ལོ་རིམ་བརྒྱད་པའི་སློབ་གཉེར་བ། དངོས་གྲུབ་དབང་ཕྱུག
ཇོ་སིཕི་ རུཌ་ཡཌ་ ཀིཔ་ལིང་། (Joseph Rudyard Kipling) (༡༨༦༥-༡༩༣༦)
གལ་ཏེ་ཁྱེད་ཀྱི་ཡས་མས་ཐམས་ཅད་ཁོང་ཁྲོ་ལངས་ཏེ། ཁྱེད་ལ་སྐྱོན་འཛུགས་བྱས་ཀྱང་། ཁྱེད་ཀྱི་གཤིས་རྒྱུད་ལྷིང་འཇགས་སུ་གནས་ན། གལ་ཏེ་གཞན་གྱིས་ཁྱེད་ལ་ཡིད་གཉིས་བྱས་ཀྱང་། ཁྱེད་ཁྱེད་རང་ལ་ཡིད་ཆེས་ཡོད་ན།
གལ་ཏེ་ཁྱེད་ཀྱིས་སྙིང་རུས་ཀྱིས་བསྒུགས་ཤིང་། ཁྱེད་ཀྱིས་དེ་དག་གི་སོམ་ཉི་ཆ་ཡང་བཏང་སྟེ། ངང་རྒྱུད་རིང་པོས་སྒུག་ནུས་ན། དེ་མིན་ཁྱེད་ཀྱིས་དྲང་པོའི་ལམ་ལ་གནས་ཏེ། འཁྱོག་པོའི་ལམ་དུ་མ་ཞུགས་ན། ཡང་གཞན་གྱིས་ཁྱེད་ལ་ཞེ་འཁོན་དུ་བཟུང་ཡང་། དེར་ཁྱེད་ཀྱིས་ཞེ་ལོག་མ་བྱས་པར་གནས་ན། ད་དུང་རང་ཉིད་མཆོག་ཏུ་མི་འཛིན་པར། གཞན་ལ་རང་ཉིད་མཁས་པའི་གཏམ་མ་སྨྲས་ན།
གལ་ཏེེ་ཁྱེད་ཀྱིས་དམིགས་ཡུལ་བཞག་ཀྱང་། དངོས་གནས་མིན་པའི་དམིགས་ཡུལ་གྱི་རྗེས་སུ་མ་འབྲངས་ན། གལ་ཏེ་ཁྱེད་ཀྱིས་བསམ་བློ་བཏང་ཡང་། དམིགས་འདུན་དེ་ཉིད་དམིགས་ཡུལ་ལོག་ལམ་དུ་མ་བཟོས་ན།
གལ་ཏེ་ཁྱེད་རང་སྟབས་ལེགས་ཉེས་གང་དང་འཕྲད་ཀྱང་། གནས་ཚུལ་དེ་གཉིས་ཀ་ཕྱོགས་མཚུངས་སུ་གདོང་ལེན་བྱེད་ནུས་ན། གལ་ཏེ་ཁྱེད་ཀྱིས་བཤད་པའི་བདེན་གཏམ་དེ། ཁྲེལ་མེད་དག་གིས་མི་བདེན་པའི་གཏམ་དུ་སྨྲས་ཤིང་། གོ་བ་ལོག་པར་བསྒྲུབས་ཏེ་མི་ཤེས་པའི་རྒྱ་རྙི་བཟོས་ཀྱང་། ཁྱེད་ཀྱིས་བཟོད་སེམས་ཀྱིས་ཉན་པར་ནུས་ན།
གལ་ཏེ་ཁྱེད་ཀྱིས་མི་ཚེ་ཧྲིལ་པོར་འབད་བརྩོན་གྱིས་བསྒྲུབས་པའི་ཅ་དངོས་དགའ་ཤོས་དེ་བརླགས་ཀྱང་། ཁྱེད་ཀྱི་སྙིང་སྟོབས་དེ་མ་བརླགས་པར། བཀོལ་ཟད་སོང་བའི་དངོས་པོ་དེ་ཡང་བསྐྱར་སྒྲུབ་ཐུབ་ན།
