གསེར་ཕྲེང་དྲིས་ལན་བྱིས་པའི་གཏམ།

ཕུན་ཚོགས། (སེར་བྱེས།)

རྒྱལ་རྩེ་ཤེར་འབྱུང་ལགས་ཀྱི་གསེར་ཕྲེང་སྐབས་དང་པོའི་དྲི་བ་འདི་དག་ལ་ལན་ཞིག་འདེབས་དགོས་ཞེས་གྲོགས་པོ་ཞིག་གིས་བཀའ་གནང་བ་ལྟར། འདིར་དྲི་བ་ཁག་ལས་གལ་གནད་ཆེ་བ་དང་རང་ལ་རྒྱུས་ཅུང་ཙམ་ཡོད་པ་འགའ་ལ། གསེར་ཕྲེང་གི་འགྲེལ་པ་ཁག་ལས་གསུང་ཚུལ་དང་མཁས་པའི་གསུང་རྒྱུན་དག་ལ་གཞི་བཅོལ་ཏེ། རང་གི་དཔེ་ཀློག་དང་བསམ་གཞིག་ལས་རྙེད་པ་རེ་འགས་ཀྱང་ཟུར་བརྒྱན་ཁུལ་བྱས་ཏེ་ལན་འགའ་འབྲི་བ་ལ་ཞུགས་པར་བྱའོ།།

དྲི་བ་དང་པོ། འདི་ལ་ཁ་ཅིག་ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་རིགས་ཚོགས་དྲུག་གི་གྲངས་ངེས་འདོད་པ་དང་། གཞན་དག་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེས་འཕྲོས་སུ་བྱེད་པ་ནི་འཁྲུལ་བ་ཁོང་དུ་ཆུད་པར་བྱའོ། །ཞེས་པའི་ཁ་ཅིག་དེ་མཁས་པ་སུ་ཡིན་པ་དང་འཁྲུལ་གཞི་ཇི་ལྟར་གསལ་ཚུལ། རང་ལུགས་ལ་རིགས་ཚོགས་དང་བསྟོད་ཚོགས་ཀྱི་ཁྱད་པར། རིགས་ཚོགས་དྲུག་དེ་གྲངས་ངེས་ཇི་ལྟར་འདྲེན།

དྲི་བ་དང་པོའི་ལན། དྲི་བ་འདིར་ཟུར་བཞི་འདུག་ཅིང་། ཟུར་དང་པོའི་ལན་ནི། འདིར་ཁ་ཅིག་བཞི་སྨོས་པའི་ཁ་ཅིག་དང་པོ་འདི་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཡིན་ཏེ། ཁོང་གི་རྩ་ཤེས་འགྲེལ་པ་འཐད་པའི་རྒྱན་དུ་གསུངས། ཁ་ཅིག་གཉིས་པ་རེད་མདའ་བ་གཞོན་ནུ་བློ་གྲོས་ཡིན་ཞིང་། ཁོང་གི་བཞི་བརྒྱ་པའི་འགྲེལ་པར་དེ་ལྟར་བགྲངས། ཁ་ཅིག་གསུམ་པ་འདི་ངོས་འཛིན་ཚུལ་མི་འདྲ་བ་གཉིས་སྣང་སྟེ། ག་ལས་འཇིགས་མེད་རྩ་ཤེས་རང་འགྲེལ་དུ་བཞེད་པའི་སྤྱན་རས་གཟིགས་བརྟུལ་ཞུགས་རྗེས་འབྲངས་དང་བཅས་པ་ལ་འཇོག་པ་དང་། ཡང་། ལོ་ཙཱ་བ་བཻ་རོ་ཙ་ན་སོགས་མཁས་པ་རྣམ་བཞིས་མཛད་པའི་གསང་སྔགས་ལུང་གི་བང་མཛོད་ལས། དབུ་མའི་བསྟན་བཅོས་རིགས་ཚོགས་དྲུག་མཛད་དེ། དེ་ཡང་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། ཞིབ་མོ་རྣམ་པར་འཐག་པའི་མདོ། ག་ལས་འཇིགས་མེད། རྩོད་པ་བཟློག་པ་དང་དྲུག་མཛད་ཅེས་གསུངས་པ་འདི་དང་། ཨོ་རྒྱན་གླིང་པའི་གཏེར་མ་བཀའ་ཐང་སྡེ་ལྔ་ཡིན་གསུང་མཁན་ཡང་འདུག ཁ་ཅིག་བཞི་པ་ནི། བུ་སྟོན་ཆོས་འབྱུང་ལས། གཉིས་པ་བཀའ་བར་པའི་དགོངས་འགྲེལ་ལ་ལྟ་བའི་ཆ་དང་སྤྱོད་པའི་ཆ་གསལ་བར་བྱེད་པ་གཉིས་སོ། །དང་པོ་ལ། ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཏེ། མདོས་དངོས་སུ་བརྗོད་པའི་དོན་ནམ། སྙིང་པོའི་དོན་སྟོན་པ་དབུ་མ་རིགས་པའི་ཚོགས་དྲུག་སྟེ། ཆོས་ཐམས་ཅད་རང་བཞིན་སྟོང་པ་ཉིད་རྟེན་འབྲེལ་སྤྲོས་པའི་མཐའ་དང་བྲལ་བར་སྟོན་པ་སྟོང་ཉིད་བདུན་ཅུ་པ། དེ་ལས་གཞན་སྐྱེ་བ་ལ་སོགས་པར་བདེན་པ་འགོག་པ་རྩ་བ་ཤེས་རབ་སྟེ། གཉིས་པོ་རྩ་བའམ་གཙོ་བོའོ། །དེ་རིགས་པས་སྒྲུབ་པ་རིགས་པ་དྲུག་ཅུ་པ། དེ་ལ་གཞན་གྱིས་རྩོད་པའི་སྐྱོན་སྤོང་བ་རྩོད་པ་བཟློག་པ། གཞན་རྟོག་གེ་བ་དང་རྩོད་པའི་ཚུལ་སྟོན་པ་ཞིབ་མོ་རྣམ་འཐག དོན་དམ་པར་རང་བཞིན་མེད་ཀྱང་ཀུན་རྫོབ་ཏུ་འཇིག་རྟེན་གྱི་ཐ་སྙད་འཐད་ཅིང་གྲུབ་པར་སྟོན་པ་ཐ་སྙད་གྲུབ་པ་དང་དྲུག་ཡིན་ནོ་ཞེས་གསུངས་སོ། །ཞེས་གསུངས་པས། བུ་སྟོན་རིན་པོ་ཆེ་ཡིན་པར་གསུང་མཁན་མང་ལ། འོན་ཀྱང་། འདི་བུ་སྟོན་གྱིས་བཞེད་མིན་བརྟག་དགོས་ཏེ། འདིར་ཤིང་རྟའི་སྲོལ་འབྱེད་བཞིར་གྲགས་ཞེས་གསུངས་ནས། མཐར་ཞེས་གསུངས་སོ་ཞེས་ཁ་ཅིག་གི་འདོད་པ་བརྗོད་པའི་གཞུང་དུ་གསལ་བའི་ཕྱིར། ཡང་། གསེར་ཕྲེང་གི་འགྲེལ་པ་འོད་ཀྱི་ཕུང་པོ་རུ་ལམ་སྒྲོན་རང་འགྲེལ་དུ་གྲགས་པ་དེ་འཇོག་ཅིང་རྒྱུ་མཚན་དང་བཅས་གསལ་བས། དེར་གཟིགས་པར་ཞུ།  དྲི་བའི་ཟུར་གཉིས་པའི་ལན་ནི། ཇི་ལྟར་འཁྲུལ་ཚུལ་ནི་བུ་སྟོན་ཆོས་འབྱུང་དུ་གསལ་བ་ལྟར། ཁ་ཅིག་འདིས་སྟོང་ཉིད་བདུན་ཅུ་པ་ལས་ཆོས་ཐམས་ཅད་མཐའ་བཞི་སྤྲོས་བྲལ་དུ་གཏན་ལ་ཕབ་ཅིང་། དེ་ལས་གཞན་སྐྱེ་བྱེ་བྲག་ཏུ་འགོག་པ་ལ་རྩ་ཤེས་འཕྲོས་པ་ཡིན་པར་འདོད་པར་གསལ། 

དྲི་བའི་ཟུར་གསུམ་པའི་ལན་ནི། རིགས་ཚོགས་ཀྱི་དོན་ནི། སྟོང་ཉིད་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་གཏན་ལ་འབེབས་པའི་གཞུང་ཞིག་འཇོག་ཅིང་། དཔེར་ན། རྩ་ཤེས་ལྟ་བུའོ། །གཏམ་ཚོགས་ཀྱི་དོན་ནི། དགག་སྒྲུབ་ཀྱི་སྤྲོས་པ་ལྷུར་བླངས་ཏེ་བརྩམས་པ་ལྟ་བུ་མིན་པར། སློབ་མ་སོགས་ལ་བསླབ་བྱའི་ཚུལ་དུ་གདམས་པའི་གཞུང་ཞིག་སྟེ། དཔེར་ན། རིན་ཆེན་ཕྲེང་བ་ལྟ་བུ། དྲི་བའི་ཟུར་བཞི་པའི་ལན་ནི། རང་ལུགས་རིགས་ཚོགས་དྲུག་གི་གྲངས་འདྲེན་ཚུལ་ནི་རྩ་ཤེས་ཊཱིཀ་ཆེན་དུ་གསལ་བ་ལྟར་ལེགས་ཤིང་། འདི་ལ་རྗེའི་ཕྱི་རྩོམ་རྩ་ཤེས་ཊཱིཀ་ཆེན་དང་སྔ་རྩོམ་ལེགས་བཤད་གསེར་ཕྲེང་གཉིས་ལ། རིགས་ཚོགས་ཀྱི་གྲངས་འདྲེན་སྟངས་མི་མཐུན་པ་ཡོད་དམ་ཞེ་ན། འདི་ལ་འགྲེལ་པ་དུ་མ་དང་མཁས་པ་མང་པོས་མགྲིན་གཅིག་ཏུ་མི་མཐུན་པར་སྨྲ་མོད། འོན་ཀྱང་། དོན་དམ་དུ་གསེར་ཕྲེང་གི་དགོངས་པ་གང་དུ་གནས་ཡོད་མེད་ཤིན་ཏུ་དཔྱད་གཞི་ཆེ་བར་སྣང་སྟེ། གསེར་ཕྲེང་གི་གཞུང་གུང་བསྒྲིགས་ནས་དཔྱད་ན། རིགས་ཚོགས་ལྔ་ཡི་གྲངས་འདྲེན་ཚུལ་དེ་གསེར་ཕྲེང་རང་ལུགས་ཡིན་མིན་ཧ་ཅང་དོགས་ཏེ། གསེར་ཕྲེང་ལས་ཤེར་མདོ་དེ་མདོ་གཞན་ལས་མཆོག་ཏུ་གྱུར་པར་བསྟན་རྗེས།  “འདིའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ་ཡང་དུ་མ་ཞིག་ཡོད་ཀྱང་གཙོ་བོར་གྱུར་པ་ནི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཞེས་སྔ་མ་རྣམས་ལ་གྲགས་སོ།།” ཞེས་ཤེར་ཕྱིན་གྱི་མདོ་ཡི་དགོངས་པ་འགྲེལ་ཚུལ་ཇི་ལྟར་ཡིན་ཞེ་ན། དེ་ལ་སྔ་རབས་པ་རྣམས་ཀྱིས་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་བཞི་བཞེད་པར་གསུངས་ནས། “དེ་ཡང་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཞབས་ཀྱིས་”ཞེས་དེ་དག་གིས་བཞེད་པའི་དགོངས་འགྲེལ་གྱི་བསྟན་བཅོས་བཞི་ངོས་འཛིན་མཛད་ཅིང་། དེ་ཡང་། དེ་དག་གིས་བཞེད་པའི་ཡུམ་གྱི་དངོས་བསྟན་སྟོང་ཉིད་ཀྱི་སྲོལ་འབྱེད་པའི་དགོངས་འགྲེལ་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་རིགས་ཚོགས་ལྔ་བཞེད་པ་དང་། ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་ནས་དྲུག་ཏུ་བཞེད་པའི་ཚུལ་གཉིས་བཀོད་ཅིང་། འོག་ཏུ་“དེ་དག་གིས་དགོངས་འགྲེལ་གཞན་ལ་མ་བརྟེན་པར་ཤེར་ཕྱིན་གྱི་མདོ་ཡི་དགོངས་པ་རེ་འགྲེལ་བས་ཤིང་རྟའི་སྲོལ་འབྱེད་ཅེས་སྔ་མ་རྣམས་ལ་གྲགས་སོ།།” ཞེས་སྔ་རབས་པ་རྣམས་ཀྱིས་ཤེར་ཕྱིན་གྱི་མདོ་ཡི་དགོངས་འགྲེལ་དུ་བཞེད་པའི་བསྟན་བཅོས་ཀྱི་གྲངས་འདྲེན་ཡིན་པར་གསལ་བའི་ཕྱིར། དེའི་ཕྱིར། རིགས་ཚོགས་ལ་ལྔ་བགྲངས་པ་དེ་གསེར་ཕྲེང་རང་ལུགས་མ་ཡིན་པར་མངོན། འོ་ན། གསེར་ཕྲེང་རང་ལུགས་ལ་ཐ་སྙད་གྲུབ་པའམ་རིན་ཆེན་ཕྲེང་བའམ་ག་ལས་འཇིགས་མེད་བསྣན་པའི་རིགས་ཚོགས་དྲུག་གི་གྲངས་འདྲེན་དེ་འཁྲུལ་བ་ཁོང་དུ་ཆུད་པར་བྱའོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། འཁྲུལ་བ་ཁོང་དུ་ཆུད་པར་བྱའོ་ཞེས་པ་ནི། གཞན་དག་སྟོང་ཉིད་བདུན་ཅུ་པ་ལུས་སུ་བྱས་ནས་རྩ་ཤེས་འཕྲོས་སུ་བྱེད་པ་ནི་འཁྲུལ་བ་ཁོང་དུ་ཆུད་པར་བྱའོ་ཞེས་སྦྱར་དགོས་ཏེ། གཞན་དག་གིས་གོང་དུ་བསྒྲུབ་བྱ་སྒྲུབ་བྱེད་གཉིས་ཀྱི་དབང་དུ་བྱས་པའི་རིགས་ཚོགས་འཆད་སྟངས་དེ་བཀག་ནས། རང་ལུགས་འཇོག་སྐབས་སྟོང་ཉིད་བདུན་ཅུ་པ་ལུས་དང་རྩ་ཤེས་འཕྲོས་སུ་བཤད་པ་ནི་འཁྲུལ་བར་བསྒྲུབས་པ་ཡིན་ནོ། །དེ་ལྟར་མིན་པར་ཐམས་ཅད་ལ་སྦྱར་ན་ལྔ་འདོད་པའང་འཁྲུལ་བར་བཤད་པར་ཐལ་ཞིང་། དེ་ལྟར་ན་གསེར་ཕྲེང་རང་ལུགས་ལ་རིགས་ཚོགས་ལྔ་ཡི་གྲངས་འདྲེན་ཟེར་བའང་མི་འཐད་དོ། །འོ་ན། གསེར་ཕྲེང་རང་ལུགས་ལ་རིགས་ཚོགས་ཀྱི་གྲངས་ཇི་ཙམ་དང་བསྟན་བཅོས་དེ་རྣམས་ལས་གང་དང་གང་རིགས་ཚོགས་སུ་བཞེད་ཅེ་ན། གསེར་ཕྲེང་རང་ལས་དེ་དག་ལས་གང་ཞིག་རིགས་ཚོགས་སུ་བཞེད་མིན་མི་གསལ་ཡང་། རྩ་ཤེས་ཊཱིཀ་ཆེན་ལས་བགྲངས་པ་ལྟར་ཡིན་ལ། རིགས་ཚོགས་ཀྱི་གྲངས་ལ་རིགས་ཚོགས་དྲུག་ཏུ་བཞེད་པ་ནི་རྗེ་བཙུན་པའི་སྐབས་དང་པོའི་སྤྱི་དོན་དུ་དྲངས་པའི་ཚིག་འདི་ལས་གསལ་ཏེ། གསེར་ཕྲེང་ལས། དེ་ལ་དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དྲུག་དང་ཞེས་དྲངས་ཤིང་། ད་ལྟའི་གསེར་ཕྲེང་གི་དཔེ་ལ་དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང་ཞེས་པ་ལས་མེད་ཀྱང་། དེ་ལྟར་གསེར་ཕྲེང་གི་གཞུང་གུང་བསྒྲིགས་ཏེ་ཞིབ་ཏུ་བརྟགས་ན་རྗེ་བཙུན་ཡིག་ཆར་དྲངས་པའི་གསེར་ཕྲེང་གི་ཚིག་འདི་ནི་ཡི་གེ་ནོར་བ་ཞིག་མིན་པར། ཏག་ཏག་བསམ་གཞིག་བྱེད་རིན་ཆེན་པོ་ཞིག་ཡོད་པར་སྣང་ཞིང་། དངོས་བསྟན་སྟོང་ཉིད་ཀྱི་དོན་རིགས་ཚོགས་དང་ཞེས་པའི་ད་ལྟའི་གསེར་ཕྲེང་གི་ཚིག་འདི་ནི། རིགས་ཚོགས་ལྔ་བགྲངས་པའི་ཁ་ཅིག་གི་འདོད་པ་དེ། གསེར་ཕྲེང་རང་ལུགས་སུ་འཁྲུལ་ནས་བཅོས་པ་ཞིག་ཨེ་ཡིན་སྙམ་པའི་དོགས་པ་ཞིག་འགོག་མེད་དུ་འཆར་རོ།།

དྲི་བ་གཉིས་པ།  རྣམ་གཡེང་གི་རྟོག་པ་བཅུ་སྟེ། ཉི་ཁྲི་དག་ལྡན་ལས། གང་དག་དངོས་མེད་དངོས་དག་དང་། །གང་དག་གཅིག་དང་དུ་མ་དང་། །གང་དག་ངོ་བོ་ཁྱད་པར་དང་། །གང་དག་སྒྲོ་འདོགས་སྐུར་འདེབས་དང་། །གང་གི་མིང་གཞི་དོན་དང་ནི། །དོན་བཞིན་མིང་དུ་མངོན་བརྗོད་གང་། །དེ་ནི་རྣམ་པར་གཡེང་བ་ཡི། །རྣམ་པར་རྟོག་པ་རྣམ་བཅུར་འདོད། །ཅེས་པའི་དངོས་བསྟན་གྱི་རྟོག་པ་བཅུ་དེ་ཇི་ལྟར་སྟོན་ཚུལ་དང་། གྲུབ་མཐའ་གོང་འོག་གི་རྟོག་པ་བཅུའི་དགག་བྱའི་ཁྱད་པར་ལ་སྦྱོར་ཚུལ་མི་འདྲ་བ་ཡོད་མེད་དང་། དེ་དག་བདག་གཉིས་ཀྱི་འཛིན་སྟངས་གང་དང་གང་དུ་གཏོགས།

དྲི་བ་གཉིས་པའི་ལན། སྟོན་ཚུལ་ནི་ཚིག་ཟིན་དུ་གསལ་ཞིང་སླ་བས་མ་བྲིས་ལ། རྟོག་པ་བཅུས་གཟུང་རྒྱུའི་དགག་བྱ་ལ། ཀུན་མཁྱེན་ཡིག་ཆའི་རྗེས་འབྲངས་འགས་གྲུབ་མཐའ་གོང་འོག་གི་ཁྱད་པར་འབྱེད་ཀྱང་། ཡིག་ཆ་ཙམ་ལས་རྒྱ་གཞུང་དང་རྗེ་ཡབ་སྲས་ཀྱི་ཁུངས་མི་གསལ་ཞིང་། ཀུན་བཏུས་དར་ཊཱིཀ་དང་འགལ་བས་དགག་བྱ་ལ་ཁྱད་པར་མེད་ལ། དེས་ན། སྔ་མ་གཉིས་གང་ཟག་གི་བདག་འཛིན་ལ་བརྟེན་པ་དང་ཕྱི་མ་བརྒྱད་ཆོས་ཀྱི་བདག་འཛིན་ལ་བརྟེན་པར་དར་ཊཱིཀ་ལས་གསུངས་པ་ལྟར་རོ།།

