལ་དཔོན་གཙང་པོར་ལྕེབས་སོང་ལབ་རྒྱུ་བྱས། འབྲུག་སྒྲ་དིར་དིར་གྲག་ཅིང་ཤག་ཤག་ཏུ་བབས་པའི་ཆར་ཆུ་རྣམས་གཙང་ཆུའི་ནང་ལ་ཐིམ་སྟེ་ཤུ་རུ་རུ་བརྒྱུགས། འདམ་རྙོག་གི་མདོག་ལྟར་གྱུར་ཅིང་། མི་རྒྱུག་པའི་དུས་ཤིག་མེད་པར་གཅིག་ནས་གཅིག་ཏུ་ཤར་གྱིས་རྒྱུག་པའི་གཙང་ཆེན་རྒྱལ་མོ་རྔུལ་ཆུ་ནི་རང་འགན་སྒྲུབ་པ་ལ་སོས་དལ་བྱེད་མ་མྱོང་བའི་མི་ཞིག་དང་མཚུངས། “ད་འགྲོ།” མགོ་པ་དེས་དེ་ལྟར་ལབ་བྱུང་བ་དང་མི་ཟླ་བརྒྱ་པོས་རྟ་ཁ་དཀྱུས་ཏེ་ངང་སྒུག་བྱས་ནས་བསྡད་ཡོད་པའི་གཡག་སྟག་དཔོན་གྱི་རྩར་ཕྱིར་ལོག
རྟ་འདོ་བ་ཁྱུ་ཞིག་བརྒྱུགས་འོངས་པའི་རྨིག་སྒྲ་“ཁྲོག་ཁྲོག་”གྲག་བྱུང་བ་དང་དགྲ་རྒྱལ་དཔོན་རྐེད་ལ་ཞགས་པ་བརྒྱབ་ནས་ཁྲིད་འོང་བར་བསྒུགས་ནས་བསྡད་ཡོད་པའི་གཡག་སྟག་དཔོན་སྒོ་ཕྱིར་ཐོན་བྱུང་། སྐབས་དེར་ཁོས་མཐོང་བ་ནི། དགྲ་རྒྱལ་དཔོན་འཛིན་དུ་མངགས་པའི་མི་ཟླ་བརྒྱ་ཐམ་པའི་ལག་ན་དགྲ་རྒྱལ་དཔོན་མི་འདུག་པ་དེ་རེད། “མི་བརྒྱས་མི་གཅིག་འཛིན་མ་ཐུབ་པ་རེད་དམ།” གཡག་སྟག་དཔོན་གྱི་ངོ་གདོང་ན་བསམ་དོན་མ་གྲུབ་པའི་སྐྱོ་ངོ་ཞིག་དང་ལྷན་ཁྲོ་གཉེར་ཡང་ཨེན་ཙམ་བསྡུས་འདུག “མ་རེད། ཁོ་གཙང་ཆུར་མཆོངས་ཏེ་ལྕེབས་སོང་འདུག” མགོ་པ་དེས་རྟ་ལས་བབས་ཏེ་དེ་ལྟར་བཤད་པས། ད་གཟོད་གཡག་སྟག་དཔོན་ཅུང་ཙམ་ལྷོད་ལ་བབས་བྱུང་།
ལྔ་པ།
དེ་ནི་མི་ལོ་གསུམ་གྱི་རྗེས་ལ་སྟེ། གཡག་སྟག་ལུང་པའི་རྫི་བོ་ཞིག་རྒྱལ་མོ་རྔུལ་ཆུའི་འགྲམ་ནས་ཟོག་འཚོ་བཞིན་འགྲོ་དུས་གཙང་པོ་དང་ཉེ་སར་ཡོད་པའི་ཕུག་སྐམ་ཞིག་ན་མི་ཞིག་བསྡད་འདུག་པ་མཐོང་། བལྟས་ཚོད་ལ་མི་དེ་རྣལ་འབྱོར་པའམ་སེར་མོ་བ་ཞིག་དང་གཏན་ནས་མི་འདྲ་སྟེ། སྐམ་ཞིང་རིད་པའི་གཟུགས་པོ་ལ་རྫིག་ཉམས་ཤིག་མི་འདུག་ཀྱང་། ལུས་ལ་ལྤགས་རིགས་ལས་བཟོས་པའི་ཕྱུ་པ་གོན་ཞིང་། རྐང་པ་གཉིས་སྐྱིལ་ཀྲུང་བཅས་ཏེ་ལག་གཡས་པས་གནམ་ལ་སྡིགས་མཛུབ་ཀེར། གཡོན་པས་དམར་ནག་གི་མདོག་ཅན་རཀྴའི་ཕྲེང་གོག་ཅིག་ཕུར། ད་དུང་མདུན་དེར་ས་དམར་པོས་བཟོས་པའི་གཏོར་མ་ཞིག་བཞག་འདུག