གལ་ཏེ་ཁྱེད་ཀྱིས་ལམ་ལྷོང་མ་བྱུང་བ་ཐམས་ཅད། རང་ཉིད་ཀྱི་རྒྱལ་ཁ་རུ་བཟོས་ཤིང་། བཟོད་བསྲན་གྱིས་ཉེན་ཁ་དེ་དང་ལེན་བྱེད་ནུས་ན། ཁྱེད་ཀྱིས་གོ་སྐབས་དེ་ཤོར་ཡང་། སླར་ཡང་འགོ་ནས་བྱེད་འགོ་རྩོམ་པར་བྱས་ན། ཁྱེད་ཀྱིས་གོད་ཆགས་ཀྱི་གསང་ཚིག་བསྡམ་ཐུབ་ན།
གལ་ཏེ་ཁྱེད་ཀྱི་སྙིང་དང་དབང་རྩའམ་སྙིང་སྟོབས་དེ། དཀའ་སྡུག་མྱངས་ཀྱང་ངལ་རྩོལ་བྱེད་ལ། གྱོང་གུད་དེ་དག་སྙིང་སྟོབས་སུ་བསྐུལ་ཏེ། དེ་མིན་དེ་ལ་འདུན་སེམས་ཀྱིས་ཕྱིར་འཐེན་མ་བྱས་ན།
གལ་ཏེ་ཁྱེད་ཀྱིས་རང་ཚུགས་མ་ཤོར་ཞིང་། རིགས་མཐོ་དམན་གང་འདྲ་ཞིག་ཡིན་ཡང་། དེ་དག་དང་གྲོས་མོལ་བྱེད་ནུས་ཤིང་། ཐུན་མོང་འདུས་ཚོགས་དང་མ་འགལ་བར། རྒྱལ་པོ་དང་ཡང་འགྲོགས་ནུས་ན། ཁྱེད་ཀྱི་དགྲའམ་སྙིང་ཉེ་བའི་གྲོགས་པོས་ཀྱང་། ཁྱེད་ལ་གནོད་འཚེ་བྱེད་མི་ནུས་སོ།།
གལ་ཏེ་མི་མང་པོས་ཁྱེད་ལ་བརྩི་བཀུར་གྱིས་མཐོང་ཆེན་བྱས་ཀྱང་ཁྱེད་ཉིད་ང་རྒྱལ་གྱིས་མི་ཁེངས་པར་ཆོག་ཤེས་བྱེད་ནུས་ན།
གལ་ཏེ་ཁྱེད་ཀྱིས་མཐོང་ཆེ་བའི་སྐར་ཆ་དྲུག་ཅུ་བརྩིས་པའི་སྐར་མ་གཅིག་སྟེ་གློད་མི་ཕོད་པའི་དུས་ཚོད་དེ། ཅུང་ཙམ་ཡང་ཆུད་ཟོས་སུ་མི་གཏོང་བར། བེད་སྤྱོད་བྱས་ཏེ་འོས་འཚམས་ཅན་ཞིག་ཏུ་བཟོ་ཐུབ་ན། ཁྱེད་ཀྱིས་འཛམ་གླིང་གི་སྣོད་བཅུད་ཐམས་ཅད་རྒྱལ་ཁ་རུ་ལེན་ནུས་སོ། །བུ་དེ་ནི་གང་ལས་ཀྱང་ལྷག་པའི་ཕུན་སུམ་ཚོགས་པ་ཡང་དག་པའི་མི་ཞིག་ཏུ་བརྩི་ཆོག་གོ།
བསྒྱུར་གཞི།
Poetry foundation ཞེས་པའི་དྲ་གནས་ལས་ཕབ་སྟེ་བསྒྱུར།