དྲི་བ་གསུམ་པ། གསེར་ཕྲེང་ལས། སྟོང་ཉིད་བཅུ་དྲུག་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟེང་དུ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བགྲང་རྒྱུ་ཡིན་པ་ལ་དང་པོ་དོར་ནས་མི་དམིགས་པ་སྟོང་པ་ཉིད་བགྲངས་པ་ནི། རྩ་བ་དང་འགལ་ལོ། །ཞེས་སོགས་ཀྱི་སྟོང་ཉིད་བཅུ་དྲུག་གི་གྲངས་འདྲེན་ཚུལ་དང་རྩ་བ་དང་འགལ་ཞེས་པའི་རྩ་བ་དེ་གང་ལ་འཇོག  

དྲི་བ་གསུམ་པའི་ལན། དྲི་བ་འདིར་ཟུར་གཉིས་འདུག་ཅིང་། ཟུར་དང་པོའི་ལན་ནི། སྤྱིར་སྟོང་ཉིད་བཅུ་དྲུག་གི་གྲངས་འདྲེན་ཚུལ་ནི། དངོས་པོ་མེད་པའི་སྟོང་པ་ཉིད་དོར་ནས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟེང་དུ་མི་དམིགས་པ་སྟོང་པ་ཉིད་བསྣན་ཏེ། བཅུ་དྲུག་འདྲེན་ཚུལ་གཅིག་དང་། མི་དམིགས་པ་སྟོང་པ་ཉིད་དོར་ནས། རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་སྟེང་དུ་དངོས་པོ་མེད་པའི་སྟོང་པ་ཉིད་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྣན་ཏེ། སྟོང་ཉིད་བཅུ་དྲུག་ཏུ་འདྲེན་ཚུལ་གཉིས་ཡོད་ཅིང་། སྔ་མ་དབུ་མ་ལ་འཇུག་པ་དང་ཡུམ་གསུམ་གནོད་འཇོམས་སོགས་ཀྱི་འདྲེན་ཚུལ་དང་། ཕྱི་མ་དབུས་མཐའ་རྩ་འགྲེལ་སོགས་ཀྱི་འདྲེན་ཚུལ་ཡིན། 

དྲི་བའི་ཟུར་གཉིས་པའི་ལན་ནི། རྩ་བ་དང་འགལ་ལོ་ཞེས་པའི་རྩ་བ་ངོས་འཛིན་ཚུལ་མི་འདྲ་བ་དུ་མ་བྱུང་སྟེ། རྩ་བ་ཞེས་པ་རྩ་འགྲེལ་གྱི་རྩ་བར་བྱེད་པ་དང་། རྩ་བའི་དོན་ཁུངས་གཏུག་སའམ་གཞི་འཆོལ་སར་བྱས་ནས་རྩ་བ་ངོས་འཛིན་ཚུལ་གཉིས་བྱུང་སྟེ། དང་པོ་ནི། གསེར་ཕྲེང་སོག་མཆན་ལས་བརྒྱད་སྟོང་དོན་བསྡུས་ལ་འཇོག་ཅིང་། ཡང་ཁ་ཅིག་གིས་བརྒྱད་སྟོང་པ་ལ་འཇོག འདི་གཉིས་རྩ་བ་ཞེས་པ་རྩ་འགྲེལ་གྱི་རྩ་བ་ལ་བྱས། གཉིས་པ་རྩ་བའི་དོན་གཞི་འཆོལ་སའམ་ཁུངས་གཏུག་སར་བྱས་པ་ནི།  སེམས་ཙམ་པའི་ལྟ་བ་བསྟན་པའི་གཞུང་རྩ་བ་ལྟ་བུ་དབུས་མཐའ་རྣམ་འབྱེད་ཡིན་པས། གསེར་ཕྲེང་སྡོམ་ལས་དབུས་མཐའ་རྣམ་འབྱེད་ལ་འཇོག་ཅིང་། འདི་ནི་འགྲེལ་པ་དཀོན་མཆོག་འབངས་དང་གསེར་ཕྲེང་ལས་དོན་བསྡུས་ཀྱིས་སྟོང་ཉིད་བཅུ་དྲུག་གསུངས་པ་དེ་དབུས་མཐའི་རྗེས་སུ་འབྲངས་པར་བཤད་པ་ལ་བརྟེན་པ་ཡིན་ལ། 

ཡང་། མཁས་པའི་བཤད་ཚུལ་གཞན་ཡང་མཆིས་ཏེ། གསེར་ཕྲེང་མིག་འབྱེད་ལས། ཡང་དང་པོ་དོར་ནས་མི་དམིགས་པ་སྟོང་པ་ཉིད་བགྲངས་པ་དོན་བསྡུས་དང་ཇི་ལྟར་འགལ་ཞེ་ན། དེ་བགྲངས་མ་བགྲངས་ཙམ་གྱིས་འགལ་བ་མིན་ཏེ། མན་ངག་རྗེས་འབྲང་དུ་དངོས་པོ་མེད་པ་སྟོང་པ་ཉིད་མ་བགྲངས་པ་ནི། ཆོས་ཉིད་སྟོང་གཞིར་བྱས་ནས་ཀུན་བཏགས་དང་གཞན་དབང་གཉིས་ཀྱིས་སྟོང་པར་གསུངས་པའི་གནད་ཀྱིས་ཡིན་པས། དེ་དོན་བསྡུས་དང་འགལ་ཞེས་པ་ཡིན་པའི་ཕྱིར། ཞེས་གསུངས་སོ། །རང་གི་རྨོངས་འཆར་ནི་རྩ་བ་དང་འགལ་ཞེས་པའི་རྩ་བའི་དོན་གཞི་འཆོལ་ས་ལ་བྱས་ཏེ། མན་ངག་རྗེས་འབྲང་ཞེས་པའི་མན་ངག་ལ་བྱེད་རིགས་པར་སྣང་སྟེ། མན་ངག་དང་འགལ་ཚུལ་ནི། མན་ངག་དེ་རྗེ་བཙུན་ནས་བརྒྱུད་པའི་ཐོགས་མེད་ཀྱི་མན་ངག་ལ་བྱེད་པར་མན་ངག་རྗེས་འབྲང་རང་གི་མཆོད་བརྗོད་དུ་གསལ་ཞིང་། མན་ངག་དེ་དབྱིག་གཉེན་ལ་ལྡན་པར་ཡང་མན་ངག་རྗེས་འབྲང་རང་དུ་གསལ་ལ། དེའི་ཕྱིར། རྗེ་བཙུན་གྱིས་ཤེར་ཕྱིན་གྱི་མདོའི་ལྟ་བའི་ཆ་སེམས་ཙམ་དུ་འགྲེལ་བའི་གཞུང་ལ་འབྱེད་རྣམ་པ་གཉིས་གསུངས་པ་ལས། དབུས་མཐའ་ལས་སྟོང་ཉིད་བཅུ་དྲུག་འདྲེན་པའི་ཚེ། བཅོ་ལྔ་པར་དངོས་པོ་མེད་པ་སྟོང་པ་ཉིད་བགྲངས་པར་དབུས་མཐའི་དབྱིག་འགྲེལ་ལས་གསུངས་པས། གང་ལ་གཞི་འཆོལ་སའི་བྱམས་པའི་མན་ངག་དང་འགལ་ཞེས་ཐལ་བ་འཕངས་པར་བྱས་ན་ནུས་པ་ཆེ་བར་སྣང་ངོ་། །མན་ངག་རྗེས་འབྲང་ལས། སྟོང་ཉིད་བཅུ་དྲུག་གི་གྲངས་འདྲེན་དེ་ལྟར་མཛད་པའི་གནད་ཀྱང་། ཡུམ་གསུམ་གནོད་འཇོམས་ཉི་ཁྲི་གཞུང་འགྲེལ་དུ་འཁྲུལ་ཞིང་། ཡུམ་གསུམ་གནོད་འཇོམས་ཀྱི་རྗེས་སུ་འབྲངས་པ་ཡིན་ཏེ། གནོད་འཇོམས་ལས། ནང་སྟོང་པ་ཉིད་ལ་གནས་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་བཅུ་དྲུག་བསྟན་ཏོ། །ཞེས་གསུངས་ནས། དེ་བས་ན་ཀུན་བརྟགས་པའི་ཆོས་རྣམས་ཀྱི་མཚན་ཉིད་རྣམས་ཀྱང་ཀུན་བརྟགས་པ་ཉིད་ཡིན་པས་དོན་དམ་པར་བརྟག་བཟོད་པ་མ་ཡིན་ནོ་སྙམ་པ་འདི་ནི། རང་གི་མཚན་ཉིད་སྟོང་པ་ཉིད་དོ། །ཞེས་དང་། དེའི་རྗེས་སུ། ཆོས་རྣམས་ཀྱི་དམིགས་པ་མེད་པ་ཉིད་ལ་དེ་དང་དེར་དམིགས་སུ་མེད་པ་ཞེས་ཐ་སྙད་བཏགས་པ་འབའ་ཞིག་ཏུ་ཟད་དེ། དེ་བས་ན་འདི་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །ཞེས་གསུངས་པའི་རྗེས་སུ་འབྲངས་ཤིང་། དེའང་གནོད་འཇོམས་དང་མན་ངག་རྗེས་འབྲང་གཉིས་ཀྱིས་དེ་ལྟར་བགྲངས་པའི་རྩ་བའི་གནད་ཀྱང་། མདོའི་སྒྲས་ཟིན་དང་བསྟུན་པ་ཙམ་ཡིན་ཏེ། གནོད་འཇོམས་ལས། ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ཅད་དམིགས་སུ་མེད་པ་ཡིན་ན། དེ་ལྟ་ན་ནི་དམིགས་སུ་མེད་པའི་ཆོས་གཞན་དུ་གྱུར་པ་ཞིག་ཡོད་དོ། །གལ་ཏེ་དམིགས་སུ་མེད་པ་མེད་དུ་ཟིན་ན་ཆོས་རྣམས་དམིགས་སུ་ཡོད་པར་འགྱུར་ཏེ། ཞེས་སོགས་ཀྱི་མདོ་དྲངས་ནས་མི་དམིགས་པ་སྟོང་པ་ཉིད་བསྟན་པར་གསུངས་ཤིང་། མན་ངག་རྗེས་འབྲང་ལས། བརྒྱད་སྟོང་པའི་ཚིག “བདག་ཉིད་ལ་དམིགས་པ་མེད་པ་ནི་དེ་དང་དེར་མི་དམིགས་པ་ཞེས་བྱ་བ་ནི་མི་དམིགས་པ་སྟོང་པ་ཉིད་དོ།།” ཞེས་གསུངས་པ་ལྟར་མདོ་འདི་གཉིས་ཀྱི་སྒྲས་ཟིན་ཙམ་དང་བསྟུན་ཏེ་མི་དམིགས་པ་སྟོང་ཉིད་ཅེས་བགྲངས་ལ།  དེའི་ཕྱིར། ཚིག་ཙམ་མ་གཏོགས་དོན་ལ་འགལ་བ་མེད་དེ། དོན་བསྡུས་ཀྱང་སྟོང་ཉིད་བཅུ་དྲུག་ལས་བཅོ་ལྔ་པ་ལ་གང་ཟག་བདག་མེད་འཇོག་ལ། མན་ངག་རྗེས་འབྲང་དུའང་དེ་ལྟར་གསུངས་པའི་ཕྱིར། འདིར་མི་དམིགས་པ་སྟོང་པ་ཉིད་བགྲངས་པ་ཡང་། དུས་གསུམ་བདེན་པར་མེད་པ་ལ་མི་དམིགས་པ་སྟོང་པ་ཉིད་དུ་བྱས་པའི་མི་དམིགས་པ་སྟོང་ཉིད་བགྲངས་པ་མིན་པར་ཤེས་དགོས་སོ།།

སྐབས་འདིར་དོགས་པ་འདི་ལྟར་ཟ་སྟེ། གསེར་ཕྲེང་ལས། དོན་བསྡུས་སུ་སྟོང་ཉིད་བཅུ་དྲུག་གསུངས་པ་དབུས་མཐའ་ཇི་ལྟ་བ་བཞིན་ཡིན་པར་གསུངས་མོད། འོན་ཀྱང་། སྟོང་ཉིད་ཐ་མ་གཉིས་ཀྱི་སྐབས་སུ། དབུས་མཐའ་ལས། གང་ཟག་དང་ནི་ཆོས་རྣམས་ཀྱི། །དངོས་པོ་མེད་འདིར་སྟོང་པ་ཉིད། །ཅེས་པའི་ཐད་ཀྱི་དབུས་མཐའི་དབྱིག་འགྲེལ་ལས། དེ་ལ་གང་ཟག་དང་ཆོས་དངོས་པོ་མེད་པ་ནི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །དངོས་པོ་མེད་པ་དེའི་དངོས་པོ་ཡོད་པ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཞེས་བདག་མེད་གཉིས་ཀ་དངོས་པོ་མེད་པ་སྟོང་པ་ཉིད་གསུངས་ཤིང་། དེའི་མཇུག་ཏུ་བདག་མེད་པ་གཉིས་ཀྱི་སྟེང་གི་སྟོང་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་གསུངས་པ་ལ། བརྒྱད་སྟོང་དོན་བསྡུས་ལས། བཅོམ་ལྡན་འདས་ཀྱིས་རྣམ་ཀུན་དུ། །གང་ཟག་བདག་མེད་ཉིད་དུ་གསུངས། །ཆོས་རྣམས་ཐམས་ཅད་མ་སྐྱེས་ཞེས། །བརྗོད་པར་མཛད་པས་དེ་བཞིན་དུ། །དེ་ཉིད་རིག་པས་རྣམ་ཀུན་དུ། །ཆོས་ཀྱི་བདག་མེད་གསུངས་པ་ཡིན། །ཞེས་པའི་ཐད་ཀྱི་འགྲེལ་པ་དཀོན་མཆོག་འབངས་ལས། བཅོམ་ལྡན་འདས་ཀྱིས་རྣམ་ཀུན་དུ། །གང་ཟག་བདག་མེད་ཉིད་དུ་གསུངས། །ཞེས་བྱ་བར་ངེས་སོ། །རྣམ་ཀུན་དུ་ཞེས་བྱ་བ་ནི་ངེས་པ་ཁོ་ནར་རོ། །གསུངས་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་བཀའ་སྩལ་པར་གྱུར་པའོ། །བསྟན་པ་འདིས་ཀྱང་དངོས་པོ་མེད་པ་སྟོང་པ་ཉིད་བརྗོད་དོ། །གཞན་དུ་ཉེ་བར་བསྟན་པས་སྟོང་པ་ཉིད་ཀྱི་རྣམ་པ་གཞན་བསྟན་པའི་དོན་དུ་གསུངས་པ་ནི། ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པའོ། །ཆོས་རྣམས་ཐམས་ཅད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་མ་ལུས་པ་སྟེ། ཆོས་ཀྱང་དེ་ཡིན་ལ་ཐམས་ཅད་ཀྱང་དེ་ཡིན་པས་ཞེས་བསྡུ་བའོ། །ཆོས་རྣམས་ཐམས་ཅད་པོ་དེ་དག་ཀྱང་མ་སྐྱེས་ཞེས་བྱ་བ་ནི་སྐྱེས་པ་འགོག་པ་སྟེ། རྒྱུའི་ཚོགས་པ་ཇི་ལྟ་བ་ལས་ཡོད་པ་ཐོབ་པ་ཉིད་དེ་ཁོ་ནར་ཐོབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གདོད་མ་ནས་མ་སྐྱེས་པའི་ཕྱིར་ཞེས་བསམ་པའོ་ཞེས་དེ་ལྟར་དང་དེ་བཞིན་དུ་བརྗོད་པར་མཛད་པ་སྟེ་སྟོན་པར་མཛད་པས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་སླར་ཡང་སྟོན་པར་མཛད་པས་སོ། །ཆོས་ཀྱི་བདག་མེད་གསུངས་པ་ཡིན་ཞེས་བྱ་བ་ལ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་བདག་མེད་ཅེས་བྱ་བ་ངོ་བོ་ཉིད་མེད་པར་གསུངས་པ་ཡིན་ཏེ་བསྟན་པ་ཡིན་ནོ། །སུས་ཤེ་ན་བརྗོད་པ་དེ་ཉིད་རིག་པར་ཞེས་བྱའོ། །དེ་ཉིད་ནི་ཆོས་བདག་མེད་པའོ། །དེ་ཉིད་དེ་རིག་པའི་ངང་ཚུལ་འདི་ལ་ཡོད་པས་དེས་ན་དེ་ཉིད་རིག་པའི་སྐྱོབ་པ་དེས་གསུངས་པའོ། །རྣམ་པ་ཀུན་ཏུ་ཞེས་བྱ་བ་ལས་རྣམ་པ་ཐམས་ཅད་ཉིད་ཀྱིས་ཏེ་མུ་སྟེགས་པ་རྣམས་བཞིན་དུ་ཉི་ཚེ་བའི་སྟོང་པ་ཉིད་སྟོན་པ་ནི་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །འདིས་ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བསྟན་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་རྣམས་ཀྱི་སྟོང་པ་ཉིད་ཅེས་བྱ་བའི་ཚུལ་གྱིས་སོ། །ཞེས་གང་ཟག་བདག་མེད་དངོས་པོ་མེད་པའི་སྟོང་པ་ཉིད་དང་། ཆོས་ཀྱི་བདག་མེད་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དུ་གསུངས་ཤིང་། མན་ངག་རྗེས་འབྲང་ཡང་འགྲེལ་པ་འདི་དང་མཐུན་པས། དོན་བསྡུས་ལས་སྟོང་ཉིད་བཅུ་དྲུག་གསུངས་པ་དབུས་མཐའ་ཇི་ལྟ་བ་བཞིན་ཇི་ལྟར་ཡིན་སྙམ་དུ་དོགས་སོ།།

དྲི་བ་བཞི་པ། མན་ངག་རྗེས་འབྲང་དུ་འབྲུ་མནན་པ་གཞན་རྣམས་འདྲ་བ་ལ་ལྟུང་བའི་དོན་བདུད་ལས་ལ་བཤད་པ་ནི་སྔ་མ་དང་མི་མཐུན་ཞེས་པའི་སྔ་མ་དང་མི་མཐུན་ཚུལ་ཇི་ལྟར་ཡིན།

དྲི་བ་བཞི་པའི་ལན། སྔ་མ་དང་མི་མཐུན་ཞེས་པའི་སྔ་མ་ངོས་འཛིན་ཚུལ་མི་འདྲ་བ་དུ་མ་སྣང་སྟེ། གསེར་ཕྲེང་སོག་མཆན་ལྟར་ན་བརྒྱད་སྟོང་དོན་བསྡུས་ཀྱི་འགྲེལ་པ་སྔ་ཕྱི་གཉིས་ལས། སྔ་མ་འགྲེལ་པ་དཀོན་མཆོག་འབངས་ལ་བྱེད་པ་དང་། གསེར་སྡོམ་ལས། སྔར་དྲངས་པའི་བརྒྱད་སྟོང་དོན་བསྡུས་ལ་བྱེད་པ་དང་། གསེར་ཕྲེང་མིག་འབྱེད་ལས། སྔར་རྗེའི་རང་གི་བཤད་པ་བཀོད་པ་ལ་འཇོག་པ་དང་བཅས་ཚུལ་གསུམ་བྱུང་ལ། འགྲེལ་པ་དཀོན་མཆོག་འབངས་ལས། ཉེས་དམིགས་ནི་དོན་མེད་ཐོག་ཏུ་བབ་སྟེ། དམ་པའི་ཆོས་སྤོང་བ་ལ་སོགས་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དུག་དང་བཅས་པའོ། །ཞེས་གསུངས་པ་ལ་ལྟུང་བའི་འབྲུ་མནན་འདི་ཇི་བཞིན་མ་མཛད་པས་སྔ་མ་འཇོག་མི་རིགས་པར་སྡོམ་གྱི་དོགས་ལན་ལས་གསུངས་པ་ལྟར་དང་། དོན་བསྡུས་སུ་ལྟུང་བའི་དོན་མ་བཤད་པས་མི་མཐུན་ཚུལ་མེད་པར་སྡོམ་གྱི་དོགས་དཔྱོད་ལས་གསུངས་པ་ལྟར་དང་། སྡོམ་གྱི་དོགས་ལན་ལས། དོན་བསྡུས་ཀྱི་ཚིག་“སྐབས་ཀྱི་དོན་ནི་སྤོང་བ་དང་།།” ཞེས་པ་འདི་དྲངས་ཀྱང་དེར་ཡང་མི་གསལ་ལ། སྔ་མ་དང་མི་མཐུན་ཞེས་པའི་ཚིག་ནུས་ལས། རྗེའི་རང་གི་བཤད་པ་མིན་པར་གོ་བས། འདིར་རང་གི་རྨོངས་འཆར་ཙམ་བཀོད་ན། སྔ་མ་དང་མི་མཐུན་པའི་སྔ་མ་ནི། དེ་མ་ཐག་ཏུ་བཤད་ཟིན་པའི་སྔ་རབས་པས་དོན་བསྡུས་ཀྱི་འབྲུ་གནོན་མཛད་ཚུལ་དེ་དང་འདི་གཉིས་མི་མཐུན་ཞེས་པའི་དོན་དུ་གོ་ལ། འདི་ནི་གཞུང་གཉིས་ཀྱི་བཤད་པ་མཚུངས་སྡུར་ཙམ་ལས་འགོག་བྱེད་དུ་བཀོད་པ་ཡིན་པར་མི་སྣང་། གོང་དུ་བཤད་ཟིན་པ་ལྟར། འདིར་ཤིང་རྟའི་སྲོལ་འབྱེད་བཞིས་མདོ་འགྲེལ་ཚུལ་བཀོད་པ་ནི་སྔ་རབས་པའི་ལུགས་བཀོད་པ་ཡིན་ནོ། །སྔ་མ་དང་རྩ་བ་དང་འགལ་ཚུལ་སྐབས་སུ་སྡོམ་གྱི་དོགས་དཔྱོད་དང་དོགས་ལན་གཉིས་སུ་དགག་སྒྲུབ་ཟབ་རྒྱས་གནང་འདུག་པས་དེར་གཟིགས་པར་ཞུའོ།།

དྲི་བ་ལྔ་པ། དེ་ལྟར་གྲགས་ཀྱང་བརྒྱད་སྟོང་དོན་བསྡུས་ཀྱི་བརྗོད་བྱའི་གཙོ་བོ་སྟོང་ཉིད་བཅུ་དྲུག་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་སྒྲུབ་པ་ལ་གདམས་པའི་མདོའི་འགྲེལ་ཚུལ་ཞེས་པའི་དོན་གང་ཡིན། སྒྲུབ་པ་ལ་གདམས་པའི་མདོ་ཚན་དུ་ཡོད་མེད་དང་། འགྲེལ་ཚུལ་དེ་དབུས་མཐའི་རྗེས་སུ་འབྲངས་པ་ཡིན་ནམ་མིན།

དྲི་བ་ལྔ་པའི་ལན། ཟུར་དང་པོའི་ལན་ནི། གསེར་ཕྲེང་དཀའ་གནད་དོགས་སློང་ལས། སྟོང་ཉིད་བཅུ་དྲུག་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་སྒྲུབ་པ་ལ་གདམས་པའི་མདོའི་འགྲེལ་ཚུལ་ཞེས་གསུངས་པ་ནི། གདམས་ངག་གི་སྐབས་ཀྱི་སྒྲུབ་པའི་ངོ་བོ་ལ་གདམས་པའི་མདོ་ལ་ཚན་པ་བཅུར་ཕྱེ་ནས་དེ་བཅུའི་སྐབས་སུ་བསྟན་པའི་སྟོང་ཉིད་བཅུ་དྲུག་སྒོམ་པའི་ས་བཅུའི་མི་རྟོག་ཡེ་ཤེས་བཅུས་རང་རང་གི་ངོ་སྐལ་གྱི་རྣམ་གཡེང་གི་རྟོག་པའི་གཉེན་པོ་བྱེད་ཚུལ་ཞེས་བཤད་པ་ཡིན་ནམ་སྙམ་སྟེ། ཞེས་གསུངས་པ་ལས་གཞན་ཞུ་རྒྱུ་མ་རྙེད། མདོ་ཚན་ནི་མདོ་འདི་རྣམ་གཡེང་གི་རྟོག་པ་བཅུའི་གཉེན་པོར་བཀྲལ་བས་བཅུ་རུ་དབྱེ་རུང་ངོ་། །དབུས་མཐར་མདོ་འདི་རྟོག་པ་བཅུའི་གཉེན་པོར་མ་བཀྲལ་བས་དེའི་རྗེས་སུ་འབྲང་ཚུལ་མེད།

དྲི་བ་དྲུག་པ། གནོད་འཇོམས་འདི་སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་ཁ་ཆེ་མཆེ་བའི་སྡེས་མཛད་པར་གྲགས་ལ། ཕྱིས་ཀྱི་མཁས་པ་ཁ་ཅིག་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། དེ་ནས་ལུང་དྲངས་པ་རྣམས་དེར་སྣང་བ་དང་། ཞེས་པའི་སྔོན་གྱི་ཡི་གེ་རྙིང་པ་དེ་རྣམས་གང་དང་གང་ཡིན། ཕྱིས་ཀྱི་མཁས་པ་དེ་སུ་ཡིན། མཁས་པ་དེས་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་ཡིན་པའི་སྒྲུབ་བྱེད་ཇི་ལྟར་བཀོད། གཞུང་ཚིག་གང་དང་གང་ཡིན། གཞན་ཡང་། གཞན་དག་འདིར་ཉན་ཐོས་ཀྱི་སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་རྣམ་འགྲེལ་དུ་ཁ་འཕངས་ལ་དེ་བཙུན་པའི་རྣམ་འགྲེལ་ན་ཡོད་པས་དབྱིག་གཉེན་གྱི་མ་ཡིན་ཞེས་ཟེར་རོ། །དེ་ལྟར་རྣམ་འགྲེལ་དུ་ཞལ་འཕངས་མཛད་ཚུལ་དང་དེ་དབྱིག་གཉེན་གྱིས་མ་མཛད་པའི་སྒྲུབ་བྱེད་ཇི་ལྟར་འགྲོ། གང་ལྟར་ཡང་འདིས་སེམས་ཙམ་དུ་བཀྲལ་ཞེས་གསུངས་པ་ནི་ཆེས་མི་འཐད་པར་གོ་སྟེ། རྒྱས་པ་འོག་ཏུ་བསྟན་པར་བྱའོ། །འོག་གང་དུ་བསྟན། གཞུང་འགྲེལ་ལས་རྩ་ཤེས་ཀྱི་ལུང་དྲངས་ནས་རྩ་ཤེས་ལས་རིགས་པའི་བཤད་སྲོལ་ཟུར་པར་མེད་ན་སྔ་རབས་པ་དག་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞིའི་ནང་དུ་གཞུང་འགྲེལ་བགྲངས་ནས་འཁྲུལ་གཞི་ཇི་ལྟར་བྱུང་།

དྲི་བ་དྲུག་པའི་ལན། དྲི་བ་འདིར་བསྡོམས་ན་ཟུར་གསུམ་ཙམ་འདུག་ཅིང་། ཟུར་དང་པོའི་ལན་ནི། ཡི་གེ་རྙིང་པ་ནི་གསེར་ཕྲེང་སོག་མཆན་སོགས་སུ་དཀར་ཆག་འཕང་ཐང་མར་ངོས་བཟུང་ཡང་། དེར་ཡུམ་གསུམ་གནོད་འཇོམས་ཀྱི་མཚན་བྱང་ཙམ་ཡང་མི་གསལ་བས་མི་འཐད་ལ། དེས་ན། ས་སྐྱ་གནས་དྲུག་པའི་གཞུང་ཞིག་ཡིན་པ་འདྲ་སྟེ། དྲང་ངེས་འཇུག་ངོགས་སུ་དྲངས་པ་ལས། ས་སྐྱ་གནས་དྲུག་པས། སྒོ་གསུམ་རྣམ་གྲངས་བཅུ་གཅིག་གིས། །བཤད་པ་དཾཥཱ་སེ་ནའི་ལུགས། །ཞེས་གསུངས་ཤིང་། ཡར་འབྲོག་པས། དཾཥཱ་སེ་ནའི་གནོད་འཇོམས་འདི། །བཙུན་པ་གྲོལ་སྡེའི་རྟིང་དུ་བརྩམས། །དེ་ཡང་མཁས་པ་གནས་དྲུག་པ། །ཁོ་ནས་རྟོགས་ཀྱི་གཞན་དུ་མིན། །ཞེས་གསུངས་པ་ལྟར་ན་ཡུམ་གསུམ་གནོད་འཇོམས་འདི་ཁ་ཆེ་མཆེ་བའི་སྡེའི་ཡིན་པར་གསུང་མཁན་ཐོག་མ་ས་སྐྱ་གནས་དྲུག་པ་ཡིན་པར་སྣང་བས། ས་སྐྱ་གནས་དྲུག་པའི་གཞུང་ཞིག་འཇོག་དགོས་པ་འདྲའོ།།

ཕྱིས་ཀྱི་མཁས་པ་ཁ་ཅིག་ནི་བུ་སྟོན་རིན་པོ་ཆེ་ཡིན་ཞིང་། བུ་སྟོན་ཆོས་འབྱུང་ལས། འདི་ནི་དབྱིག་གཉེན་གྱི་གཞུང་འགྲེལ་ཡིན་ཏེ། ཐུབ་པ་དགོངས་རྒྱན་ལ་སོགས་པར། ཉི་ཁྲི་གཞུང་འགྲེལ་ལས་དྲངས་པའི་ཚིག་རྣམས་དེར་ཇི་ལྟ་བ་བཞིན་སྣང་བའི་ཕྱིར་དང་། དབུར་ཡང་། འདིའི་གཞུང་འགྲེལ་གནོད་འཇོམས་བྱ་བར་འདོད། །ཅེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་ཤིང་། དེ་བཞིན་ལུང་གི་སྙེ་མ་ལས་ཀྱང་གསུངས། མཁས་པ་གཞན་དག་ཅེས་པ་ནི་བོ་དོང་ཕྱོགས་ལས་རྣམ་རྒྱལ་ཡིན་ཏེ། ཁོང་གི་ཕར་ཕྱིན་གྱི་འགྲེལ་པར་གསུངས། 

ཁ་ཅིག་གིས་སྒྲུབ་བྱེད་ཇི་ལྟར་བཀོད་པ་ནི། བུ་སྟོན་རིན་པོ་ཆེས་རྒྱུ་མཚན་གཉིས་ཀྱིས་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་གཞུང་འགྲེལ་དུ་བསྒྲུབས་ཏེ། དང་པོ། ཐུབ་པ་དགོངས་རྒྱན་དང་མན་ངག་རྗེས་འབྲང་དུ་ཉི་ཁྲི་གཞུང་འགྲེལ་གྱི་ལུང་དྲངས་པ་གནོད་འཇོམས་འདིར་ཡོད་པ་དང་། གཉིས་པ། ཡུམ་གསུམ་གནོད་འཇོམས་ཀྱི་མཆོད་བརྗོད་དུའང་། “གཞུང་འགྲེལ་གནོད་འཇོམས་གསལ་བར་བྱ་བར་འདོད།།” ཅེས་གནོད་འཇོམས་འདི་གཞུང་འགྲེལ་ཡིན་པར་གསུངས་པའི་ཕྱིར་ཞེས་པ་གཉིས་ཡིན། འདིར་དོ་སྣང་དགོས་པ་ཞིག་ལ། མན་ངག་རྗེས་འབྲང་དུ་དབྱིག་གཉེན་གྱིས། བླ་མའི་མན་ངག་ལས། གཞུང་འགྲེལ་གནོད་འཇོམས་གསལ་བར་བྱ་བར་འདོད། །ཅེས་གསུངས་པ་དང་། མཆོད་བརྗོད་འདི་ཚིག་རིས་ཅུང་ཙམ་མི་འདྲ་བ་ཙམ་མ་གཏོགས་ཡུམ་གསུམ་གནོད་འཇོམས་སུ་ཡོད་པ་རྣམས་ཕལ་ཆེར་སྒྲིག་ནུས་པས། ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་གཞུང་དུ་སྒྲུབ་ཚུལ་ཞིག་བཀོད་པ་ནི། རྗེ་རང་གིས་དོགས་པ་ཁོང་སློང་གནང་བ་ཞིག་ལས། ཁ་ཅིག་གི་སྒྲུབ་བྱེད་མིན་ཏེ། གོང་དུ་དྲངས་པའི་བུ་སྟོན་ཆོས་འབྱུང་གི་ཚིག་ཟིན་དུ་སྒྲུབ་བྱེད་དེ་འདྲ་ཞིག་མ་བཀོད་པའི་ཕྱིར། གཞུང་ཚིག་གང་ཡིན་ཞེས་པ་ཐུབ་དགོངས་སོགས་སུ་དྲངས་པའི་ལུང་ཚིག་འདྲི་བ་ཡིན་པ་འདྲ་ལ། ལུང་ཚིག་ནི། གསེར་ཕྲེང་སོག་མཆན་ལས། ཐུབ་དགོངས་ཀྱི་ལེའུ་གསུམ་པར། སློབ་དཔོན་དབྱིག་གཉེན་གྱིས་ཀྱང་གཞུང་འགྲེལ་དུ། གོ་ཆ་ཆེན་པོ་བགོས་པ་ཞེས་པ་ནི་སེམས་དང་པོ་ནས་བཟུང་ནས་བསམ་པ་རྒྱ་ཆེ་བར་བསྟན་པའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ། ཞེས་སོགས་དྲངས་པ་ནི་འདི་དང་ཞུ་དག་ཕེར་བ་དང་། ཡང་ཐུབ་དགོངས་སུ། “འཕགས་པ་སྟོང་ཕྲག་ཉི་ཤུ་ལྔ་པར་ཡང་། གཞུང་འགྲེལ་གྱིས་རྣམ་པ་ལྔས་བཀྲལ་ཏེ། རབ་ཏུ་དགའ་བ་ལ་ལྷག་པའི་བསམ་པ་དག་པའོ། །དེ་ནས་བདུན་པ་ཇི་སྲིད་པར་འབད་པ་དང་བཅས་པར་མཚན་མ་མེད་པར་གནས་པའོ། །བརྒྱད་པ་ལ་ལྷུན་གྱིས་གྲུབ་པར་མཚན་མ་མེད་པར་གནས་པའོ། །དེ་ནས་བཅུ་པའི་བར་ལ་སྤྱོད་པ་ངེས་པ་ལ་ཞུགས་པའོ། །དེ་ནས་གོང་དུ་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའོ།།” ཞེས་སོ། །ཞེས་བྱུང་བ་ནི་ཡུམ་གསུམ་གནོད་འཇོམས་ཀྱི་གླེང་གཞིའི་བཤད་པའི་ཐད་དང་འགྲིག་པར་སྣང་ཡང་། ཞེས་དྲངས་པའི་ལུང་གཉིས་པོ་འདི་ཡིན་ཞིང་། ཡུམ་གསུམ་གནོད་འཇོམས་ཀྱི་ལུང་ནི། བྱང་ཆུབ་སེམས་དཔའ་ནི་རྣམ་པ་ལྔ་སྟེ། ལྷག་པའི་བསམ་པ་དག་པ་དང་། རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་གནས་པ་དང་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ་དང༌། སྤྱོད་པ་ངེས་པ་ལ་ཞུགས་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་རྣམས་ཏེ། དེ་དག་ནི་འདིར་གཏོགས་སོ། །ས་དང་པོ་ལ་གནས་པ་རྣམས་ནི་ལྷག་པའི་བསམ་པ་དག་པའོ། །ས་བདུན་པའི་བར་དུ་ནི་རྩོལ་བ་དང་བཅས་པར་མཚན་མ་མེད་པ་ལ་གནས་པ་དག་གོ །ས་བརྒྱད་པ་ནི་མཚན་མ་མེད་པ་ལ་ལྷུན་གྱིས་གྲུབ་པར་གནས་པ་དག་གོ །དེ་ནས་ས་བཅུ་པའི་བར་དུ་ནི་སྤྱོད་པ་ངེས་པ་ལ་ཞུགས་པ་དག་གོ །དེ་ཡན་ཆད་ནི་སྐྱེ་བ་གཅིག་གིས་ཐོགས་པ་དག་གོ །དེ་ལ་གཟུངས་ཐོབ་པ་ཞེས་བྱ་བ་ནི་འཛིན་པར་བྱེད་པས་ན་གཟུངས་ཞེས་བྱའོ། །ཞེས་གསེར་ཕྲེང་མཆན་འགྲེལ་འོད་ཀྱི་ཕུང་པོར་དྲངས་སོ།།

དྲི་བའི་ཟུར་གཉིས་པའི་ལན་ནི། ཞལ་འཕངས་མཛད་ཚུལ་ནི། ཡུམ་གསུམ་གནོད་འཇོམས་ལས། ཉན་ཐོས་རྣམས་ཀྱི་རྣམ་པར་རྟོག་པ་རྣམས་ནི་ཇི་སྐད་དུ་རྣམ་འགྲེལ་ལས་བཤད་པ་བཞིན་ནོ། །ཞེས་གསུངས་ཤིང་། བོད་སྐད་དུ་བསྒྱུར་པའི་བཙུན་པའི་རྣམ་འགྲེལ་གྲགས་པ་དེ་ལས། སྐྱེས་བུ་ཆེན་པོའི་རྣམ་རྟོག་བརྒྱད་ཅེས་བྱ་བ་ནི་མདོ་ཇི་ལྟ་བ་བཞིན་ནོ། །ཞེས་གསུངས་ནས་རྣམ་རྟོག་རྣམས་བགྲངས་སོ། །འདི་རྒྱུ་མཚན་དུ་འགྲོ་ཚུལ་ནི་བཙུན་པ་གྲོལ་སྡེ་དབྱིག་གཉེན་གྱི་སློབ་མའི་སློབ་མ་ཡིན་པས་ཞལ་འཕངས་མཛད་མི་སྲིད་དོ། །འདི་དང་འོག་གི་བཙུན་པས་མ་རྙེད་པ་གཉིས་ལ་བརྟགས་ན་གསེར་ཕྲེང་རང་ལུགས་ལའང་ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས་པའི་ཉི་ཁྲི་རྣམ་འགྲེལ་འདི། འཕགས་པའི་སློབ་མར་གྱུར་པའི་བཙུན་པ་གྲོལ་སྡེའི་ཡིན་པར་བཞེད་པ་འདྲ། 