རྫི་བོ་དེས་“ཁྱོད་སུ་ཡིན་”དྲིས་པས། “ངའི་མིང་ལ་དགྲ་རྒྱལ་དཔོན་དབང་འདུས་རྡོ་རྗེ་ཟེར། ངའི་ནུས་པ་འདི་ལ་ལྟོས།” ཞེས་གནམ་ལ་སྡིགས་མཛུབ་བསྟན་ནས་ཡི་དམ་དྲག་པོའི་སྔགས་བགྲངས་ཏེ་“ཧཱུྃ་ཕཊ῝” ཞེས་བརྗོད་པས། རི་རྩེ་ནས་རྦབ་རྡོ་ཆེན་པོ་ཞིག་འགྲིལ་བྱུང་། “ངས་གཡག་སྟག་དཔོན་འདི་ལྟར་བསྒྲལ་ཡ་ཡིན།”ཟེར། ཁ་མིག་ཕོར་པ་ལྟར་བགྲད་ཅིང་རྦབ་རྡོ་ཐུར་དུ་འགྲིལ་འོང་ཚུལ་ལ་བལྟས་འདུག་པའི་རྫི་བོ་དེ་འཇིགས་སྣང་གིས་བྲེད་སྐད་ཤོར་ཏེ་བྲོས། རྦབ་རྡོ་གཙང་པོའི་ནང་ལྷུང་བྱུང་། ཡི་དམ་ཕུར་པ་གྲུབ་པའི་དགྲ་རྒྱལ་དཔོན་ལ་སྔོན་ཆད་ལྟར་རོགས་ཟེར་བ་ཞིག་མེད་ཀྱང་དགྲ་ཤ་ལེན་པར་ཐབས་ཟད་ལ་གྱར་བ་ག་ལ་ཡིན་ཏེ། མི་ལོ་གསུམ་གྱི་སྔོན་དེར་ཁོ་སྲོག་མགོ་ཐར་ཙམ་བྱུང་སྟེ་རྒྱལ་མོ་རྔུལ་ཆུའི་འགྲམ་དེར་བྲོས་ནས་འོང་དུས་རིག་སྔགས་འཆང་བའི་རྣལ་འབྱོར་པ་བྱ་བྲལ་ཞིག་དང་འཕྲད་ཅིང་། ཁོས་རྣལ་འབྱོར་པ་དེ་ལ་རང་གི་སྐྱིད་སྡུག་རྣམས་ཞིབ་ཕྲ་ནས་བཤད་དེ་ད་ལན་དྲག་པོའི་ལས་སྦྱོར་ཞིག་མ་བསླབས་ན་ཐབས་མེད་ཡིན་ཚུལ་ནན་གྱིས་ཞུས། “ངའི་དགྲ་བགེགས་སྒྲོལ་བྱེད་ཀྱི་དྲག་པོའི་ལས་སྦྱོར་འདི་ཡི་དམ་རྡོ་རྗེ་ཕུར་པ་ལ་བརྟེན་པ་ཡིན་པས་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་སྤྱི་སྒོས་ཀྱི་དགྲ་བགེགས་ཚར་གཅོད་པའི་ཐབས་ལམ་ཁྱད་པར་བ་ཞིག་ཡིན། དེས་ན་ཁྱོད་ཀྱིས་འདི་ཉིད་ལེགས་པར་སྒྲུབས་ཤིག་དང་། གྲུབ་པས་རྟགས་མཚན་མངོན་སུམ་དུ་སྣང་བར་གདོན་མི་ཟ།” རྣལ་འབྱོར་པ་དེས་དེ་ལྟར་སྨྲས་ཤིང་དམར་ནག་གི་མདོག་ཅན་རཀྴའི་ཕྲེང་བ་ཞིག་བགྲང་ཕྲེང་དུ་བསྩལ་ཅིང་། དབང་སྐུར་དང་གདམས་པ་སོགས་འབོགས་རྗེས་ཁ་ཤར་ཕྱོགས་སུ་བསྟན་ཏེ་ཕྱིན་ཏོ། །དེ་ནས་དྲག་པོའི་ལས་སྦྱོར་སྒྲུབ་པ་ལ་སེམས་པ་རྩེ་གཅིག་པའི་དགྲ་རྒྱལ་དཔོན་གྱིས་གཙང་ཆུ་དང་མི་རིང་བའི་སར་ཕུག་སྐམ་ཞིག་རྙེད་བྱུང་བ་དེར་ཡི་དམ་ཕུར་པ་ལ་བསྟེན་པའི་དྲག་ལས་ཀྱི་སྒྲུབ་པ་ལ་བརྩོན། ཁྱོན་མི་ལོ་གསུམ་ལ་ལེགས་པར་བསྒྲུབས་རྗེས་སུ་གྲུབ་པའི་མཚན་མ་ཡང་གསལ་པོར་བྱུང་ཞིང་། ད་ནི་རང་གི་དགྲ་བོའི་གཏེ་པོ་གཡག་སྟག་དཔོན་ལ་དགྲ་ཤ་བླང་རྒྱུའི་དུས་ལ་བབས་འདུག་པར་ཤེས།