དྲི་བའི་ཟུར་གསུམ་པའི་ལན་ནི། འོག་ཏུ་བསྟན་པར་བྱའོ་ཞེས་པའི་སྟོན་ས་ནི། འོག་གི་བདེན་གཉིས་དང་བདེན་བཞིའི་སྐབས་སུ་གསུངས་པ་དེ་གཉིས་ཡིན། འདིར་སློབ་དཔོན་དབྱིག་གཉེན་གྱི་གཞུང་འགྲེལ་ངོས་འཛིན་ཚུལ་ལ་ཅུང་ཟད་དཔྱད་ན། སྤྱིར་བོད་མཁས་པའི་ཁྲོད་ན་སློབ་དཔོན་དབྱིག་གཉེན་གྱི་གཞུང་འགྲེལ་ངོས་འཛིན་ཚུལ་མི་འདྲ་བ་གསུམ་བྱུང་སྟེ། བཅོམ་ལྡན་རིག་རལ་དང་ཀུན་མཁྱེན་དོལ་པོ་བ། བུ་སྟོན་ཐམས་ཅད་མཁྱེན་པ་སོགས་ཀྱིས། ཡུམ་གསུམ་གནོད་འཇོམས་འདི་ཉི་ཁྲི་གཞུང་འགྲེལ་དུ་བཞེད་པ་དང་། རོང་སྟོན་ཆོས་རྗེ་དང་ཀུན་མཁྱེན་གོ་རམས་པ་སོགས་ཀྱིས་འབུམ་གྱི་གནོད་འཇོམས་དབྱིག་གཉེན་གྱི་གཞུང་འགྲེལ་དུ་བཞེད་པ་དང་། རྗེ་ཙོང་ཁ་པ་སོགས་ཀྱིས་དེ་གཉིས་གང་ཡང་མིན་པར་གསུངས་ཤིང་། དབྱིག་གཉེན་གྱི་གཞུང་འགྲེལ་བོད་དུ་མ་བསྒྱུར་པར་བཞེད་པ་འདྲ། ཡུམ་གསུམ་གནོད་འཇོམས་འདིའི་རྩོམ་པ་པོ་སུ་ཡིན་ལ། ལེགས་བཤད་གསེར་ཕྲེང་ལས། དབྱིག་གཉེན་དང་ཁ་ཆེ་མཆེ་བའི་སྡེ་གང་ཡིན་ལ་དཔྱད་གཞིར་གསུངས་ཤིང་། ལེགས་བཤད་སྙིང་པོ་ལས་ཐག་གིས་བཅད་ཅེས་གསུངས་པ་ནི། རྗེའི་ལེགས་བཤད་གཉིས་ལ་རྒྱུས་ཡོད་ཀྱི་གཏམ་ཡིན་ཏེ། ལེགས་བཤད་གསེར་ཕྲེང་ལས་བསྟན་བཅོས་ཀྱི་སྔོན་དུ་འགྲོ་བའི་སྐབས་སུ་དཔྱད་གཞིར་གསུངས་ཤིང་། བདེན་གཉིས་དང་དགེ་འདུན་ཉི་ཤུའི་སྐབས་གཉིས་ཀར་དབྱིག་གཉེན་གྱི་ཡིན་པ་ལ་ཐེ་ཚོམ་གསུངས་ལ། ལེགས་བཤད་སྙིང་པོ་ལས། དབྱིག་གཉེན་གྱིས་མཛད་པ་མིན་ལ། སྔོན་གྱི་ཡི་གེ་རྙིང་པ་རྣམས་ལས་དཾཥཱ་སེ་ནས་མཛད་པར་གྲགས་པ་ལྟར་ཡིན་ནོ་ཞེས་ཐག་གིས་བཅད་དོ།།

དེས་ན། འདིར་ཡུམ་གསུམ་གནོད་འཇོམས་རྩོམ་པ་པོ་དབྱིག་གཉེན་མ་ཡིན་པའི་རིགས་པའི་གྲངས་ལ་ཅུང་ཙམ་དཔྱད་ན། གསེར་ཕྲེང་ལས་གསུངས་པའི་རིགས་པ་དང་། ལེགས་བཤད་སྙིང་པོ་ལས་གསུངས་པའི་རིགས་པ། དེ་གཉིས་སུ་མི་གསལ་བའི་རིགས་པ་བཅས་གསུམ་དུ་དབྱེ་སྟེ། དང་པོ། གསེར་ཕྲེང་ལས་གསུངས་པའི་རིགས་པ་ནི། ༡ མན་ངག་རྗེས་འབྲང་དུ་ཡང་ཉི་ཁྲི་རྣམ་འགྲེལ་ཞེས་གྲགས་ཀྱི། ཡུམ་གསུམ་གཞུང་འགྲེལ་ཞེས་པ་མི་སྣང་བ། ༢ རྣམ་འགྲེལ་དུ་ཁ་འཕངས་པ་དང་། ༣ ཞི་འཚོའི་བཤད་ཡམས་མཛད་པ། ༤ ཐུབ་དགོངས་སུ་ཞུགས་གནས་ཀྱི་ས་མཚམས་བཞག་ནས་དབྱིག་གཉེན་གྱི་དགོངས་པ་ཡིན་པར་བཤད་པ་ཡུམ་གསུམ་གནོད་འཇོམས་དང་མི་མཐུན་པ། ༥ མདོ་འདི་རྟོག་པ་བཅུའི་གཉེན་པོར་མི་འཆད་པ། ༦ དབྱིག་གཉེན་གྱི་མདོ་སྡེ་རྒྱན་གྱི་འགྲེལ་པ་དང་མི་མཐུན་པ་དང་། ༧ ཡོད་པ་བཞག་ནས་མེད་པ་བཙལ་བའི་སྐྱོན་དང་བཅས་རིགས་པ་བདུན་གསུངས། 

གཉིས་པ། ལེགས་བཤད་སྙིང་པོ་ལས་གསུངས་པའི་རིགས་པ་ནི། ༡ ཉི་ཁྲི་རྣམ་འགྲེལ་དུ་ཁ་འཕངས་པ། ༢ གཞན་དབང་ཡོངས་གྲུབ་རིགས་པས་དཔྱད་བཟོད་དུ་བཀག་པ། ༣ རྣམ་བཤད་རིག་པ་དང་མི་མཐུན་པ་བཅས་གསུམ་གསུངས། གསེར་ཕྲེང་དང་ལེགས་བཤད་སྙིང་པོ་གཉིས་ལས་ཐུན་མོང་དུ་གསུངས་པའི་རིགས་པ་ནི། རྣམ་འགྲེལ་དུ་ཁ་འཕངས་པ་འདི་ཡིན་ནོ། །དེའི་ཕྱིར། དྲང་ངེས་འཇུག་ངོགས་སུ་རྒྱུ་མཚན་ལྔ་བགྲངས་ཤིང་། དེ་ཉིད་མ་དག་རྒྱུན་འབྱམས་སུ་སོང་ནས་རྒྱུ་མཚན་ལྔའོ་ཞེས་རླུང་ལྟར་གྲགས་མོད། རྗེའི་ལེགས་བཤད་གཉིས་ལ་ཞིབ་ཏུ་མཇལ་ན་རྒྱུ་མཚན་དེ་ཙམ་དུ་མི་ངེས་པར་ཧ་ཅང་གསལ་བས། གཞན་གྱི་ཟེར་ཟློས་ཙམ་གྱི་རྗེས་སུ་མི་འབྲང་བར་ཞིབ་ཏུ་བརྟག་པར་ཞུའོ།།

གསུམ་པ་གཞུང་དེ་གཉིས་སུ་མི་གསལ་བའི་རིགས་པ་ནི། ༡ ཉི་ཁྲི་རྣམ་འགྲེལ་ལས། སེམས་བསྐྱེད་ཀྱི་ངོ་བོ་དང་དབྱེ་བ་མདོ་དང་སྦྱོར་ཚུལ་ཉི་ཁྲི་གཞུང་འགྲེལ་དུ་ཁ་འཕངས་པ། ཡུམ་གསུམ་གནོད་འཇོམས་ཀྱི་ཉི་ཁྲིའི་འགྲེལ་པར་མི་གསལ་ལ། དེར་ཉི་ཁྲིའི་བྱམས་ཞུས་ཀྱི་ལེའུའི་བཤད་པ་ལས་ལེའུ་གཞན་གྱི་བཤད་པ་ཡང་མེད་དོ།། ༢ འགྲེལ་བཤད་ཚིག་གསལ་ལས། “འཕགས་པ་དང་སློབ་དཔོན་གྱིས་སྐབས་བརྒྱད་དུ་ཕྱེ་མོད་ཀྱི་”ཞེས་ཉི་ཁྲི་གཞུང་འགྲེལ་དུ་སྐབས་བརྒྱད་དུ་ཕྱེ་ཡོད་པར་གསུངས་ཀྱང་། ཡུམ་གསུམ་གནོད་འཇོམས་སུ་སྐབས་བརྒྱད་དུ་ཕྱེ་མེད་པའི་ཕྱིར། ཚིག་གསལ་གྱི་གཞུང་འདི་ཉ་ཊཱིཀ་དང་གསེར་ཕྲེང་སོགས་སུ་འདི་ལས་གཞན་ཞིག་དྲངས་ཀྱང་། ཚིག་གསལ་རང་དུ་དེ་ལྟར་གསལ། ༣ ཚིག་གསལ་གྱི་གཞུང་དེ་དང་། ཉི་ཁྲི་རྣམ་འགྲེལ་ལས་ཀྱང་སེམས་བསྐྱེད་ཉེར་གཉིས་མདོ་དང་སྦྱར་ཡོད་པར་གསུངས་པས། ཉི་ཁྲི་གཞུང་འགྲེལ་དུ་མདོ་དང་རྒྱན་གྱི་དོན་སྦྱར་ཡོད་པར་གསལ་མོད། ཡུམ་གསུམ་གནོད་འཇོམས་སུ་དེ་ལྟར་སྦྱར་མེད་པའི་ཕྱིར། དེ་ལྟར་ན། རིགས་པ་བཅུ་གཉིས་ཀྱིས་ཡུམ་གསུམ་གནོད་འཇོམས་དབྱིག་གཉེན་གྱི་མིན་པར་གྲུབ་བོ།།

ཟུར་ཕྱི་མའི་ལན་ནི། རང་ལུགས་ལ་བརྗོད་བྱའི་ཆ་ནས་ཤེར་ཕྱིན་མདོའི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་འཇོག་ཅིང་། ཁ་ཅིག་གིས་བསྟན་བྱ་དང་སྟོན་ཚུལ་གཉིས་ཀའི་ཆ་ནས་ཤིང་རྟའི་སྲོལ་འབྱེད་དུ་འཇོག་པས། སྔ་རབས་པའི་ལུགས་ལ་བསྟན་བྱའི་ཆ་ནས་མིན་ཡང་། སྟོན་ཚུལ་གྱི་ཆ་ནས་ཡིན་པས་འཁྲུལ་གཞི་དེ་ལྟར་ཡིན་ནོ།།

དྲི་བ་བདུན་པ། ཁྱད་པར་དུ་སྡུད་པ་ཁྲི་བརྒྱད་སྟོང་པ་དང་སོ་སོར་བགྲངས་པ་ནི་གླེགས་བམ་ཙམ་ཡང་མ་མཐོང་བར་སྟོན་པ་ཡིན་ཏེ། ཞེས་པ་ནས་དེ་ལྟར་མདོ་དང་སྦྱར་བའི་འགྲེལ་པ་བཅུ་གཉིས་དང་བསྟུན་ན་འདིའི་རྩ་བའི་མདོ་བཞིའམ་ལྔ་རུ་གསལ་ལོ། །ཞེས་པའི་རྩ་བའི་མདོ་ལ་བཞིའམ་ལྔ་རུ་ཡོད་པར་གསུངས་ན་ལྔ་རུ་བྱས་ན་མདོ་སྡུད་པ་ཡིན་དགོས་པས་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་སོ་སོར་བགྲངས་པ་ནི་གླེགས་བམ་ཙམ་ཡང་མ་མཐོང་བས་སྐྱོན་དུ་གསུངས་པའི་དོན་གང་ཡིན། ཁྲི་བརྒྱད་སྟོང་པར་ལེའུ་གྱ་བདུན་ཡོད་པའི་མདོ་སྡུད་པ་གྱ་བཞི་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཁྲི་བརྒྱད་སྟོང་པ་འབྲིང་དུ་བྱས་ནས་སྡུད་པ་བསྡུས་པའི་བསྡུས་པར་བྱས་པ་ཡང་ནོར་རོ། །ཞེས་པའི་ནོར་ཚུལ་གང་འདྲ་ཡིན།

དྲི་བ་བདུན་པའི་ལན། ཟུར་དང་པོའི་ལན་ནི། འགྲེལ་པ་དེ་དག་གིས་རྒྱན་དང་སྦྱོར་སའི་མདོ་ཡི་གྲངས་དང་བསྟུན་ན་རྩ་བའི་མདོ་བཞིའམ་ལྔ་ཡོད་ཅིང་། དེའང་། མདོ་སྡུད་པ་དང་ཁྲི་བརྒྱད་སྟོང་པ་གཉིས་རྒྱན་དང་སྦྱོར་ཚུལ་ལོགས་སུ་ཡོད་པས། རྒྱན་དང་སྦྱོར་སའི་མདོ་ཡི་གྲངས་འདྲེན་པའི་ཚེ་སོ་སོར་འདྲེན་རིགས་ལ། ཁྲི་བརྒྱད་སྟོང་པ་ཤེར་མདོར་བགྲངས་པ་ལས་ལོགས་སུ་མདོ་སྡུད་པ་ཟུར་དུ་བགྲང་དགོས་པའི་རྒྱུ་མཚན་གཞན་མེད་པས་དེ་གཉིས་མི་འདྲ་བར་སྣང་། ནོར་ཚུལ་ནི་གཞུང་དུ་གསལ་བ་ལྟར་རོ།།

འདིར་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་མིན་ཅུང་ཟད་དཔྱད་ན། སྤྱིར་མདོ་སྡུད་པའི་འགྱུར་ལ་ཁྲི་བརྒྱད་སྟོང་པའི་ནང་ཚན་དུ་བྱས་པའི་ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་གཅིག་དང་། ཁྲི་བརྒྱད་སྟོང་པ་ལས་ལོགས་སུ་བསྒྱུར་པ་ལོ་ཙཱ་བ་དཔལ་བརྩེགས་ཀྱི་འགྱུར་གཉིས་ཡོད་པར་རང་རང་གི་འགྱུར་བྱང་དུ་གསལ་ལ། བོད་ལ་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་མིན་གྱི་རྩོད་པ་དེའང་འདི་ལས་བྱུང་བར་གསལ། མདོ་སྡུད་པ་ཁྲི་བརྒྱད་སྟོང་པ་ལས་ལོགས་སུ་འདོད་མཁན་ནི། ཡུམ་སྲས་བཅུ་བདུན་དང་དགུར་འདོད་མཁན་གཉིས་ཀས་ཀྱང་བཞེད་པ་འདྲ་སྟེ། མདོ་སྡུད་པ་དང་ཁྲི་བརྒྱད་སྟོང་པ་ལོགས་སུ་བགྲངས་ནས་གྲངས་འདྲེན་གནང་བའི་ཕྱིར། ཨར་ཆེན་པོས་མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་མ་ཡིན་པར་བཞེད་དེ། ཨར་གྱི་སྡུད་པའི་བཤད་སྦྱར་ལས། འབུམ་ནས་བརྒྱད་སྟོང་པ་ཡན་ཆད་ནི་དུས་གཅིག་ཏུ་གསུངས་ལ། དེ་རྣམས་ཀྱི་དོན་ཐམས་ཅད་བསྡུ་བའི་ཕྱིར་དང་། དབྱངས་ཀྱིས་བསྙད་པས་ཕན་གདགས་པའི་སེམས་ཅན་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དུས་ཕྱིས་སྡུད་པ་ཚིགས་སུ་བཅད་པ་གསུངས་སོ་ཞེས་ཡུམ་གསུམ་དང་ཤེས་རབ་ཁྲི་པ་ཁྲི་བརྒྱད་སྟོང་པ་རྣམས་དུས་གཅིག་ཏུ་གསུངས་ནས། དེ་རྣམས་ཀྱི་དོན་བསྡུས་སུ་ཕྱིས་སུ་སྡུད་པ་གསུངས་པར་བཤད། མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་དུ་བཞེད་པ་ནི་རྗེ་བླ་མ་ཉིད་ཀྱི་རྨད་བྱུང་གི་ལེགས་བཤད་ཅིག་ཡིན་པར་སྣང་སྟེ། རྗེའི་གསེར་ཕྲེང་ལས། ཁྱད་པར་དུ་སྡུད་པ་ཁྲི་བརྒྱད་སྟོང་པ་དང་སོ་སོར་འདྲེན་པ་ནི་གླེགས་བམ་ཙམ་ཡང་མ་མཐོང་བར་སྟོན་པ་ཡིན་ཏེ། ཁྲི་བརྒྱད་སྟོང་པ་ལེའུ་གྱ་བདུན་ཡོད་པའི་གྱ་བཞི་པ་ནི་སྡུད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་ཤིང་རྗེའི་སྔོན་གྱི་མཁས་པ་གང་གི་གསུང་དུའང་མ་ཐོན་པར་སྣང་ངོ་། །དེའང་ཁ་ཅིག་གིས་[1]ལོ་ཙཱ་བས་བོད་དུ་བསྒྱུར་པའི་ཚེ་གླེགས་བམ་གཅིག་ཏུ་བྱས་པ་ཡིན་གྱི། མདོ་སྡུད་པ་འདི་ཁྲི་བརྒྱད་སྟོང་པའི་ནང་ཚན་མ་ཡིན་ཏེ། སྡུད་འགྲེལ་ལས་རྒྱས་པར་བསྟན་ཟིན་པའི་རྗེས་དེ་མ་ཐག་ནས་ཞེས་མདོ་སྡུད་པ་ཁྲི་བརྒྱད་སྟོང་པ་ལ་སོགས་པ་གསུངས་ཟིན་པའི་རྗེས་སུ་གསུངས་པར་བཤད་པའི་ཕྱིར་ཞེས་འདོད་ལ། སྤྱི་དོན་རོལ་མཚོ་ལས། དེ་ལྟར་ན་ཁྲི་བརྒྱད་སྟོང་པ་ལ་ཤླཽ་ཀ་ཁྲི་ཚོ་གཅིག་དང་སྟོང་ཕྲག་བརྒྱད་མ་ཚང་བས་ལོ་ཙཱ་བ་རྣམས་ཤླཽ་ཀའི་གྲངས་ཙམ་ལ་ཡང་འཁྲུལ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། གཞན་ཡང་། བསྡུས་པ་ལ་གསུམ་དུ་འབྱེད་ཚུལ་དེ་མི་འཐད་དེ། མདོ་བརྒྱད་སྟོང་པ་ལ་བམ་པོ་ཉེར་བཞི་ཡོད་པར་མདོ་དེ་ཉིད་ལས་འབྱུང་བས་སྐབས་འདིར་བམ་ཚད་ལ་མི་མཐུན་པ་མེད་པའི་ཕྱིར། ཞེས་རིགས་པ་གཉིས་ཀྱི་སྒོ་ནས་བཀག འོན་ཀྱང་། དེ་ནས་ཞེས་པའི་སྡུད་པའི་ཚིག་འདིའི་འགྲེལ་པ་ལ་རྒྱས་པར་བསྟན་ཟིན་པའི་རྗེས་དེ་མ་ཐག་ནས་ཞེས་དང་རྒྱས་པར་བསྟན་པའི་མཇུག་ཐོགས་སུ་ཞེས་སྡུད་འགྲེལ་གཉིས་ཀར་འབྱུང་ཞིང་། རྒྱས་པར་བསྟན་ཅེས་པའི་མིང་གཅིག་ཀྱང་དོན་མི་འདྲ་སྟེ། སློབ་དཔོན་སེང་གེ་བཟང་པོའི་སྡུད་འགྲེལ་ལས། སྤྲོས་པས་གསུངས་པ་གོ་བའི་སེམས་ཅན་རྒྱས་པ་ལ་དགའ་བས་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རབ་ཏུ་དབྱེ་བ་སྤྲོས་ནས་མངོན་པར་རྟོགས་པ་བརྒྱད་གསལ་བར་བྱེད་པའི་ཡུམ་སྟོང་ཕྲག་བརྒྱ་པའི་དོན་ཐམས་ཅད་ཉེ་བར་བསྡུས་པའི་དགོས་པ་ནི་ཉན་པ་པོས་གསལ་བར་རྟོགས་པར་བྱ་བའི་ཕྱིར་དང་། ཞེས་དང་། འདས་མ་ཐག་ཏུ་བསྟན་པའི་བརྗོད་པར་བྱ་བ་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་མདོའི་དོན་སྔར་བཤད་པའི་སེམས་ཅན་གྱིས་མདོར་བསྡུས་པས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར། ཞེས་དང་། དེ་ནས་ཞེས་བྱ་བ་ལ་སོགས་པ་ལ། དེ་ནས་ཀྱི་སྒྲ་ནི་རྒྱས་པར་བསྟན་པའི་དེ་མ་ཐག་ཏུའམ། ཞེས་སོགས་གུང་བསྒྲིགས་ན་དེ་ནས་ཞེས་པའི་དེ་སྒྲའི་སྙེག་ཡུལ་ལ་དེ་མ་ཐག་ཏུ་གསུངས་ཟིན་པའི་ཡུམ་འབུམ་པ་ལ་བྱེད་པར་སྣང་ལ། སྡུད་པ་འདིའང་ཁྲི་བརྒྱད་སྟོང་པའི་ལེའུ་སྔ་མ་རྣམས་ཀྱི་དོན་བསྡུས་མིན་པར་འབུམ་གྱི་དོན་བསྡུས་སུ་བཞེད་པར་གསལ་ལ། ཨར་གྱི་སྡུད་པའི་བཤད་སྦྱར་ལས་ཀྱང་འདི་ཡུམ་གསུམ་དང་ཁྲི་བརྒྱད་སྟོང་པ་དང་ཤེས་རབ་ཁྲི་པ་སྟེ་ཡུམ་ལྔ་ཀའི་དོན་བསྡུས་སུ་བཤད། སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྡུད་འགྲེལ་ལས། ཐམས་ཅད་མཁྱེན་པ་ཉིད་གསུམ་གྱི་སྐབས་ཀྱིས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བཤད་པ་ཡང་ཚིགས་སུ་བཅད་པ་དག་གིས་རྒྱས་པར་རབ་ཏུ་སྟོན་པ་ལ་ཟློས་པ་ལ་སོགས་པའི་ཉེས་པ་བསལ་བར་འདོད་ནས། དེ་ནས་ཡང་ཞེས་བྱ་བ་ལ་སོགས་པ་སྨྲས་སོ། །དེ་ནས་ཡང་ཞེས་བྱ་བ་ནི་རྒྱས་པར་བསྟན་པའི་མཇུག་ཐོགས་སུའམ། ཞེས་གསུངས་པས་དེ་ནས་ཞེས་པའི་དེ་སྒྲའི་སྙེག་ཡུལ་ལ་ཁྲི་བརྒྱད་སྟོང་པའི་ལེའུ་གྱ་གསུམ་པོ་བཞེད་པར་མངོན་ཏེ། བཤད་བྱ་ཤེར་ཕྱིན་དེ་འཆད་བྱེད་མཁྱེན་པ་གསུམ་གྱི་སྐབས་ཀྱིས་རྒྱས་པར་བཤད་དེ། དེ་ནས་སྡུད་པ་འདི་གསུངས་པར་བཤད་པའི་ཕྱིར། འདི་ལས་དེ་སྒྲའི་སྙེག་ཡུལ་ལ་སྒྲ་དོན་གཉིས་ཀ་ལ་བྱེད་དེ། དོན་ལ་བྱས་ན་རྒྱས་པར་བསྟན་པའི་གདུལ་བྱ་དེ་དག་ལ་མདོར་བསྡུས་ནས་བསྟན་པ་སྐབས་སུ་བབས་པར་གཟིགས་པ་དེ་མ་ཐག་ནས་སྡུད་པ་འདི་གསུངས་ཞེས་ཀྱང་འགྲེལ་རིགས་པར་བཤད་པའི་ཕྱིར། དེ་ལྟར་དེ་ནས་ཞེས་པའི་དེ་སྒྲའི་སྙེག་ཡུལ་སྡུད་འགྲེལ་གཉིས་མི་མཐུན་པར་འབྱུང་ཞིང་། གཉིས་ཀས་ཀྱང་ཁྲི་བརྒྱད་སྟོང་པ་ལ་མི་བཞེད་པར་གསལ་ཏེ། གལ་ཏེ། དེ་ནས་ཞེས་པའི་དེ་སྒྲའི་སྙེག་ཡུལ་ཁྲི་བརྒྱད་སྟོང་པ་ལ་བྱེད་ན། དེའི་འགྲེལ་པར་སྡུད་འགྲེལ་གཉིས་ཀར་ཁྲི་བརྒྱད་སྟོང་པ་ལ་བྱེད་པའི་ཚིག་ཟུར་ཙམ་ཡང་མ་བྱུང་བའི་རྒྱུ་མཚན་མེད་པའི་ཕྱིར། 

གཞན་ཡང་། མདོ་སྡུད་པ་འདི་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་པའི་ཁུངས་བཙན་ཤོས་ཤིག་ནི། ཁྲི་བརྒྱད་སྟོང་པའི་ལེའུ་གྱ་ལྔ་པ་རྟག་ཏུ་ངུའི་ལེའུ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་གསུངས་ནས་ཞེས་མདོ་སྡུད་པ་རྫོགས་མ་ཐག་ཏུ་འབྱུང་ཞིང་། ཚིགས་སུ་བཅད་པ་འདི་དག་གསུངས་ནས་ཞེས་པའི་ཚིགས་སུ་བཅད་པ་དེ་མདོ་སྡུད་པ་ལ་བྱེད་དེ། གལ་ཏེ། མདོ་སྡུད་པ་གསར་བཅུག་ཏུ་འདོད་ན། ཚིགས་སུ་བཅད་པ་འདི་དག་ཅེས་པའི་འདིའི་སྙེག་ཡུལ་གྱི་ཚིགས་བཅད་དེ་དག  ལེའུ་གོང་མ་ལེའུ་གྱ་གསུམ་པ་བསླབ་པ་རབ་ཏུ་དབྱེ་བའི་ལེའུ་དེ་ཡིན་དགོས་པ་ལས། ལེའུ་དེ་ཚིག་ལྷུག་ཡིན་པ་དང་དེར་ཚིགས་བཅད་སྣ་གཅིག་ཀྱང་མེད་པས་སོ། །ཡང་། སྡུད་འགྲེལ་རྟོགས་སླ་ལས། ཐམས་ཅད་ཀྱི་ཐ་མར་གྱུར་པའི་ལེའུ་ཞེས་མདོ་སྡུད་པ་འདི་གཞུང་རང་མཚན་པ་ཞིག་གི་ལེའུ་བྱེ་བྲག་པ་ཞིག་ཏུ་བཤད་པའི་ཕྱིར། སྤྱིར་བོད་དུ་བསྒྱུར་པའི་ཁྲི་བརྒྱད་སྟོང་པའི་འགྲེལ་པ་ལ་གཉིས་ཡོད་པའི་ཡུམ་གསུམ་གནོད་འཇོམས་དང་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་གཉིས་ཀར་ཁྲི་བརྒྱད་སྟོང་པའི་དགོངས་པ་འགྲེལ་བའི་སྐབས་མདོ་སྡུད་པའི་བཤད་པ་མི་སྣང་བས། མདོ་སྡུད་པ་ཁྲི་བརྒྱད་སྟོང་པའི་ནང་ཚན་ཡིན་ན་མདོ་སྡུད་པའི་བཤད་པ་མི་སྣང་བ་གང་ཡིན་ཞེས་འདྲི་བར་འདོད་དོ།།

དྲི་བ་བརྒྱད་པ།  རྒྱན་འདིས་བསྟན་པའི་མངོན་རྟོགས་ཀྱི་རིམ་པ་རྣམས་དང་སྦྱར་རུང་ཡོད་པའི་མདོ་རྣམས་ནི་འདིའི་རྩ་བའི་མདོ་ཡིན་ལ། གསུངས་པའི་མདོ་དེ་དང་དེ་རྒྱན་འདིའི་མངོན་རྟོགས་རིམ་པ་རྣམས་དང་སྦྱོར་ཚུལ་གང་ཡིན། ཡུམ་སྲས་ཀྱི་མདོ་ཡི་ཁྱད་པར་གང་ཡིན། སྟོང་ཉིད་བཅུ་དྲུག་འདྲེན་སྐབས་སུ་ཕྱི་ནང་གི་སྟོང་པ་འགལ་དང་མི་འགལ། སྟོང་གཞི་རེ་རེའི་སྟེང་དུ་དམིགས་བསལ་གྱིས་སྟོང་པ་བཅུ་དྲུག་བཤད་པའི་དགོས་པ་གང་ཡིན།

དྲི་བ་བརྒྱད་པའི་ལན། དྲི་བ་འདིའི་ཟུར་གལ་ཆེ་བ་གཉིས་ལ་ལན་གདབ་པར་བྱའོ། །ཟུར་དང་པོའི་ལན། མདོ་རྒྱན་སྦྱོར་ཚུལ་གང་ཞེ་ན། མདོ་རྒྱན་སྦྱར་བའི་འགྲེལ་པ་དག་ལ་མཇལ་ན། མདོ་རྒྱན་སྦྱོར་ཚུལ་དུ་མར་སྣང་སྟེ། མདོའི་ཚིག་དང་རྒྱན་གྱི་ཚིག་གཉིས་ཀ་སྦྱར་བ། མདོའི་ཚིག་དང་རྒྱན་གྱི་དོན་སྦྱར་བ། མདོའི་དོན་དང་རྒྱན་གྱི་ཚིག་སྦྱར་བ་བཅས་གསུམ་སྣང་། དང་པོ། ཉི་སྣང་། ཉི་ཁྲི་དག་ལྡན། ཉི་ཁྲི་རྣམ་འགྲེལ། རྒྱན་སྣང་། གནད་ཀྱི་ཟླ་འོད། ཁ་ཆེ་དྷརྨཱ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའི་བཤད་པ། ཤཱན་ཏི་པའི་སྙིང་པོ་མཆོག སྡུད་པའི་དཀའ་འགྲེལ་རྟོགས་སླ། སྡུད་པའི་དཀའ་འགྲེལ་དང་བཅས་པས་མདོའི་ཚིག་དོན་བཀྲལ་རྗེས། ཇི་སྐད་དུ་ཞེས་མདོ་ཚིག་དེའི་སྐབས་ཀྱི་རྒྱན་གྱི་རྩ་བ་རྣམས་དྲངས་ནས་འགྲེལ་བར་བྱེད། 

གཉིས་པ། མདོའི་ཚིག་དང་རྒྱན་གྱི་དོན་སྦྱར་བ་ནི། ཉི་ཁྲི་ལེའུ་བརྒྱད་མ། ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་དང་། མཛོད་ཀྱི་ལྡེ་མིག་གསུམ་སྟེ། འདི་གསུམ་ལས་རྒྱན་གྱི་ཚིག་དངོས་སུ་མ་དྲངས་ཀྱང་། དངོས་བརྒྱད་དོན་བདུན་ཅུ་བསྟན་པའི་མདོ་ཚིག་རེ་རེ་བཞིན་ངོས་འཛིན་མཛད་དེ་མདོ་རྒྱན་སྦྱར་བར་མཛད། འོ་ན། ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་ཏུ་མདོ་ཚིག་དངོས་སུ་དྲངས་པ་ཡོད་དམ་ཞེ་ན། མེད་དེ། དེས་མདོ་ཚིག་དང་སྦྱོར་ཚུལ་ནི་སྡུད་པ་ལ་ཤླཽ་ཀ་སུམ་བརྒྱ་དྲུག་ཅུ་ཡོད་པ་ལས་དབུ་ནས་ཤླཽ་ཀ་གྲངས་འདི་ཙམ་གྱིས་རྣམ་མཁྱེན་བསྟན་པ་དང་། དེ་ནས་གྲངས་འདི་ཙམ་གྱིས་ལམ་ཤེས་བསྟན་ཅེས་ཚུལ་དེ་ལྟར་དུ་སྦྱར་བར་མཛད། 

གསུམ་པ་ནི། འགྲེལ་པ་དོན་གསལ་གྱིས་མདོའི་དོན་དང་རྒྱན་གྱི་ཚིག་སྦྱར་ནས་འགྲེལ་ཏེ། རྒྱན་གྱི་ཚིག་དོན་འགྲེལ་བ་ན་སྐབས་ཀྱི་མདོའི་དོན་རྣམས་བསྡུས་ནས་རྒྱན་དང་སྦྱར་བར་མཛད་དེ། དཔེར་ན། སེམས་བསྐྱེད་ཀྱི་སྐབས་དང་བདེན་བཞིའི་སྐབས་སོགས་སུ་སྐབས་ཀྱི་མདོའི་ཚིག་སྣ་བསྡུས་ཏེ། མདོ་དོན་ཆ་ཚང་བར་བསྡུས་ནས་རྒྱན་གྱི་དགོངས་པར་འགྲེལ་བ་བཞིན་ནོ། །འགྲེལ་ཆུང་འདི་ཡུམ་གྱི་ཚིག་སྣ་བསྡུས་པ་ལྟ་བུ་ཞིག་ཡོད་པར་མཁས་པའི་གསུང་ལ་གྲགས་པ་བཞིན་དོན་ལ་གནས་པར་སྣང་ལ། ཤེར་འབྱུང་གི་བསྡུས་དོན་ལས་ཀྱང་མདོ་རྒྱན་སྦྱར་བའི་འགྲེལ་པར་བཤད་དོ། །འགྲེལ་བཤད་གཉིས་ནི་མདོ་རྒྱན་སྦྱར་བའི་འགྲེལ་པ་མིན་ཏེ། མདོ་རྒྱན་སྦྱར་བའི་འགྲེལ་པ་ལ་མདོ་རྒྱན་སྦྱར་བའི་འགྲེལ་པར་རང་རྐང་དུ་བརྩམས་པ་ཞིག་དགོས་ལ། དེ་གཉིས་འགྲེལ་པའི་བཤད་པ་ཡིན་པའི་ཕྱིར། གསེར་ཕྲེང་ལས་འགྲེལ་པ་དོན་གསལ་མདོ་རྒྱན་སྦྱར་བའི་འགྲེལ་པ་མ་ཡིན་པར་གསུངས་པ་ནི་མདོའི་ཚིག་དང་རྒྱན་སྦྱར་བའི་འགྲེལ་པའི་དབང་དུ་བྱས་སོ།།

ཟུར་ཕྱི་མའི་ལན་ནི། སྟོང་ཉིད་བཅུ་དྲུག་ཏུ་བསྟན་པའི་དགོས་པ་ནི། ཉི་སྣང་ལས། དངོས་པོ་འགོག་པ་རྣམ་པ་གསུམ་དང་། མངོན་པར་ཞེན་པ་རྣམ་པ་བརྒྱད་ཀྱི་གཉེན་པོར་བཏགས་པ་འགོག་པ་ནི་རྣམ་པ་བརྒྱད། བྱེད་པ་པོ་འགོག་པ་གཅིག ཡུལ་དུ་འཁྲུལ་པ་འགོག་པ་རྣམ་པ་གསུམ་སྟེ། བཏགས་པ་དང་རང་གི་མཚན་ཉིད་དང་། དུས་སུ་འཁྲུལ་བ་འགོག་པའོ། །རང་གི་ངོ་བོ་ཉིད་འཁྲུལ་བ་འགོག་པ་སྟེ་ལྔ་ཕྱེས་ནས་གསུངས་ལ། མདོར་ན་མངོན་ཞེན་དེ་དག་འགོག་ཕྱིར་དུ་གསུངས་ཏེ། ཉི་སྣང་སྐབས་བཞི་པའི་འགོག་བདེན་གྱི་རྣམ་པ་བཅུ་དྲུག་བཤད་པའི་སྐབས་སུ་གཟིགས་པར་ཞུའོ།།

དྲི་བ་དགུ་པ། རང་ལུགས་ནི་ཐེག་པ་གསུམ་གྱི་མངོན་རྟོགས་གང་ཡིན་མཁྱེན་གསུམ་གང་རུང་ཡིན་པ་ལ་དགོངས་ནས་མཁྱེན་གསུམ་གྱིས་མངོན་རྟོགས་བརྒྱད་བསྡུས་པར་གསུངས་ཏེ། དེ་གསུམ་གྱིས་མ་བསྡུས་པའི་མངོན་རྟོགས་མེད་པས་སོ། །ཞེས་སྒྲས་ཟིན་ལ་བལྟས་ན་སོ་སྐྱེའི་ལམ་ཡང་གཞི་ཤེས་དང་ལམ་ཤེས་ཀྱིས་བསྡུས་པ་གསུངས་མོད། འོན་ཀྱང་། གསེར་ཕྲེང་རང་ལས། ལམ་ཤེས་ལ་ནི་སེམས་བསྐྱེད་སྔོན་དུ་འགྲོ་དགོས་པའི་དེའི་སྐད་ཅིག་གཉིས་པ་ནས་ལམ་ཤེས་འདོད་པར་བྱའོ། །ཞེས་དང་། གཉིས་པ། ལམ་ཤེས་ནི་ལམ་གསུམ་རང་བཞིན་མེད་པར་རྟོགས་ཤིང་རྫོགས་སྨིན་སྦྱངས་ནས་ཡང་དག་མཐའ་མངོན་དུ་བྱས་པའི་སློབ་ལམ་མོ། །ཞེས་གསུངས་པའི་འགལ་མེད་ཀྱི་དགོངས་དོན་གསལ་པོར་ཇི་ལྟར་འགྲེལ།

དྲི་བ་དགུ་པའི་ལན། མི་འགལ་བའི་ཚུལ་འདི་ལྟར་ཡིན་ནམ་སྙམ་སྟེ། དོན་བདུན་ཅུའི་སྐབས་སུ་མཁྱེན་གསུམ་གྱི་མཚན་ཉིད་གསུངས་པ། ལམ་ཤེས་ཀྱི་དམིགས་རྣམ་འབྲས་གསུམ་ངོས་བཟུང་བའི་འགྲེལ་པའི་སྐབས་ནས་བསྟན་པའི་ལམ་ཤེས་ཀྱི་ངོ་བོ་ཙམ་ཞིག་གསུངས་པ་ཡིན་པ་ཤིན་ཏུ་གསལ་ཏེ། འགྲེལ་པའི་གཞུང་དང་མཐུན་པར་ལམ་ཤེས་ཀྱི་མཚན་ཉིད་ཟུར་དུ།  དམིགས་རྣམ་འབྲས་གསུམ་སྨོས་སོ། །སྤྱིར་མཁྱེན་གསུམ་ལ་དེས་མ་ཁྱབ་ལ། དེ་ནི་ངོ་བོ་ཙམ་ལས། དེ་དག་གང་རུང་ལའང་མཁྱེན་གསུམ་གྱིས་མ་ཁྱབ་པས། འདི་དང་ཐེག་པ་གསུམ་གྱི་མངོན་རྟོགས་གང་ཡིན་མཁྱེན་གསུམ་གང་རུང་ཞིག་ཡིན་དགོས་པར་གསུངས་པ་དང་། ལམ་ཤེས་ལ་སེམས་བསྐྱེད་སྔོན་དུ་འགྲོ་དགོས་པར་གསུངས་པ་དང་མི་འགལ་ཏེ། ཐེག་ཆེན་ཚོགས་ལམ་སྐད་ཅིག་དང་པོ་དེ། ཐེག་པ་གསུམ་གྱི་ལམ་གསུམ་གང་རུང་ཡིན་ཡང་། ཐེག་པ་གསུམ་གྱི་མངོན་རྟོགས་གསུམ་གང་རུང་མིན་ཏེ། གསེར་ཕྲེང་རང་ལུགས་ལ་ཐེག་ཆེན་གྱི་མངོན་རྟོགས་དང་ཐེག་ཆེན་གྱི་ལམ་གཉིས་ཁྱད་པར་འབྱེད་དགོས་སོ། །སྤྱིར་མངོན་རྟོགས་དང་ལམ་གཉིས་ཁྱད་པར་འབྱེད་པའི་ལུགས་ཡོད་པའང་གསེར་ཕྲེང་རང་དུ་གསལ་བ་ལྟར་དང་། གསེར་ཕྲེང་སྒྲས་ཟིན་སྐྱོང་བ་ལ་ཞིབ་ཆ་འདི་ལས་ལྷག་ཅིག་མེད་པར་སྣང་ངོ་། །དེས་ན། ཐེག་ཆེན་གྱི་མངོན་རྟོགས་དང་ལམ་ཤེས་དོན་གཅིག་ཏུ་སེམས་སོ། །འདིའི་དོན་ལ་ཁ་ཅིག་གིས་སྐབས་འདིའི་སེམས་བསྐྱེད་དེ་ལམ་ཤེེས་ཀྱི་ཡན་ལག་ཏུ་གྱུར་པའི་སེམས་བསྐྱེད་དང་། དེའང་བུ་རམ་ཤིང་ཤུན་ལྟ་བུའི་སེམས་བསྐྱེད་ལ་བྱེད་པ་ཡོད་ཀྱང་། དེས་མི་ཕན་ཏེ། གསེར་ཕྲེང་སྐབས་གཉིས་པར་ལམ་ཤེས་གསར་དུ་སྐྱེ་བའི་རྟེན་ལ་བྱང་སེམས་ཡིན་དགོས་པར་གསུངས་པས་དེ་ཙམ་གྱིས་འགལ་སྤོང་མི་ནུས་སོ།།