མཚན་གཞུང་དེར་སྐྱིད་པའི་བྲོ་དང་། དགའ་བའི་གླུ་དབྱངས་ལེན་ཞིང་གཡག་སྟག་ལུང་པའི་ཡུལ་མི་རྣམས་སྤྲོ་སྐྱིད་ལ་རོལ་ཞིང་། གཡག་སྟག་དཔོན་དང་མི་འགའ་ཞིག་ཀྱང་གླུ་གར་ལ་གཡེངས་ཏེ་སྣང་བ་དབྱིངས་ལ་སྤུར་གྱིན་ཆང་ཕོར་རེ་ཞབས་དག་བརྒྱབ་ཅིང་བཟི་གཏམ་ཅི་གྲོས་མིན་གྲོས་རེ་ཤོད་བཞིན་འདུག ད་ཆ་དབྱར་དུས་མིན་ཡང་གནམ་ནས་འབྲུག་སྒྲ་དིར་དིར་རེ་གྲག་འོངས། གློ་བུར་དུ་རྫི་བོ་ཞིག་དབུགས་ཧལ་ཧལ་གྱིས་བརྒྱུགས་འོངས་ཏེ་བཤད་རྒྱུར། “ཁྱེད་ཀྱི་སྐུ་སྲོག་ལ་ཉེན་ཁ་འདུག ད་ལྟ་ཉིད་དུ་ཕར་སོང་སྟེ་མི་དེ་མ་བསད་ན་ཚར་སོང་།” “སུ།” “མིང་ལ་དགྲ་རྒྱལ་དཔོན་ཟེར་འདུག” ཧ་ལས་ཧོན་ཐོར་གྱིས་“ཁོ་གང་ན་འདུག་”སྨྲས་པས། “རྒྱལ་མོ་རྔུལ་ཆུ་དང་མི་རིང་སར་ཕུག་སྐམ་ཞིག་གི་ནང་ན་འདུག” ཟེར། “ལྟས་ངན་ཁོ་ཤི་མེད་རེད་ཨང་།” རྫི་བོ་དེས་སྣ་དྲངས་ཏེ་སྐད་ཅིག་གིས་གཡག་སྟག་དཔོན་མི་ཟླ་ལྔ་བཅུ་ཙམ་དང་ལྷན་རྟ་ལ་བཞོན་ཞིང་གྲི་དང་མེ་མདའ་སོགས་མཚོན་ཆ་ཁུར་ཏེ་ཕུག་སྐམ་དེར་སོང་། ཆར་རླུང་དྲག་ཏུ་ལངས་བྱུང་བས་རི་རྩེའི་རླུང་རྟ་དང་དར་ལྕེ་ཟད་པོའི་རྡེབ་སྒྲ། གཙང་ཆུའི་རྦ་རླབས་སྐྱོམ་པའི་སྒྲ་སོགས་ཀྱིས་གཡག་སྟག་དཔོན་རོགས་དང་བཅས་པར་ཁོང་ཁྲོ་དང་སྐྲག་སྣང་འདྲེས་མའི་ཚོར་བ་རེ་སྦྱིན་པར་བྱེད། “མི་དེ་ཁོ་རེད།” ཕུག་སྐམ་དེར་མིག་གཉིས་བཙུམ་སྟེ་དྲག་སྔགས་ཟློ་བཞིན་མཉམ་པར་བཞག་འདུག་པའི་མི་དེར་རྫི་བོས་མཛུབ་མོ་བཙུགས་ཏེ་དེ་ལྟར་ལབ་བྱུང་། ཁོང་ཁྲོས་ལུས་ཀྱི་ཁྲག་ཤུགས་མཐོ་རུ་སོང་སྟེ་གདོང་དམར་པོར་གྱུར་པ་དང་། སྐྲག་སྣང་གིས་སྒྱིད་ཁུག་འདར་བཞིན་པའི་གཡག་སྟག་དཔོན་གྱིས། “སོང་། ཁོའི་ལུས་པོ་ཐག་པས་ཁྱིགས་ལ། ཁ་ནང་ལ་དར་རྫོངས་ཤིག” ཟེར། མི་ཟླ་ལྔ་བཅུ་པོས་དང་པོ་ལུས་འགུལ་སྐྱོད་མི་ཐུབ་པའི་ཆེད་ལྕགས་ཐག་གིས་བསྡམས་ཤིང་། དེའི་རྗེས་ཁ་ནང་ལ་དར་བརྫངས་སོ། །དགྲ་རྒྱལ་དཔོན་གྱིས་མིག་ཉིས་གདངས་པ་དང་རང་གི་མདུན་དུ་དགྲ་བོའི་གཏེ་པོ་གཡག་སྟག་དཔོན་འཁོར་བཅས་སླེབས་ཡོད་པ་དང་། མ་ཟད་རང་གི་ལུས་པོ་ལྕགས་ཐག་གིས་བསྡམས་ཤིང་། ཁ་ནང་དར་བརྫངས་ཡོད་པ་མཐོང་། “ལྟས་ངན་ཁྱོད། དེ་སྔོན་རྒྱལ་མོ་རྔུལ་ཆུའི་ནང་ལྕེབས་སོང་ཆགས་བྱས་ཀྱང་། ཁྱོད་ཀྱི་ཚེ་མ་རྫོགས་པས་ཡིན་ནམ། ཤི་མི་འདུག ད་ཁྱོད་ཀྱིས་སུ་ལ་འབོད་ནའང་བོས། ད་ཐེངས་ཁྱོད་འགྲོ་ས་གཅིག་ལས་མེད་པ་ངེས་ཅན་ཡིན།” གཡག་སྟག་དཔོན་གྱིས་དེ་ལྟར་སྨྲས་རྗེས་དཔྲལ་བར་མེ་མདས་ཚད་བྱུང་བ་དང་། དགྲ་རྒྱལ་དཔོན་གྱི་སེམས་པར་ཁ་ནས་དྲག་སྔགས་བརྗོད་དེ་ནུས་པ་སྟོན་དགོས་སྙམ་ཡང་ཁའི་ནང་ལ་དར་བརྫངས་པས་བརྗོད་ཐབས་བྲལ། ད་ནི་གང་ལ་བསམས་ཀྱང་སྲོག་མགོ་མི་ཐར་བ་ངེས་འདུག་ན། “ད་ནི་ངས་སྨོན་ལམ་གདབ་རྒྱུ་ལ། ཅི་སྟེ་ངས་ཡི་དམ་རྡོ་རྗེ་གཞོན་ནུ་གྲུབ་པ་བདེན་ན་ང་ཤི་མ་ཐག་ཏུ་སུས་ཀྱང་གླགས་མི་ཁེལ་བའི་གདོན་འདྲེ་གདུག་པ་ཅན་ཞིག་ཏུ་གྱུར་ཏེ་རང་གི་ཡིད་ལ་བརྣགས་པའི་དོན་ཏེ། ཕ་མེས་ཀྱི་གཅེས་ནོར་དེ་སྔོན་དགྲ་བོ་གཡག་སྟག་དཔོན་གྱིས་འཕྲོགས་སོང་བའི་གའུ་དེ་ལག་ཏུ་ལོན་པ་དང་། གཡག་སྟག་དཔོན་གྲོགས་དགའ་མཛའ་དང་བཅས་པའི་སྲོག་གི་གཤེད་དུ་འགྱུར་བར་ཤོག་ཅིག” ཅེས་སྨོན་ལོག་བཏབ། དེ་མུར་གཡག་སྟག་དཔོན་གྱིས་མེ་མདའ་ལས་མདེའུ་ཞིག་འཕངས་པ་དང་ལྔ་ལམ་དུ་བུད་སོང་།
གནམ་གཤིས་དང་ནས་ཡག་རྒྱུ་མེད་པའི་ཁར་ཕོག་ཐུག་སོང་བ་ཇི་བཞིན་བར་སྣང་ནས་མེ་ལྕེ་འདྲ་བའི་གློག་དམར་དྲག་ཏུ་འཁྱུག་ཅིང་། བལྟས་བལྟས་རིག་རིག་ལ་དེར་ཡོད་གཡག་སྟག་དཔོན་སོགས་ཀྱི་མདུན་དེར་ཐོག་འགའ་བརྒྱབ་བྱུང་བས་མི་ཟླ་ལྔ་བཅུ་པོ་རྟ་དང་བཅས་པ་དེར་བསད། ཤུལ་དེར་མི་རྟ་གཉིས་ཙམ་ལུས་ཡོད་པ་ནི་གཡག་སྟག་དཔོན་མི་རྟ་གཉིས་ཡིན་ཏེ། གློ་བུར་དུ་བྱུང་བའི་གོད་ཆགས་དེར་གཡག་སྟག་དཔོན་ད་དུང་ཡིད་མ་ཆེས་པ་ལྟར་མཁྲིག་མས་མིག་གཉིས་ཕྱི་ནས་ལྟ་དུས་ཁོའི་མདུན་དེར་རྟ་འདོ་བའི་ཁར་འགྱིང་ནས་ཡོད་པ་ནི། དཔྲལ་བ་ལ་ཤ་མེད་པར་ཨི་ཁུང་བུག་ཅིང་། མིག་གཉིས་ནང་སྙིགས་མེད་པ་དཀར་སིང་ངེ་བ། ཁྲག་དམར་ལྷུང་ལྷུང་དུ་བཞུར་འོང་བའི་ཁ་ནང་ན་མཆེ་བ་བཞི་གཙིགས་པ། ལྕེ་ལེ་དམར་པོ་གློག་ལྟར་འཁྱུག་པ། འཁོར་ཡང་རྟ་ལ་བཞོན་པ་ལྔ་ཙམ་སོད་སོད་རྒྱོབ་རྒྱོབ་ཀྱིས་སྒྲ་སྒྲོག་པ་དང་། མ་ཟད་རྒྱབ་ནས་གཟུགས་དབྱིབས་མི་གཅིག་པའི་མཁའ་ལ་རྒྱུ་བའི་ཡི་དྭགས་མང་པོས་བསྐོར་བ། ཤིན་ཏུ་འཇིགས་ཡེར་བ་ཞིག་འདུག གཡག་སྟག་དཔོན་ནི་ཅི་དྲན་འདི་དྲན་མེད་པར་བྱིའུ་ལ་རྡོ་ཕོག་པ་ལྟར་སྐྲག་ཐག་ཆོད་དེ་རྟ་ལ་བཞོན་ཏེ་མྱུར་དུ་བྲོས། སོད་སོད་རྒྱོབ་རྒྱོབ་ཀྱི་སྒྲ་གནམ་ས་སྦིར་བ་ཙམ་བསྒྲགས་ཤིང་རྟ་ལ་བཞོན་པའི་གདོན་འདྲེའི་དམག་དཔུང་ཚོས་རྒྱབ་འདེད་བྱས། རི་གཟར་པོ་ཞིག་གི་གམ་དུ་སླེབས་པ་དང་གློ་བུར་དུ་རྦབ་རྡོ་རི་བོའི་གཏོས་ཙམ་ཞིག་ཐུར་དུ་རི་ལི་ལི་འགྲིལ་བྱུང་བ་དེའི་འོག་ཏུ་གཡག་སྟག་དཔོན་མི་རྟ་གཉིས་པོ་སྡེབ་གཅིག་ཏུ་ཆུད་ནས་ཤི། རྦབ་རྡོའི་མཐའ་ནས་ཁྲག་དམར་ཉིལ་ལེར་བཞུར་འོངས་པ་ལ་ཁྱི་སྤྱང་ཁྱུ་ཞིག་དེར་འདུས་ཏེ་དྲི་མ་སྣོམ་གྱིན་ལྡག་པར་བྱེད། དགྲ་རྒྱལ་དཔོན་གྱི་རྣམ་ཤེས་ནི་གདོན་འདྲེ་ཐམས་ཅད་ཀྱི་གཙོ་བོ་དེ་ཡིན་ཞིང་། འཁོར་གདོན་འདྲེ་ལྔ་པོ་དེ་ཡང་ཁོའི་རོགས་གཤིན་པོ་དག་གི་རྣམ་ཤེས་ཡིན། གཡག་སྟག་དཔོན་བསད་རྗེས་སུ་ད་དུང་བསྒྲུབ་བྱ་གཙོ་བོ་གཞན་ཞིག་ལྷག་ཡོད་པ་ནི། གཡག་སྟག་དཔོན་གྱི་ཁྱིམ་ནས་གའུ་བླང་རྒྱུ་དེ་ཡིན་ཏེ། མི་འགའ་ལས་མེད་པའི་གཡག་སྟག་དཔོན་གྱི་ཁྱིམ་དེར་རླུང་འཚུབ་ཅིག་ལངས་བྱུང་བ་དང་སྒོ་རྣམས་རང་ཕྱེ་རུ་སོང་ཞིང་། རླུང་འཚུབ་ཀྱི་གསེང་ནས་མཐོང་ཙམ་ཉིད་ལ་སྙིང་ཁམས་ཕྱི་རུ་དོན་ལ་ཁད་དུ་བྱས་འོང་བའི་གདོན་འདྲེ་གདུག་པ་ཅན་ཁྱུ་ཞིག་དེར་ལྷགས་བྱུང་། དེ་དག་ལས་རྟ་ལ་བཞོན་པའི་ཤིན་ཏུ་འཇིགས་སུ་རུང་བའི་གདོན་འདྲེ་གཙོ་བོ་དེས་རང་གི་ལྕེ་ལེ་རིང་པོར་བརྐྱངས་ཏེ་ཁྱིམ་གྱི་སྦུག་ན་ཡོད་པའི་གའུ་དེ་བླངས་ཤིང་རང་གི་ལུས་ལ་བཏགས་སོ། །དེ་མ་ཐག་ཏུ་གདོན་འདྲེ་འཁོར་དང་བཅས་པ་རླུང་འཚུབ་ཀྱི་གཟུགས་སུ་གྱུར་ཏེ་གཡག་སྟག་ལུང་པ་སྐོར་ཐེངས་གཅིག་ལ་ཁང་ཁྱིམ་ཐམས་ཅད་གཏོར་ཞིང་། གནམ་ནས་ཐོག་ཕབ་པས་ཡུལ་མི་རྣམས་གཅིག་ཀྱང་མ་ལུས་པ་ཤི་སྟེ་གྲོང་ཚོ་སྟོང་པར་གྱུར་ཏོ། །གཅིག་རྗེས་གཉིས་མཐུད་ཀྱིས་གཡག་སྟག་དཔོན་གྲོགས་དགའ་མཛའ་འཁོར་དང་བཅས་པ་བསད་ཅིང་། གའུ་ཡང་ལག་ལ་ལོན་ཟིན་པས་གདོན་འདྲེའི་བསམ་དོན་ཆེན་པོ་གཉིས་གྲུབ་སོང་ཡང་དེ་སྔོན་རང་གི་བརྩེ་དུང་ཆགས་པའི་དགའ་རོགས་པདྨ་མཚོར་སྨྲས་པའི་སྐད་ཆ་དག་དྲན་བྱུང་བས་འཁོར་དང་བཅས་པ་རླུང་འཚུབ་ལ་བརྫུས་ཏེ་ཤོག་ལྔ་ལུང་པར་སླེབས། ཤོག་ལྔ་ལུང་པའི་ས་རྟ་རྨིག་ཙམ་ཡང་མ་ལུས་པ་བསྐོར་ཡང་དགའ་རོགས་པདྨ་མཚོའི་དྲི་ཙམ་ཡང་བྲོ་རྒྱུ་མི་འདུག
གདོན་འདྲེས་མིའི་གཟུགས་སུ་སྤྲུལ་ཏེ་ལམ་ནས་འདུར་བཞིན་པའི་མི་གཉིས་ལ་པདྨ་མཚོ་གང་དུ་ཡོད་མེད་སོགས་མོའི་སྐོར་སྐད་ཆ་དྲིས་པས། མོའི་དགའ་རོགས་གཡུ་གཞུང་ལུང་པའི་དགྲ་རྒྱལ་དཔོན་ཟེར་བ་ཞིག་ཡོད་པ་དང་། ཁོ་དང་གཡག་སྟག་དཔོན་བར་དགྲ་ཆགས་པས་གཡག་སྟག་དཔོན་ལ་དགྲ་ཤ་ལེན་དུ་འགྲོ་དུས་ཁོས་མ་ཐུབ་པར་མཐར་གཙང་ཆུར་ལྕེབས་ཏེ་གྲོངས། གཏམ་དེ་གང་སར་ཁྱབ་པ་དང་གཡུ་གཞུང་ལུང་པའི་མིས་དགྲ་རྒྱལ་དཔོན་ལ་ངོ་ལོག་པས་ཤོག་ལྔ་ལུང་པར་འོངས་ཏེ་དགྲ་རྒྱལ་དཔོན་གྱི་དགའ་རོགས་པདྨ་མཚོ་ལ་བཙན་གཡེམ་བྱས་པ་སོགས་བྱ་བ་མི་རུང་བ་ངན་དགུ་བྱས་མཐར་ལྔ་ལམ་དུ་བཏང་། གོ་ཐོས་ལ་དེ་ཚོར་གཡག་སྟག་དཔོན་གྱིས་ཀྱང་སྒོར་མོ་སྤྲད་ཡོད་རེད་ཟེར། སྐད་ཆ་དེ་ཐོས་མ་ཐག་ཏུ་མི་དེ་ཆེས་ཤིན་ཏུ་གཏུམས་པའི་རྟ་ལ་བཞོན་པའི་གདོན་འདྲེའི་རང་གཟུགས་བསྟན་དེ་ཁ་ནས་འཐོར་རླུང་བཏང་བ་དང་འཁོར་གདོན་འདྲེ་མང་པོ་བྱ་རྒོད་པོ་ཤ་ལ་བབས་པ་ལྟར་འདུས་བྱུང་། རྒྱུ་ལམ་ནས་ནགས་ཚལ་ལྗོན་པ་ཡན་ཆད་བསྐམས་འགྲོ་བའི་ལྟས་ངན་པའི་རླུང་འཚུབ་ཆེན་པོ་ཞིག་ཏུ་གྱུར་ཏེ་རླུང་འཚུབ་དེ་གཡུ་གཞུང་ལུང་པར་སོང་། རླུང་འཚུབ་དེའི་རྒྱུ་ལམ་ནས་མཛེས་ཤིང་ལྟ་ན་སྡུག་པའི་ལྗོན་ཤིང་དང་སྤང་ལྗོངས་མེ་ཏོག་རྣམས་ཀྱང་སེར་བས་བཅོམ་པ་ལྟར་སྐམ་ཧྲུལ་ཧྲུལ་དུ་གྱུར་འགྲོ།
དྲུག་པ།
དུས་ཚོད་ཉིན་དཀར་ཡིན་ཡང་གཡུ་གཞུང་ལུང་པའི་རི་ལུང་ཐང་གསུམ་གློ་བུར་དུ་འཐིབས་བྱུང་བའི་སྤྲིན་ནག་ལྷོག་ལྷོག་དེས་ཡོངས་སུ་ཁེབས་ཤིང་མུན་ནག་ཏུ་གྱུར། གློག་དམར་འཁྱུག་ཅིང་འབྲུག་སྒྲ་ལྡིར། ལོ་ལོན་ཚོས་འདི་ནི་ཡུལ་ལ་ཡག་མོ་ཞིག་མི་ཡོང་རྒྱུའི་ཐན་ལྟས་རེད་ཟེར། “བླ་མ་ལ་སྐྱབས་འཇུག་ཞུ་རྒྱུ་རེད།” ལོ་ལོན་གཅིག་གིས་དེ་ལྟར་ལབ་བྱུང་བས་ཡུལ་མི་ཚང་འཛོམས་ཀྱིས་བླ་མ་འགྲོ་འདུལ་རྩར་བཅར་ཞིང་སྐྱབས་འཇུག་ཞུ་རྒྱུ་བྱས། བླ་མ་འགྲོ་འདུལ་ནི་མདོ་ཁམས་སྨད་ནས་དབུས་ཕྱོགས་བསམ་ཡས་སུ་ཕེབས་མཁན་ཡིན་ཞིང་། ལ་ལུང་ཆེ་ཆུང་མང་པོ་ཞིག་བརྒྱབ་མཐར་ཕེབས་ལམ་ན་གཡུ་གཞུང་ལུང་པ་ཁེལ་བས་དེར་ཉིན་གསུམ་ལ་ཁྱིམ་ཚང་ཞིག་ལ་གནས་ཚང་གཡར་ཏེ་ངལ་གསོ་བསྟེན་ནས་བཞུགས་ཡོད། ཞབས་ཕྱི་ཉེ་གནས་དེས་བཤད་པ་ལྟར་ན། བླ་མས་ཡི་དམ་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་ཚད་དུ་འཁྱོལ་བ་གནང་ཞིང་། གཞུང་ནས་བཤད་པ་ལྟར་གྱི་མཆོག་ཐུན་གྱི་དངོས་གྲུབ་ལ་དབང་འབྱོར་བའི་བྱིན་རླབས་ཤིན་ཏུ་ཆེ་བ་ཞིག་ཡིན་འདུག བླ་མ་བཞུགས་སའི་ཁྱིམ་གྱི་སྒོ་གླེགས་བརྡུངས་བྱུང་བ་དང་ཉེ་གནས་ཀྱིས་ཕྱེ་ནས་བལྟས་པས། གཡུ་གཞུང་ལུང་པའི་ཡུལ་མི་ཡོད་ཚད་ལག་གཉིས་ཐལ་མོ་སྦྱར་ཏེ་བླ་མའི་ཞབས་ལ་མགོ་བོ་གཏུགས་བྱུང་། གནས་ཚུལ་རྣམས་ཡར་ལ་མ་ཞུས་གོང་ནས་མཉམ་གཞག་ལ་བཞུགས་པའི་བླ་མས་སྤྱན་གཉིས་ཟིམ་ཟིམ་གྱིས་ཁོང་ཚོར་གཟིགས་ཏེ། “ངས་ཤེས་ཀྱི་ཡོད། འདི་རྣམས་སྨོན་ལམ་ལོག་པའི་གདོན་འདྲེ་མཐུ་ཆེན་དེའི་ཆོ་འཕྲུལ་རེད། ཁྱེད་ཚོས་མི་ཤེས་ན་གདོན་འདྲེ་དེ་ནི་ཁྱེད་ཚོའི་དཔོན་དགྲ་རྒྱལ་དཔོན་དབང་འདུས་རྡོ་རྗེ་ཟེར་བ་དེའི་རྣམ་ཤེས་ཡིན་ཏེ། ཁྱེད་ཚོའི་ནང་ནས་མི་འགས་ཁོའི་དགའ་རོགས་པདྨ་མཚོ་ཟེར་བ་ཞིག་འདུག་པ་དེ་ལ་བྱ་བ་ངན་དགུ་བྱས་ཏེ་བསད་འདུག