དྲི་བ་བཅུ་བཞི་པ། ཉི་སྣང་རྣམ་འགྲེལ་རྒྱན་གྱི་སྣང་བ་འགྲེལ་པ་འདི་དང་བཞིར་བྱུང་ཞིང་དེ་ཡང་དང་པོར་འཕགས་པས་བཀོད་ཅིང༌། འགོད་པའི་སྐབས་ནི་དང་པོ་གསུམ་དུ་དགོས་འགྲེལ་གྱི་ཐད་ཀར་བཀོད་ལ། འགོད་པའི་ཚུལ་ཡང་ཉི་ཁྲིའི་འགྲེལ་པ་གཉིས་སུ་རྩོད་ལན་གྱི་གཞུང་གི་མཚམས་འབྱེད་ཚུལ་འདི་དང་མཐུན་ཅིང་།  རྒྱན་སྣང་དུ་ནི་སྤྱིར་གཞན་འཇུག་པའི་ཡན་ལག་ཏུ་དགོས་སོགས་བཞི་བསྙད་དགོས་པ་དང༌ཞེས་པ་ནས་རྩོད་ལན་འདི་དག་བསྐལ་པའི་བར་དུ་ཡང་མི་ཤོད་དོ། །ཞེས་པའི་བར་གྱི་རྩོད་པའི་གོ་རིམ་དང་རྩོད་པ་ཇི་ལྟར་བྱུང་ཚུལ་ཕྱོགས་སྔས་རྒོལ་ཚུལ་དང་རང་ལན་ཇི་ལྟར་འདེབས་དགོས་སམ།

དྲི་བ་བཅུ་བཞི་པའི་ལན། དྲི་བ་འདིའི་ཟུར་གལ་ཆེ་བ་འགའ་ལ་ལན་ཞིག་བྲི་བར་བྱ་སྟེ།  རྩོད་པ་ཇི་ལྟར་བྱུང་ཚུལ་དང་ཕྱོགས་སྔས་རྩོད་ཚུལ་རང་ལན་ཇི་ལྟར་འདེབས་ཚུལ་ནི་འདི་ལྟར་ཡིན་ཏེ། གསེར་ཕྲེང་གི་རྩོད་ལན་འགོད་ཚུལ་ཐུན་མོང་མ་ཡིན་པ་ནི། མཆོད་བརྗོད་ཀྱི་སྐབས་སུ་མཁྱེན་གསུམ་ལ་དངོས་སུ་བསྟོད་ནས། ཤུགས་ལ་མདོའི་བརྗོད་བྱ་མཁྱེན་གསུམ་བརྗོད་བྱར་བྱེད་པའི་བསྟན་བཅོས་བརྩམ་པར་དམ་བཅས་པ་ལ། དེ་ལ་ཁ་ཅིག་གིས་མདོའི་བརྗོད་བྱ་གཏན་ལ་འབེབས་པའི་བསྟན་བཅོས་རྩོམ་པར་ཁས་བླངས་ན། མཁྱེན་གསུམ་གཏན་ལ་འབེབས་པ་ལ་མཁྱེན་གསུམ་ངོ་བོའི་སྒོ་ནས་མཚོན་མི་ནུས་པས་ཡུལ་དང་འབྲེལ་བར་བསྟན་དགོས་ལ། དེ་ཡང་སྤྱིར་མདོའི་བརྗོད་བྱ་ངོས་འཛིན་ཚུལ་ལ་མདོས་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེ་བའི་ཕྱིར་དུ་གཞི་ཁོ་ན་དང་། སྤང་བྱ་མ་ལུས་པ་སྤོང་བའི་ཕྱིར་དུ་གཉེན་པོ་ཁོ་ན། ཤེས་བྱ་མ་ལུས་པ་ཤེས་པའི་ཕྱིར་དུ་རྣམ་པ་ཁོ་ན་བརྗོད་བྱར་བསྡུས་པར་འདོད་པའི་ཕྱོགས་གསུམ་ཡོད་པས། འདིར་གང་འཐད་ཕྱོགས་སུ་བཟུང་ནས་མདོ་ཡི་བརྗོད་བྱ་གཏན་ལ་འབེབས། ཕྱོགས་དང་པོ་ལྟར་ན་རྒྱན་སྦྱར་བ་ལ་འབད་པ་དོན་མེད་པར་ཐལ། ཤེར་ཕྱིན་གྱི་མདོ་འདི་ལས་མངོན་པ་ནས་གཞི་ཇི་ལྟར་བསྟན་པ་དེ་ལྟར་བསྟན་པས་ན། ཤེར་ཕྱིན་གྱི་མདོ་འདི་མངོན་པ་དང་ཟློས་པར་འགྱུར་བའི་ཕྱིར། གཉིས་པ་ལྟར་ན། ཀུན་ནས་ཉོན་མོངས་པའི་དངོས་པོ་གཟུང་རྟོག་སོགས་བརྗོད་བྱར་མ་བསྡུས་ཏེ། གཉེན་པོ་ལམ་གསུམ་ཙམ་ཞིག་བརྗོད་བྱར་བསྡུས་པའི་ཕྱིར། དེས་ན་སྤང་བྱ་གང་ཡིན་དང་གཉེན་པོ་གང་ཡིན་མི་རྟོགས་པའི་ཉེས་པར་འགྱུར་རོ། །གསུམ་པ་ལྟར་ན། རྣམ་པ་གཞི་བཅས་སམ་གཞི་མེད་བརྗོད་བྱར་བསྡུས། དང་པོ་ལྟར་ན་ཤེར་ཕྱིན་གྱི་མདོ་དང་མངོན་པ་དང་བཟློས་སོ། །གཉིས་པ་ལྟར་ན། གཞིའི་དོན་ཐོབ་པ་མེད་པར་ཐལ། རྣམ་པ་གཞི་མེད་པ་རྟོག་པས་བཏགས་ཙམ་ཞིག་བརྗོད་བྱར་བསྡུས་པའི་ཕྱིར། འདོད་ན། སྐྱེས་བུ་ལ་ཉེ་བར་མཁོ་བའི་དོན་ཅུང་ཟད་ཀྱང་མ་བཤད་པར་ཐལ། འདོད་པ་དེའི་ཕྱིར། དེའང་འདོད་ན། རྩ་བའི་སྐྱོན་གསུམ་པོ་དེའི་ཕྱིར། ཡུམ་གྱི་མདོ་གསུངས་པ་ལ་དོན་ནམ་དགོས་པ་མེད་པར་འགྱུར་རོ་ཞེས་རྟོག་ལྡན་གྱི་རྒོལ་བ་གཞན་དག་དོགས་པར་འགྱུར་བ་མ་ཡིན་ནམ་སྟེ་ཡིན་ནོ་ཞེ་ན། ཞེས་རྩོད་པ་བཀོད་ནས། ལན་ཇི་ལྟར་འདེབས་ཚུལ་ནི། རྒྱན་གྱིས་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་གྲངས་མཚན་ཉིད་ངོ་བོ་རབ་དབྱེ་ཙམ་ཤེས་པའི་ཕྱིར་དང་། སྤང་བྱ་མི་མཐུན་ཕྱོགས་ཙམ་སྤོང་བའི་ཕྱིར་དང་། རྣམ་པ་རྫས་བཏགས་ལ་སོགས་པའི་ཤེས་བྱའི་རྣམ་གྲངས་ཙམ་ཤེས་པའི་ཕྱིར། གཞི་གཉེན་རྣམ་གསུམ་གང་རུང་རེ་རེ་ཁོ་ན་བརྗོད་བྱར་བསྡུས་ནས་ཡུམ་ཕྱོགས་རེ་བའི་རྒྱན་དུ་བྱེད་པ་མ་ཡིན་ཏེ། གཞི་གཉེན་རྣམ་པ་གསུམ་པོ་མཁྱེན་གསུམ་མཚོན་པའི་ཆེད་དུ་གཏན་ལ་ཕབ་ཅིང་། དེ་གསུམ་གྱིས་མཁྱེན་གསུམ་མཚོན་པའི་སྒོ་ནས་མཁྱེན་པ་གསུམ་ཀ་བརྗོད་བྱར་བསྡུས་པའི་ཕྱིར། མཁྱེན་གསུམ་བརྗོད་བྱར་བསྡུས་ན་ཡུམ་ཕྱོགས་རེ་བའི་རྒྱན་མ་ཡིན་པས་ཁྱབ་སྟེ། མཁྱེན་གསུམ་གྱིས་འཕགས་པ་བཞི་ཀའི་མངོན་རྟོགས་བསྡུས་པས་ན། མཁྱེན་གསུམ་གྱི་རྒྱན་དུ་གྲུབ་ན་ཡུམ་མཐའ་དག་གི་རྒྱན་དུ་གྲུབ་པའི་ཕྱིར། ཞེས་ལན་བཏབ་བོ།།

འདིར་གསེར་ཕྲེང་རྩོད་ལན་སྐབས་ཀྱི་གལ་གནད་འགའ་ཞུ་ན།

གཞི་གཉེན་རྣམ་གསུམ།

 ཁ་ཅིག་གིས་འདོོད་པའི་གཞི་གཉེན་རྣམ་གསུམ་དང་། རང་ལུགས་ཀྱིས་འདོད་པའི་གཞི་གཉེན་རྣམ་གསུམ་འདྲའམ་ཞེ་ན། མི་འདྲ་བར་གསུངས་ཏེ། ཁ་ཅིག་གིས་འདོད་པའི་རྣམ་པ་ནི། མདོ་ལས་བཤད་པའི་དགེ་མི་དགེ་དང་ཟག་བཅས་ཟག་མེད་སོགས་ཀྱི་མིང་གི་རྣམ་གྲངས་སུ་བྱ་ལ། གཞི་ནི་མངོན་པ་ནས་བཤད་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་གྲངས་མཚན་ཉིད་ངོ་བོ་རབ་དབྱེ་ལ་བྱ། གཉེན་པོ་ནི་ས་དང་ཕར་ཕྱིན་སོགས་ལ་འཇོག རང་ལུགས་ལ་རྣམ་པ་ནི་རྣམ་མཁྱེན་གྱི་དམིགས་པ་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དང་བདུན་ཅུ་རྩ་གསུམ་ལ་བྱེད། གཞི་ནི་གཞི་ཤེས་ཀྱི་དམིགས་པ་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་ངོ་བོ་ཙམ་ལ་བྱེད། གཉེན་པོ་ནི་ལམ་ཤེས་ཀྱི་དམིགས་པ་ལམ་གསུམ་ལ་བཞག གསེར་ཕྲེང་རང་ལས་རང་ལུགས་དང་ཁ་ཅིག་གི་རྣམ་པ་ངོས་འཛིན་གསལ་ཡང་གཞན་གཉིས་མི་གསལ་མོད། འོན་ཀྱང་། ཁ་ཅིག་གིས་མདོས་གཞི་གཉེན་རྣམ་གསུམ་གང་རུང་རེ་རེ་ཁོ་ན་བརྗོད་བྱར་ཁས་བླངས་པའི་འཁྲུལ་གཞི་གསལ་བར་གསུངས་པ་དེས། ཁ་ཅིག་གིས་འདོད་པའི་གཞི་གཉེན་རྣམ་གསུམ་གང་ཡིན་ཤེས་ཤིང་། རང་ལུགས་ལ་རྒྱན་ལས་མཁྱེན་གསུམ་གཏན་ལ་འབེབས་པའི་ཡན་ལག་ཏུ། དེའི་དམིགས་པ་གཞི་གཉེན་རྣམ་གསུམ་གཏན་ལ་ཕབ་པར་གསུངས་པས། མཁྱེན་གསུམ་གྱི་དམིགས་པ་ལ་བྱེད་དགོས་ཤིང་། དེ་ཡང་། གསེར་གླིང་པའི་རྟོགས་སྣང་ལས། གཞི་དང་ཞེས་བྱ་བ་ལ་སོགས་པ་སྨོས་པ་ཡིན་ཏེ། གཞི་ནི་ཕྱི་དང་ནང་གི་བདག་ཉིད་ཅན་ནོ། །གཉེན་པོ་ནི་ཉན་ཐོས་ལ་སོགས་པའི་ལམ་མོ། །རྣམ་པ་ནི་དངོས་པོས་སྟོང་པའི་རྣམ་པ་སྟེ། ཞེས་པ་ལྟར་ཡིན་ནོ།།

རྩོད་པ་པོ།

 གསེར་ཕྲེང་ལས། ཁ་ཅིག་དངོས་སུ་འདོད་མཁན་བྱུང་བ་མིན་གྱི་དོགས་པ་ཁོང་སློང་ཡིན་ཞེས་འདོད་ཀྱང་རྒྱན་སྣང་དང་བསྟུན་ན་དངོས་སུ་བྱུང་བར་གསལ་ལོ། །འོ་ན་མདོ་དང་བསྟན་བཅོས་གང་ལ་ཡིན་ཞེ་ན་མདོ་ཡིན་པར་མངོན་ནོ། །དེ་ལྟ་ན་བསྟན་བཅོས་ལ་དོགས་པ་འདི་འགོད་པ་ཅི་འབྲེལ་ཞེ་ན། བསྟན་བཅོས་ཀྱི་བརྗོད་བྱ་ཉིད་མདོའི་བརྗོད་བྱ་ཡིན་པའི་ཕྱིར་འབྲེལ་ལོ། །ཞེས་པའི་དོན་ལ་སྔ་ཕྱི་མཁས་པ་མང་པོ་དང་འགྲེལ་པ་དུ་མར་མདོ་རྒྱན་སྦྱར་བའི་འགྲེལ་པ་གསུམ་དུ་བཀོད་པའི་རྩོད་ལན་མདོ་ལ་བཀོད་པ་དང་། མདོ་ལ་རྩོད་པ་པོ་དངོས་སུ་ཡོད་པའི་དོན་དུ་འགྲེལ་ཞིང་། བློ་གསལ་ཕལ་ཆེར་མགྲིན་གཅིག་ཏུ་དེ་སྐད་དུ་སྨྲའོ། །འོན་ཀྱང་། འདི་ལ་དོགས་པ་འདི་ལྟར་ཡོད་དེ། འདོད་མཁན་དངོས་སུ་བྱུང་བ་མིན་གྱི་ཞེས་པའི་འདོད་པ་ནི་ཁས་བླངས་དང་དམ་བཅའ་བའི་དོན་ཡིན་པས་རྩོད་པ་ལ་ཇི་ལྟར་སྦྱོར། རྒྱན་སྣང་དུ་གཞི་གཉེན་རྣམ་གསུམ་གང་རུང་རེ་རེ་ཁོ་ནར་བརྗོད་བྱར་འདོད་པའི་ཕྱོགས་སྔ་གསུམ་བཀོད་ནས། ཕྱོགས་དང་པོ་ལྟར་ན་མན་ཆད་དེ་འགོག་བྱེད་དུ་གསུངས་པས། རྒྱན་སྣང་གི་གཞུང་འདིས་རྒྱན་ནམ་མདོ་གསུངས་པ་ལ་དགོས་མེད་ཀྱི་རྩོད་པ་པོ་འདི་ཡོད་པར་ཇི་ལྟར་གསལ། དེའི་ཕྱིར། གཞུང་འདིའི་དོན་ལེགས་པར་བཤད་ན་འདི་ལྟར་ཡིན་པར་སྣང་སྟེ། གསེར་ཕྲེང་དུ་རྩོད་ལན་འགོད་པའི་སྐབས་སུ། མཆོད་བརྗོད་ཀྱི་ཤུགས་ལ་མདོ་ཡི་བརྗོད་བྱ་གཏན་ལ་འབེབས་པའི་བསྟན་བཅོས་བརྩམ་པར་དམ་བཅས་པ་ན། རྒྱས་འབྲིང་བསྡུས་ཀྱི་བརྗོད་བྱ་ལ་འདོད་ཚུལ་ཆེན་པོ་གསུམ་ཡོད་པས། གང་འཐད་ཕྱོགས་སུ་བཟུང་ནས་བསྟན་བཅོས་བརྩམས་དྲིས་པ་ནས་དེ་ལ་རིམ་བཞིན་བརྟག་པ་བྱས། འོ་ན་སྐབས་འདིའི་ལོག་རྟོག་གི་གཙོ་བོ་ཤེར་ཕྱིན་གྱི་མདོས་གཞི་གཉེན་རྣམ་གསུམ་གང་རུང་རེ་རེ་ཁོ་ནར་བརྗོད་བྱར་འདོད་པའི་ལོག་རྟོག་དེ་རྒྱུད་ལྡན་གྱི་གང་ཟག་དངོས་སུ་ཡོད་དམ། དོགས་པ་ཁོང་སློང་ཡིན་ཞེ་ན། རྒྱན་སྣང་ལས་ཁ་ཅིག་ན་རེ་དང་ལ་ལ་ན་རེ་དང་གཞན་དག་ན་རེ་ཞེས་དང་། ཞེས་ཟེར་རོ་ཞེས་སོགས་གསུང་ཚུལ་ལ་བལྟས་ན། དེ་ལྟར་འདོད་མཁན་དངོས་སུ་བྱུང་བར་གསལ་ལོ་ཞེས་པའི་དོན་ཡིན་ལ། འོ་ན། གང་རུང་རེ་རེ་ཁོ་ན་བརྗོད་བྱར་འདོད་པའི་ལོག་རྟོག་དེ་དག་མདོ་ལས་བྱུང་ངམ་བསྟན་བཅོས་ལས་བྱུང་ཞེ་ན། གོང་དུ་བཀོད་པའི་ཉི་ཁྲིའི་འགྲེལ་པ་གཉིས་ལས་མདོ་ལས་འབྱུང་བ་སོགས་སྒྲུབ་བྱེད་དེ་དག་ལ་བསམས་ན་མདོ་ཡིན་པར་མངོན་ནོ། །ཞེས་པ་དང་། དེ་ལྟར་ན། རྩོད་ལན་འདི་བསྟན་བཅོས་སུ་བཀོད་པ་འབྲེལ་མེད་དོ་ཞེ་ན། མདོ་དང་བསྟན་བཅོས་བརྗོད་བྱ་གཅིག་པའི་ཕྱིར་འབྲེལ་ལོ། །ཞེས་པའི་དོན་ལས་འདའ་ས་མེད་པར་སྣང་ངོ་།།

གསེར་ཕྲེང་གི་དགོས་པ་དང་འཆད་ཚུལ་སྦྱར་ནས་ཟློས་སྐྱོན་གཏོང་ཚུལ་དང་ཟློས་པ་སྤོང་ཚུལ།

སྔ་ཕྱིའི་འགྲེལ་པ་མང་པོར་བརྗོད་བྱ་ཁོ་ན་ལ་སྦྱར་ནས་ཟློས་སྐྱོན་གཏོང་བ་དང་ཟློས་སྤོང་བྱེད་ཚུལ་ལས། དགོས་པ་ལ་སྦྱར་ནས་ཟློས་སྐྱོན་གཏོང་ཚུལ་མེད་ལ།  དགོས་པ་ལ་སྦྱར་ནས་ཟློས་སྐྱོན་གཏོང་ཚུལ་འདི་ཉིད། འགྲེལ་ཆུང་དུ་མི་གསལ་ཡང་རྒྱན་སྣང་དུ་གསལ་བའི་རྩོད་ལན་འགོད་ཚུལ་བླངས་པ་ཡིན། ཟློས་སྤོང་གི་ལན་གྱི་སྐབས་སུ་དགོས་པ་དང་འཆད་ཚུལ་སྦྱར་ནས་ཟློས་སྤོང་དགོས་པར་གསུངས་ཤིང་། དགོས་པ་དང་འཆད་ཚུལ་ལ་སྦྱར་བའི་ཚུལ་ནི། ཆོས་མངོན་པས་གཞི་བརྗོད་བྱར་བྱས་པ་ནི་གཞི་ཕུང་ཁམས་སྐྱེ་མཆེད་ཀྱི་གྲངས་མཚན་ཉིད་ངོ་བོ་དབྱེ་བ་ཙམ་ཤེས་པའི་ཕྱིར་ཡིན་ལ། རྒྱན་གྱིས་གཞི་ཤེས་ཐེག་ཆེན་གྱི་ལམ་གྱི་གོལ་སར་བསྟན་པའི་ཚུལ་གྱིས་གཞི་ཤེས་ཀྱི་ངོ་བོ་ཤེས་པར་བྱ་བའི་ཕྱིར་གཞི་བརྗོད་བྱར་བསྡུས་པ་དང་། ལམ་ཤེས་ཐེག་ཆེན་ལམ་གྱི་ཉམས་སུ་བླང་བྱར་བསྟན་པའི་སྒོ་ནས་ལམ་ཤེས་ཀྱི་ངོ་བོ་ཤེས་པའི་ཕྱིར་གཉེན་པོ་བརྗོད་བྱར་བསྡུས་པ་དང་། རྣམ་མཁྱེན་ཐེག་ཆེན་ལམ་གྱི་འཐོབ་བྱར་བསྟན་པའི་ཚུལ་གྱིས་རྣམ་མཁྱེན་གྱི་ངོ་བོ་ཤེས་པར་བྱ་བའི་ཕྱིར་རྣམ་པ་བརྗོད་བྱར་བསྡུས་པ་ཡིན། སྐབས་འདིར་གཞི་གཉེན་རྣམ་གསུམ་གྱིས་མཁྱེན་གསུམ་མཚོན་ཚུལ་ནི། ཡུལ་གྱིས་ཡུལ་ཅན་མཚོན་ཚུལ་ཡིན་ཏེ། དམིགས་པ་འདི་འདྲ་ཞིག་གི་སྟེང་དུ་རྣམ་པ་འདི་འདྲ་ཞིག་གཏན་ལ་དབབ་པ་ནི་མཁྱེན་པ་འདི་དང་འདིའོ་ཞེས་མཁྱེན་གསུམ་གྱི་ངོ་བོ་མཚོན་པའམ་ཤེས་པར་བྱེད་ཚུལ་ཡིན་ནོ།།

དྲི་བ་བཅོ་ལྔ་པ། ཁ་ཅིག་སངས་རྒྱས་ལ་སེམས་བསྐྱེད་མེད་དེ་ཡོད་ན་སྤྲིན་ལྟ་བུ་ཡོད་དགོས་པ་ལས་དེ་མེད་དེ་རྒྱན་ལས། རྒྱལ་སྲས་རྣམས་ཀྱི་སེམས་བསྐྱེད་པ། །སྤྲིན་དང་འདྲ་བར་བསྟན་པ་ཡིན། །ཞེས་པས་ཤེ་ན། ཉེས་པ་མེད་དེ། རྒྱལ་སྲས་ལ་ཡོད་པས་སངས་རྒྱས་ལ་ཡོད་པ་མི་ཁེགས་ལ། རྒྱལ་སྲས་རྣམས་ཀྱིས་ཐོབ་པར་བྱ་བའི་སེམས་བསྐྱེད་ཅེས་ཀྱང་དགོངས་པ་བརྟག་ནུས་ཏེ་དེ་ལྟ་མིན་ན་སྔར་གྱི་ས་མཚམས་དང་འགལ་ཞིང་དོན་དམ་སེམས་བསྐྱེད་ཀྱང་མེད་པར་ཧ་ཅང་ཐལ་ལོ། །ཞེས་པའི་འཕེན་ཚུལ་ལྟར་ན་སངས་རྒྱས་ས་ཡི་དོན་དམ་སེམས་བསྐྱེད་དེ་ཀུན་རྫོབ་སེམས་བསྐྱེད་དུ་འདོད་དམ། དེས་ན་ཐབས་ཤེས་ཁྱད་པར་ཅན་གཉིས་འགལ་དང་མི་འགལ་ཧ་ཅང་ཐལ་ཚུལ་ཇི་ལྟར་ཡིན།  

དྲི་བ་བཅོ་ལྔ་པའི་ལན། ཧ་ཅང་ཐལ་ཚུལ་ལ་འགྲེལ་ཚུལ་དུ་མ་མཆིས་ཏེ། ཁ་ཅིག དེ་ལྟར་མིན་ན་ཞེས་པའི་དེ་སྒྲའི་སྙེག་ཡུལ་ནི། རྒྱལ་སྲས་ལ་ཡོད་པས་སངས་རྒྱས་ལ་ཡོད་པ་མི་ཁེགས་པ་དེ་ལྟར་མིན་ན། སངས་རྒྱས་ཀྱི་སར་དོན་དམ་སེམས་བསྐྱེད་མེད་པར་འགྱུར་ཏེ། རྒྱལ་སྲས་ལ་ཡོད་པས་སོ། །ཞེས་པའི་དོན་ཡིན་ནོ་ཞེས་བཀྲལ་ལ། ཡང་། ཐེག་ཆེན་སེམས་བསྐྱེད་མེད་ན་དོན་དམ་སེམས་བསྐྱེད་མེད་དགོས་ཏེ། དབྱེ་གཞི་མེད་ན་དབྱེ་ཆོས་མེད་དགོས་པའི་ཕྱིར་ཞེས་དང་། དོན་དམ་སེམས་བསྐྱེད་ལ་སེམས་བསྐྱེད་ཀྱི་མིང་ཐོབ་པ། གྲོགས་ཀུན་རྫོབ་སེམས་བསྐྱེད་ཀྱིས་ཟིན་པས་ཡིན་པས། ཀུན་རྫོབ་སེམས་བསྐྱེད་མེད་ན་དེ་མེད་པར་འགྱུར་ཏེ། དཔེར་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་འཁོར་ལོ་རིན་པོ་ཆེ་དང་བྲལ་ན། འཁོར་རྒྱལ་གྱི་མིང་མི་ཐོབ་པ་བཞིན་ནོ་ཞེས་དང་། ཡང་གཞན་དག་གིས། ཁ་ཅིག་འདིའི་ཐུགས་རྩེ་གཏོད་ས་ནི། སངས་རྒྱས་འཕགས་པ་ནི་རྫོགས་བྱང་ཐོབ་ཟིན་པས། གཞན་དོན་དུ་རང་གི་རྫོགས་བྱང་ལ་དམིགས་པ་མེད་པས་ཀུན་རྫོབ་སེམས་བསྐྱེད་མེད་པར་བཤད་པ་ཡིན་ལ། དེ་ལྟར་ན་དོན་དམ་སེམས་བསྐྱེད་ཀྱང་མེད་པར་འགྱུར་ཏེ། འདི་ལྟར། སེམས་བསྐྱེད་གཉིས་ནི་གཞན་དོན་དུ་རྫོགས་བྱང་ལ་དམིགས་པར་གཞིར་བྱས་ལ། རྫོགས་བྱང་དེ་ཉིད་འཐོབ་པར་འདོད་པ་ཀུན་རྫོབ་སེམས་བསྐྱེད་དང་། རྫོགས་བྱང་དེའི་སྟེང་གི་གནས་ལུགས་ལ་གཉིས་སྣང་ནུབ་པའི་ཐེག་ཆེན་འཕགས་པའི་མཁྱེན་པ་ལ་དོན་དམ་སེམས་བསྐྱེད་དུ་བཞག་པས། དེ་ལྟར་ན། དེ་གཉིས་ཀའི་གཞི་མེད་པར་འགྱུར་བས། དོན་དམ་སེམས་བསྐྱེད་ཀྱང་མེད་པར་འགྱུར་ཞེས་པའི་དོན་དུ་སྨྲའོ།།

ཁོ་བོའི་རྨོངས་འཆར་ནི།  གསེར་ཕྲེང་རང་ལུགས་ལ་སངས་རྒྱས་སའི་དོན་དམ་སེམས་བསྐྱེད་དེ་ཀུན་རྫོབ་སེམས་བསྐྱེད་དུ་བཞེད་མིན་དོགས་པ་མེད་ལ། སྐབས་འདིར་ཁ་ཅིག་སངས་རྒྱས་ལ་སེམས་བསྐྱེད་མེད་དེ། ཞེས་སེམས་བསྐྱེད་མེད་པར་འདོད་པ་ལ། ཐལ་བ་འདི་དག་བཏང་བ་ཡིན་པས། དོན་དམ་སེམས་བསྐྱེད་ཐེག་ཆེན་སེམས་བསྐྱེད་དུ་བཞེད་པ་འདྲ་ལ། རྟོགས་དཀའི་སྣང་བ་ལས། ཅི་སྟེ་ཐེག་ཆེན་འཕགས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་དག་དོན་དམ་སེམས་བསྐྱེད་ཡིན་པས། རྫོགས་པའི་སངས་རྒྱས་ལ་ཡང་སེམས་བསྐྱེད་ཡོད་དགོས་སོ་ཞེ་ན། དེ་ལྟ་ན་ཐེག་ཆེན་འཕགས་པ་ཆོས་ཉིད་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་དང་། ཤེས་རབ་གཉིས་ཀ་ཐེག་ཆེན་སེམས་བསྐྱེད་དུ་ཁས་ལེན་དགོས་པས། སེམས་བསྐྱེད་ཡིན་ན་གཙོ་བོ་སེམས་ཡིན་དགོས་པ་ཉམས་པར་འགྱུར་རོ། །དེ་ནི་ཀུན་རྫོབ་སེམས་བསྐྱེད་ཀྱི་དབང་དུ་བྱས་པའོ། །ཞེ་ན་དོན་དམ་སེམས་བསྐྱེད་ཡིན་ན། གཙོ་བོ་སེམས་ཡིན་མི་དགོས་ཤིང་། ཀུན་རྫོབ་སེམས་བསྐྱེད་ཡིན་ན། དེ་ཡིན་དགོས་པའི་ཁྱད་པར་ཚིག་ལ་དགའ་བ་ཁྱོད་ཀྱིས་སྨོས་ཤིག ཅེས་གསུངས་པའི་ཁ་ཅིག་འདིས་དོན་དམ་སེམས་བསྐྱེད་ཀྱི་ངོ་བོ་འཇོག་ཚུལ་གསེར་ཕྲེང་བཞིན་རེད་འདུག་པས། འགོག་ཡུལ་འདི་གསེར་ཕྲེང་ཡིན་པ་འདྲ་སྟེ། དེ་ལྟར་ན། གསེར་ཕྲེང་གི་རང་ལུགས་ལ་དོན་དམ་སེམས་བསྐྱེད་ཐེག་ཆེན་སེམས་བསྐྱེད་དུ་བཞེད་པར་རྟོགས་སྣང་གི་གཞུང་འདི་ལས་གསལ་བར་སྣང་བས། སངས་རྒྱས་སར་སྤྱིར་ཐེག་ཆེན་སེམས་བསྐྱེད་མེད་ན། བྱེ་བྲག་དོན་དམ་སེམས་བསྐྱེད་ཀྱང་མེད་པའི་ཐལ་བ་གཏོང་བ་ཡིན་པར་སྣང་། གསེར་ཕྲེང་དུ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་བཞག་པ་ཀུན་རྫོབ་སེམས་བསྐྱེད་བཞིན་ཡིན་འདུག་པས། དེའི་སྐབས་ཀྱི་སེམས་བསྐྱེད་དེ་སྐབས་དོན་བཞིན་ཀུན་རྫོབ་སེམས་བསྐྱེད་ལ་སྦྱར་དགོས་པར་སྣང་ངོ་།།

དྲི་བ་བཅུ་དྲུག་པ། ཁ་ཅིག་འགོག་བདེན་ལ་དེ་བཞིན་ཉིད་ཀྱིས་ཁྱབ་པར་འདོད་ཅིང་གཞན་དག་བཟློག་སྟེ་འདོད་པ་ནི་གཉིས་ཀས་ཀྱང་ཞིབ་ཏུ་མ་བརྟགས་པ་སྟེ། ཀུན་བཏུས་ལས། མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། དེ་བཞིན་ཉིད་དང་ལམ་དང་ཉོན་མོངས་པ་མི་འབྱུང་བ་སྟེ་གང་དུ་འགོག་པ་དང་གང་གིས་འགོག་པ་དང་གང་འགོག་པ་ཞེས་དེ་བཞིན་ཉིད་དགག་གཞི་སྤང་བྱ་ལམ་གྱིས་བཅོམ་པའི་ཆ་གང་འགོག་པའི་རང་བཞིན་ཡིན་པར་བཤད་པ་དང༌། ཡང་དེ་ཉིད་ལས། རྣམ་གྲངས་འདིས་ནི་དེ་བཞིན་ཉིད་ལ་དམིགས་པ་གང་དུ་ཟག་པ་དང་བཅས་པའི་དངོས་པོ་འགགས་པ་དེ་འགོག་པའི་མཚན་ཉིད་དོ། །ཞེས་སྤང་བྱ་ལམ་གྱིས་བཀག་ཆ་ལ་ཡང་འགོག་བདེན་དུ་བཤད་པས་མེད་དགག་སོ་སོར་བརྟགས་འགོག་གི་རང་བཞིན་ཡང་དེར་བཞག་དགོས་པ་ཡིན་ཏེ། དཔེར་ན་བུམ་པས་དབེན་པའི་ས་ཕྱོགས་དང་དེའི་སྟེང་གི་བུམ་པ་བཀག་ཆ་གཉིས་ཀ་བུམ་མེད་ཡིན་པ་ལྟར་འཕགས་རྒྱུད་ཀྱི་དེ་བཞིན་ཉིད་དང་དེའི་སྟེང་དུ་ལམ་གྱིས་སྤང་བྱ་བཀག་ཆ་གཉིས་ཀའང་འགོག་བདེན་ཡིན་ཏེ། དེ་ནི་འདས་ལམ་གྱིས་སྤང་བྱ་སྤངས་པའི་འདུས་མ་བྱས་ཡིན་པས་སོ། །ཞེས་པའི་གཞུང་གི་ཚིག་དོན་ཞིབ་པར་ཁྲོལ་དང་། ཡིག་ཆ་ལས་སྤྱིར་འགོག་བདེན་ལ་གང་ཟག་གི་བདག་མེད་ཡིན་པའི་རྒྱུ་མཚན་ཇི་ལྟར་སྒྲུབ་མིན་དང་། འདིའི་སྐོར་དབུ་སེམས་སུའི་ལུགས་དང་། རྩ་འཇུག་ཊཱིཀ་གཉིས་དང་སྟོང་ཐུན་རྣམ་བཤད་བཅས་སུ་ཇི་ལྟར་བཤད།

དྲི་བ་བཅུ་དྲུག་པའི་ལན། དྲི་བ་འདིའི་ཟུར་གལ་ཆེ་བ་འགའ་ལ་ལན་ཞིག་བྲི་ན།  ཟུར་དང་པོའི་ལན་ནི། འདིར་བཀོད་པའི་ཁ་ཅིག་དང་པོ་དེ་གཞུང་དུ་མར་བཙལ་ཡང་མ་རྙེད་པས་འཚོལ་བར་ཞུའོ། །ཁ་ཅིག་གཉིས་པ་ནི་རྔོག་ལོ་རྗེས་འབྲངས་དང་བཅས་པས་དེ་ལྟར་བཞེད་པར་སྟོང་ཐུན་དུ་གསུངས་སོ། །རང་ལུགས་འགོག་བདེན་ལ་དེ་བཞིན་ཉིད་ཡིན་མིན་གཉིས་ཡོད་པར། ཀུན་བཏུས་དང་རྒྱུད་བླ་ཐོགས་འགྲེལ་དུ་དྲངས་པའི་མདོས་བསྒྲུབས། ཀུན་བཏུས་ཀྱི་གཞུང་འདི་ཤེས་བྱེད་འགྲོ་ཚུལ་ཅུང་དཀའ་བར་སྣང་ལ། གལ་ཏེ། ཀུན་བཏུས་སུ་འགོག་བདེན་ལ་དེ་བཞིན་ཉིད་ཡིན་མིན་གཉིས་ཡོད་པར་གསུངས་ན། བསྡུ་བར་མྱང་འདས་ཆོས་དབྱིངས་སུ་གསུངས་པས་སེམས་ཙམ་པའི་ལུགས་ལ་མི་འགྲིག་ལ། རྣམ་བཤད་གཞིར་བཞག་ན་དབུ་མའི་ལུགས་ལའང་མི་འགྲིག་པས། གྲུབ་མཐའ་གང་གི་ལུགས་ཡིན་མིན་ཤིན་ཏུ་བཤད་དཀའ་བར་འགྱུར་རོ། །ཀུན་བཏུས་ལས་གསུངས་པ་ལུང་གི་རྗེས་འབྲངས་སེམས་ཙམ་ལུགས་སུ་གསེར་ཕྲེང་དཀའ་གནད་ཡིད་ཀྱི་ངལ་གསོ་ལས་གསུངས་ལ། དེ་ལྟར་ན། བསྡུ་བ་ལས་གསུངས་པ་རིགས་པའི་རྗེས་འབྲངས་ཀྱི་སེམས་ཙམ་པའི་ལུགས་སུ་བཀྲལ་ཏེ། ཁྱད་པར་དེ་ལྟར་འབྱེད་རུང་ངམ་དཔྱད་པར་ཞུའོ། །གཞན་ཡང་། གཞུང་དེར་འགོག་བདེན་ལ་ཀུན་རྫོབ་བདེན་པས་ཁྱབ་པར་འདོད་པའི་ཡིག་ཆའི་རྗེས་འབྲངས་འགས་འདི་ལྟར་བཀྲལ་ཏེ། ཁ་ཅིག་དགག་གཞི་དེ་བཞིན་ཉིད་སྤང་བྱ་སྤངས་པའི་ཆ་ཁོ་ནར་འགོག་བདེན་འདོད་པ་དང་། གཞན་དག་རྣམ་གྲོལ་ལམ་སྤང་བྱ་སྤངས་པའི་ཆ་ཁོ་ནར་འགོག་བདེན་འདོད་པ་གཉིས་ཀས་ཀྱང་ཞིབ་ཏུ་མ་བརྟགས་པ་སྟེ། གཉིས་ཀ་འགོག་བདེན་དུ་འདོད་དགོས་ཞེས་པའི་དོན་དུ་བཀྲལ། 

ཟུར་གཉིས་པའི་ལན། ཡིག་ཆ་ལས་ཞེས་པ་འདི་རྗེ་བཙུན་ཡིན་པ་འདྲ་ལ། དེ་ལྟར་ན། རྗེ་བཙུན་ཡིག་ཆའི་རྗེས་འབྲངས་འགས་ཚིག་གསལ་ལས། གང་ཟག་ལ་བདག་མེད་པའི་མཐའ་ཞི་བ་ཞེས་པའི་གཞུང་ལ་བརྟེན་ནས། འགོག་བདེན་གང་ཟག་གི་བདག་མེད་དུ་བསྒྲུབས་ཤིང་། དེ་ཉིད་ཡིག་ཆའི་སྐབས་གཉིས་པའི་མཐའ་དཔྱོད་ཀྱི་དགོངས་པར་སྨྲ་སྟེ། སྐབས་གཉིས་པའི་མཐའ་དཔྱོད་ལས། སངས་རྒྱས་འཕགས་པ་གང་ཟག་བདག་མེད་ལ་མཉམ་པར་བཞག་པ་ཡོད་པའི་རྒྱུ་མཚན་ལ། འདིར་བསྟན་ཡང་དག་མཐའ་མངོན་དུ་བྱས་པར་བཀོད་པ་དེའོ། །འོན་ཀྱང་། གཞུང་དེ་དག་གིས་འདིར་བསྟན་ཡང་དག་མཐའ་གང་ཟག་བདག་མེད་དུ་གསུངས་པ་ཙམ་ལས། སྤྱིར་འགོག་བདེན་ལ་གང་ཟག་བདག་མེད་ཀྱིས་ཁྱབ་པར་སྒྲུབ་མི་ནུས་ཤིང་། འགོག་བདེན་ཀུན་རྫོབ་བདེན་པ་ཡིན་པའི་རྒྱུ་མཚན་ཡང་དེ་མིན་ཏེ། འགོག་བདེན་གྱི་གང་དགག་རྒྱུའི་དགག་བྱ་དྲི་མ་ཡོད་དགོས་པ་དང་། སྟོང་ཉིད་ཀྱི་གང་དགག་རྒྱུའི་དགག་བྱ་མེད་དགོས་པས་ཡིན་ཏེ། འགོག་བདེན་ཀུན་རྫོབ་ཏུ་འདོད་ཕྱིན་ཆད་རྒྱུ་མཚན་འདི་ལས་གཞན་མེད་པར་སྟོང་ཐུན་དུ་གསུངས་པ་ནི་ལེགས་བཤད་བླ་ན་མེད་པར་སྣང་ངོ་།།