དེས་ན་ཁོས་ལུང་པ་འདིའི་མི་ཡོད་ཚད་དགྲ་རུ་བལྟས་འདུག ད་ནི་ཁོ་སླེབས་བྱུང་”གསུངས་པ་དང་། རླུང་འཚུབ་གཅིག་དྲག་ཏུ་འཚུབས་འོངས་ཤིང་གཡུ་གཞུང་ལུང་པར་སྐོར་བ་ཐེངས་གསུམ་བརྒྱབ། བླ་མ་སྒོ་ཕྱིར་བྱོན་ཏེ་ཕྱག་གཡོན་མས་སྟ་ཟུར་གཡོན་མ་མནན། གཡས་པས་སྡིགས་མཛུབ་རླུང་འཚུབ་དེར་གཏད་དེ། “ཧཱུྃཿ ཧཱུྃཿ ” ཞེས་བརྗོད་པས་གདོན་འདྲེ་འཁོར་དང་བཅས་པས་རང་གཟུགས་བསྟན་ཅིང་གཙོ་བོ་དེས། “ཨ໋་བཛྲ་ཀི་ལི་ཀི་ལ་ཡཱ།” ཞེས་ལབ་བྱུང་བས་བླ་མས་ཁོ་རང་ཕུར་པ་གྲུབ་པ་ཞིག་ཡིན་འདུག་པར་མཁྱེན། བླ་མ་ཉིད་ཡི་དམ་དཔལ་ཆེན་པོ་སྐུ་རི་བོ་ཙམ་ཞིག་ཏུ་སྤྲུལ་ཏེ། “ཕཊ῝” ཞེས་བསྡིགས་བྱུང་བས་གདོན་འདྲེ་ཁོ་ནུས་པ་ཇི་ཙམ་ཆེ་རུང་བླ་མའི་མདུན་དུ་འདར་ཤིག་ཤིག་གི་བྱིས་པ་ཆུང་ངུ་ཞིག་ཏུ་གྱུར། འཁོར་གཞན་རྣམས་ཀྱང་དེ་མཚུངས་སུ་གྱུར་འདུག གདོན་འདྲེ་འཁོར་བཅས་ཀྱིས་བླ་མའི་དམ་འོག་ཏུ་གནས་པར་ཁས་བླངས་ཤིང་སྲོག་སྙིང་ཕུལ།
བླ་མས་“གཅིག་ནས་ཁྱོད་ཕུར་པ་གྲུབ་པས་ནུས་པ་ཆེ་བ་དང་། གཉིས་ནས་བསྒྲལ་རྒྱུ་ཡང་ང་ལ་མ་བབས་པས་ཁྱོད་ཕ་གིི་ཡུལ་ལྷ་མགར་ནག་གི་སར་གནས་ཆོས་ལ་སྡོད་ཅིག བཟའ་བཏུང་རྣམས་ཡུལ་པས་མཆོད་འོང་ཞིང་། ཡུལ་མི་ལ་གནོད་འཚེ་མ་བྱེད་”གསུངས། “དམ་ལས་འགལ་ན་མ་ཧཱ་གུ་རུ་དངོས་སྣང་གཏེར་སྟོན་བདུད་འདུལ་གླིང་པ་བྱ་བས་ཁྱོད་འཁོར་བཅས་བསྒྲལ་བར་འགྱུར་རོ།།” ཞེས་ལུང་བསྟན་ཏོ། །ཕྱིས་གདོན་འདྲེ་འཁོར་བཅས་དམ་ལས་འགལ་ཏེ་ཡུལ་མིར་གནོད་པ་ལ་བརྟེན་ངས་མདང་དགོང་ཡི་དམ་སྒྲུབ་པ་བཀའ་བརྒྱད་ལ་བརྟེན་པའི་དྲག་པོ་མངོན་སྤྱོད་ཀྱི་ལས་མཐས་རྗེས་ཤུལ་མེད་པར་བསྒྲལ་ཞིང་། ངའི་སྐུ་གོང་མ་ཞིག་གིས་རོང་བཙན་ཁ་བ་དཀར་པོ་ནས་གཏེར་དུ་བཞེས་པའི་གའུ་བྱིན་ཆེན་ཁོའི་ལུས་ན་བཏགས་འདུག་པ་དེ་ཡང་ཚུར་ནོར་བདག་པོའི་ལག་ཏུ་འཕྲོད་བྱུང་གསུངས། བསམ་གྲུབ་ཀྱིས་ཨ་ཁུ་བླ་མར། “འོ་ན་གཏེར་སྟོན་བདུད་འདུལ་གླིང་པ་བྱ་བ་དེ་ཁྱེད་ཡིན་པ་རེད་”ཞུས་པས། “འོ། འོ། དེ་ང་ཡིན་རེད་”གསུངས།