 དྲི་བ་བཅོ་བརྒྱད་པ། འཕགས་པའི་ལུགས་ལ་ཡང་མི་གསལ་ཏེ། དེའི་ཚིག་གིས་ཟིན་ཚོད་ལ་ནི། བདག་གཅིག་པུར་རྟོག་པའི་རྣམ་རྟོག་ནི། ཞེས་དང༌། ཀུན་ནས་ཉོན་མོངས་པའི་རྟེན་གྱི་བདག་ཏུ་རྣམ་པར་རྟོག་པ་ནི། ཞེས་སོགས་དང༌། ཕུང་པོ་བཏགས་པར་ཡོད་པའི་རྣམ་པར་རྟོག་པ་ནི། ཞེས་དང༌། སྐྱེ་མཆེད་བཏགས་པར་ཡོད་པའི་རྣམ་པར་རྟོག་པ་ནི་ཞེས་སོགས་སྒྲུབ་པའི་རྣམ་པ་ཅན་དུ་བསྟན་པ་མ་གཏོགས་པ་དགག་པའི་རྣམ་པ་ཅན་དུ་སྟོན་པ་ཚིག་གི་ཟུར་ཙམ་ཡང་མི་འབྱུང་བས་སོ། །རྒྱན་གྱི་སྣང་བར་ཡང༌། རྣམ་པར་རྟོག་པ་བཞི་པོ་ནི་རང་གི་བྱང་ཆུབ་ཀྱི་གེགས་སུ་གྱུར་པ་མ་ཡིན་པས་ན་གང་གི་ཕྱིར་དེ་དང་འདྲེས་པར་གྱུར་ཀྱང་མ་འདྲེས་པར་སྐྱེས་པ་ཡིན་ནོ་ཞེས་རྣམ་པར་བཞག་གོ་ཞེས་རྣམ་རྟོག་བཞི་ཀ་ཉན་རང་ལ་ཡང་ཡོད་ཀྱང་རང་གི་བྱང་ཆུབ་འཐོབ་པའི་གེགས་མིན་པས་ཡོད་ཀྱང་མེད་པ་དང་འདྲ་བར་གསུངས་པས་ཉན་རང་ལ་གཟུང་འཛིན་མི་དམིགས་པར་རྟོགས་པའི་དགག་རྟོག་ཡོད་པ་སློབ་དཔོན་གྱི་དགོངས་པར་ཇི་ལྟར་འཇོག དེས་ན་རྟོག་པ་བྱེད་ཆོས་སུ་འགྲོ་བ་ཡང་དགག་པའི་རྣམ་པ་ཅན་ཡིན་པས་མིན་གྱི། རང་གིས་བསྐྱེད་པའི་མཐོང་སྒོམ་གྱིས་ཟད་པར་བྱེད་ནུས་པའི་རྣམ་རྟོག་བཞི་དང་ལྡན་ཞེས་རང་འབྲས་ཀྱི་སྤང་བྱར་ལྡན་པའི་སྒོ་ནས་བྱེད་ཆོས་ཡིན་པ་སློབ་དཔོན་གྱི་དགོངས་པ་ཡིན་ཏེ། ཞེས་པའི་དོན་དང་སྤྱིའི་ཆིངས་ཐུབ་པའི་རྫས་ཡོད་དང་བཏགས་ཡོད་ཡོད་མེད་དང་། མེད་ན། སྐབས་འདིར་བཤད་པའི་རྫས་བཏགས་ཀྱི་ཁྱད་པར་ཇི་ལྟར་འཇོག

དྲི་བ་བཅོ་བརྒྱད་པའི་ལན། འདིར་གཞུང་གི་དོན་ནི་གསལ་བས་མ་བྲིས་ལ། གཞུང་ཉིད་བཀླགས་པ་ལས་ཤེས་ནུས་པས། དྲི་བ་གཞན་དུའང་འདིའི་རིགས་ལ་ལན་བྲིས་མེད། འདིར་བསྟན་རྟོག་པ་དགག་སྒྲུབ་ཀྱི་རྟོག་པ་གང་ཡིན་ནི། རེ་གཉིས་མ་གཏོགས་རྒྱ་གཞུང་ཕལ་ཆེར་མཐུན། 

དྲི་བའི་ཟུར་ཕྱི་མའི་ལན་ནི། འདིར་བསྟན་རྫས་བཏགས་ཀྱི་དོན་ལ། འདིར་བསྟན་རྫས་བཏགས་དང་རྫས་བཏགས་གཉིས་ཁྱད་པར་ཡོད་པར་འདོད་པ་དང་མེད་པར་འདོད་པའི་ཕྱོགས་གཉིས་ཏེ། དང་པོ་ནི། རྗེ་བཙུན་ཡིག་ཆར་འདིར་བསྟན་རྫས་ཡོད་དང་འདིར་བསྟན་བཏགས་ཡོད། ཅེས་འདིར་བསྟན་ལ་སྦྱོར་ཚུལ་ལས་ཀྱང་། སྤྱིར་རྫས་བཏགས་དང་ཁྱད་པར་ཡོད་པར་ཐོན་ལ། དེས་ན། འདིར་བསྟན་རྫས་ཡོད་ཀྱི་དོན་འཇོག་ཚུལ་ལའང་གསུང་རྒྱུན་མི་འདྲ་བ་གཉིས་ཏེ། བསྡུ་བ་ནས་བཤད་པའི་རྫས་ཡོད་དང་། རྫས་ཡོད་ཆོས་གསུམ་ཚང་བའི་རྫས་ཡོད་གཉིས་ཀ་འདིར་བསྟན་རྫས་ཡོད་དུ་བྱས་ཏེ། འདིར་བསྟན་རྫས་ཡོད་ཀྱི་དོན། བསྡུ་བ་ནས་བཤད་པའི་རྫས་ཡོད་ཡིན་པའམ། བརྟག་པ་མཐའ་བཟུང་གི་དབང་དུ་བྱས་པའི་མཚན་ཉིད་ཡིན་པ་ཞེས་འཇོག་པ་དང་། ཡང་། དང་པོ་དེ་ཡིན་པའམ། ཁོའི་གྲུབ་ཚད་དེར་གྲུབ་པ་ལ་རྫས་ཡོད་ཡིན་དགོས་པ་གང་རུང་ཞེས་འཇོག གཉིས་པ་ཁྱད་པར་མེད་པར་འདོད་མཁན་ཚོས། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དེ་རྫས་ཡོད་ཡིན་ནམ་ཞེ་ན། འདིར་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཅེས་པ། གང་ཟག་བདག་མེད་ཀྱི་དགག་བྱའི་རང་རྐྱ་ཐུབ་པའི་རྫས་ཡོད་ལ་མི་བྱ་ཞིང་། གང་ཟག་རྫས་ཡོད་པ་སྟེ་མཚན་གཞི་ཡིད་ཀྱི་རྣམ་ཤེས་ལ་བྱེད་དོ་ཞེས་སྨྲ། འདིར་བསྟན་བཏགས་ཡོད་དང་བཏགས་ཡོད་ལ་ཁྱད་པར་མ་ཕྱེས་ཀྱང་རུང་བར་སྣང་། འདི་ལ་དོགས་འཆར་འདི་ལྟར་འབྱུང་སྟེ། གང་ཟག་དོན་བྱེད་ནུས་པ་རྫས་ཡོད་ཆོས་གསུམ་ཚང་བའི་རྫས་ཡོད་ཡིན་ཞིང་། རྫས་ཡོད་ཆོས་གསུམ་ཚང་བའི་རྫས་ཡོད་འདིར་བསྟན་རྫས་ཡོད་ཡིན་པ། མདོ་དང་རྒྱན་རྩ་འགྲེལ་གང་གི་ཡང་དངོས་ཤུགས་ཀྱི་དོན་དུ་མི་གསལ་བས། དེ་ལྟར་འདོད་དགོས་པའི་རྒྱུ་མཚན་དང་རྒྱ་གཞུང་གི་ཁུངས་འཚོལ་དགོས་པར་སྣང་ངོ་།།

དྲི་བ་བཅུ་དགུ་པ། རྩ་བའི་རྟོག་པ་ནི་ངེས་འབྱེད་བཞིའི་གོ་རིམ་དང་བསྟུན་ལ་ཡན་ལག་དགུ་དགུར་ཕྱེ་བ་ལ་ནི་རྗོད་འདོད་ཙམ་དུ་ཟད་ཀྱི་རྒྱུ་མཚན་གཞན་མེད་དོ། །བདུན་པ་ནི་ཉི་སྣང་ལས། གཟུང་བའི་རྣམ་པར་རྟོག་པ་ཡིན་ལ་འཛིན་པའི་རྣམ་པར་རྟོག་པ་ནི་མ་ཡིན་པ་ཞེས་བྱ་བ་མུ་བཞི་སྟེ། མུ་དང་པོ་ནི་གཟུགས་ལ་སོགས་པ་ཡུལ་དྲུག་གོ །གཉིས་པ་ནི། སྐད་ཅིག་མ་གཅིག་དང་ལྡན་པའི་རྣམ་པར་རིག་པའོ། །གསུམ་པ་ནི་སྐད་ཅིག་མ་གཞན་གྱི་དེ་ཉིད་དོ། །བཞི་པ་ནི་རྣམ་པ་དེ་དག་དང་བྲལ་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་བཤད་དོ། །དེའི་དོན་ལ་སྔ་མ་དག་ན་རེ། མུ་དང་པོ་སེམས་བྱུང་མ་གཏོགས་པའི་ཆོས་ཀྱི་སྐྱེ་མཆེད་དང་བཅས་པའི་ཡུལ་དྲུག་ལ་རྟོག་པའོ། །གཉིས་པ་ནི་སྔོ་འཛིན་གྱི་མིག་ཤེས་སྐད་ཅིག་དང་པོ་ལྟ་བུ་ལ་རྟོག་པའོ། །གསུམ་པ་ནི། མིག་ཤེས་དེ་ཉིད་ཀྱི་རྒྱུན་ལ་རྟོག་པ་སྟེ་རང་ཡུལ་ལ་འཛིན་པ་ཡིན་ལ། རྗེས་ཀྱི་ངེས་ཤེས་ཀྱིས་ཡུལ་དུ་བྱས་པས་དེ་གཟུང་བའོ། །འོ་ན་མུ་གཉིས་པ་ལ་ཡང་མཚུངས་ཤེ་ན། སྐད་ཅིག་མ་སོ་སྐྱེས་ཀྱིས་ངེས་མི་ནུས་ལ་རྒྱུན་འཛིན་ནུས་པས་མི་མཚུངས་སོ། །ཞེས་པའི་འོ་ན་ལོངས་སྤྱོད་པ་པོ་འཛིན་པ་དང་། ལོངས་སྤྱད་བྱ་ལ་གཟུང་བ་བཤད་པ་མི་འཐད་དེ། མུ་རྩི་བའི་སྐབས་ཀྱི་གཟུང་འཛིན་དང་མི་མཐུན་པའི་ཕྱིར། ཞེ་ན། ཞེས་རྩོད་པ་ལ། དེས་ན་འདི་ནི། ཞེས་པ་ནས་གཞི་མི་མཐུན་པ་མི་རུང་བའིི་ཕྱིར་རོ། །ཞེས་སོགས་ཀྱི་ལན་ཇི་ལྟར་འདེབས་པ་དང་། དགོངས་པ་འགྲེལ་ཚུལ་གང་ཡིན།

དྲི་བ་བཅུ་དགུ་པའི་ལན། ལན་ཇི་ལྟར་འདེབས་ཚུལ་ནི། འདི་ནི་སྤྱི་སྐད་ལ་གྲགས་པའི་གཟུང་འཛིན་ལ་མུ་བརྩིས་པ་ཡིན་པར་གསུངས་ཤིང་། འདིའི་དོན་ནི་པཎ་ཆེན་བསོད་ནམས་གྲགས་པས་གསུངས་པ་ལྟར། སོ་སྐྱེས་ཀྱིས་མངོན་སུམ་རྟོགས་ནུས་པའི་གཟུང་བ་དེ་དང་། འཛིན་པ་གཉིས་ལ་མུ་བརྩིས་པ་ཡིན་ནོ།།

དྲི་བ་ཉི་ཤུ་པ། སེམས་ཙམ་པ་རྣམས་དྲི་མ་ནི་སེམས་དང་སེམས་ལས་བྱུང་བ་གཞན་དབང་གི་ངོ་བོ་ཡིན་པས། རྫས་སུ་བདེན་ཡང་ཕུང་པོའི་གནས་ལུགས་ལས་གོལ་བའི་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཚུལ་མིན་ཡིད་བྱེད་ཀྱིས་བསྐྱེད་པས་དེའི་རྒྱུ་དེ་ཡུལ་སུན་ཕྱུང་བའི་སྒོ་ནས་ཟློག་པར་ནུས་ལ། དེ་ལོག་པ་ན་འབྲས་བུར་གྱུར་པའི་ཆགས་སོགས་ཀྱང་རང་གི་ངང་གིས་ལྡོག་པར་འགྱུར་བའི་ཕྱིར་འབྲལ་རུང་ཡིན་པས་གློ་བུར་བར་འདོད་དོ། །ཞེས་པའི་དོན་དང་། གཉིས་པ་ནི་དེ་ལ་སྤྱིར་སེམས་ཅན་གྱི་ཤེས་རྒྱུད་ལ་ཡོན་ཏན་སྐྱེ་རུང་ཞིང༌། སྒྲིབ་པ་སྤོང་དུ་རུང་བའི་རྒྱུ་ཙམ་ཞིག་རིགས་སུ་འཇོག་པར་དབུ་སེམས་གཉིས་ཀ་བཞེད་པ་མཐུན་ཅིང་སྤོང་དུ་རུང་བ་ཡང་དྲི་མ་གློ་བུར་བར་སོང་བས་ཡིན་ལ། གློ་བུར་བའི་དོན་ལ་མི་མཐུན་ཏེ་འདི་ལྟར་དབུ་མ་པ་རྣམས་ནི་དྲི་མ་ཞེས་པ་བློས་བཏགས་ནས་བཞག་པ་ཙམ་ཡིན་གྱི་དོན་ལ་རྫས་སུ་མ་གྲུབ་པའི་སྟོང་ཉིད་ཡིན་པས་གློ་བུར་བར་འཇོག་གོ །སེམས་ཙམ་པ་རྣམས་དྲི་མ་ནི་སེམས་དང་སེམས་ལས་བྱུང་བ་གཞན་དབང་གི་ངོ་བོ་ཡིན་པས། རྫས་སུ་བདེན་ཡང་ཕུང་པོའི་གནས་ལུགས་ལས་གོལ་བའི་གཙང་བདེ་རྟག་བདག་ཏུ་འཛིན་པའི་ཚུལ་མིན་ཡིད་བྱེད་ཀྱིས་བསྐྱེད་པས་དེའི་རྒྱུ་དེ་ཡུལ་སུན་ཕྱུང་བའི་སྒོ་ནས་ཟློག་པར་ནུས་ལ། དེ་ལོག་པ་ན་འབྲས་བུར་གྱུར་པའི་ཆགས་སོགས་ཀྱང་རང་གི་ངང་གིས་ལྡོག་པར་འགྱུར་བའི་ཕྱིར་འབྲལ་རུང་ཡིན་པས་གློ་བུར་བར་འདོད་དོ། །སེམས་ཙམ་པས་རིགས་ཆད་འདོད་ཅེས་གྲགས་ཀྱང་དྲང་དོན་གྱི་མདོ་སྡེ་འགའ་ཞིག་ནས་བཤད་པ་དེ་དང་དེར་རྣམ་གཞག་མཛད་པ་ཙམ་ཡིན་གྱི་ངེས་དོན་དུ་མི་བཞེད་དེ། འདོད་ན་སྒྲིབ་པ་སྤོང་དུ་མི་རུང་བར་ཁས་ལེན་དགོས་ན་དེ་ཡང་མི་འཐད་དེ། དྲི་མ་ཐམས་ཅད་གློ་བུར་བ་འདོད་པས་སོ། །གང་དག་མདོ་རྒྱན་སེམས་ཙམ་ལུགས་དང་སེམས་ཙམ་པ་དང་དབུ་མ་པའི་རིགས་ཀྱི་འདོད་ཚུལ་མི་མཐུན་པར་ཁས་ལེན་བཞིན་དུ་མདོ་རྒྱན་གྱི་རིགས་ཀྱི་རྣམ་གཞག་རྣམས་རང་ལུགས་ལ་འཆད་པ་ནི་རང་གིས་རང་ལ་ཅོ་འདྲི་བའོ། །ཞེས་གསུངས་ལ་སེམས་ཙམ་པས་རིགས་གཏན་ཆད་འདོད་དང་མི་འདོད་སྐོར་ལ་དོགས་དཔྱོད་དང་། སྔ་མ་ནི་རྒྱན་འདི་དང་ཕྱི་མ་ནི་རྒྱུད་བླའི་བཤད་ཚོད་དུ་མཐོང་ངོ༌། །དེ་ལྟ་ན་ཆོས་ཉིད་རིགས་སུ་འདོད་པར་མཚུངས་ཀྱང་དྲི་མའི་སྦྱང་གཞི་བདེན་པར་འདོད་མི་འདོད་མི་འདྲ་བས་རིགས་སུ་འཇོག་པའི་རྒྱུ་མཚན་མི་མཚུངས་སོ། །ཞེས་པའི་སྔ་མ་ནི་རྒྱན་ཞེས་པའི་རྒྱན་མངོན་རྟོགས་རྒྱན་ཡིན་ནམ་མདོ་སྡེ་རྒྱན་ཡིན་དེའི་སྐོར་ལེགས་པར་དཔྱད་པར་ཞུ།

 དྲི་བ་ཉི་ཤུ་པའི་ལན། ཟུར་དང་པོའི་ལན་ནི། ལུང་གི་རྗེས་འབྲངས་སེམས་ཙམ་པའི་ལུགས་ལ་རིགས་གཏན་ཆད་ཀྱི་གང་ཟག་ཡོད་པར་ཧ་ཅང་གསལ་ཏེ། ལང་གཤེགས་དང་མདོ་སྡེ་རྒྱན་འགྲེལ་པ་འགྲེལ་བཤད་བཅས་པ་དང་། བྱང་སའི་རིགས་ཀྱི་ལེའུ་བཅས་སུ་རིགས་གཏན་ཆད་ཀྱི་གང་ཟག་ཡོད་པར་ཤིན་ཏུ་གསལ་བར་གསུངས་ཤིང་། ཉན་སའི་རིགས་ཀྱི་ལེའུ་ལས་ཀྱང་རིགས་ཆད་ཀྱི་རྟགས་དྲུག་གསུངས་པས། ལུགས་འདི་ལ་རིགས་གཏན་ཆད་ཡོད་པ་རྩ་བའི་གྲུབ་མཐར་སྣང་། རིགས་གཏན་ཆད་ཡོད་པའི་རྒྱུ་མཚན་ཡང་། རྐྱེན་གྱི་དབང་གིས་མིན་པར་ཐོག་མ་ནས་ཐེག་ཆེན་རིགས་ཆད་པའང་ཡོད། ཉན་རང་གི་རིགས་ཆད་པའང་ཡོད་པའི་རིགས་པས། ཐོག་མ་ནས་དེ་གསུམ་ཀ་ཆད་སོང་བ་ཞིག་ཡོད་པར་ཡང་སྒྲུབ་ཐུབ་ལ། འོ་ན། གསེར་ཕྲེང་ལས་གསུངས་པ་གང་ཞེ་ན། དེ་ནི་སེམས་ཙམ་པ་ལ་དབུ་མ་པའི་རིགས་པའི་འཕུལ་མཚམས་ཙམ་ཞིག་ཡིན་པར་སྣང་ངོ་། །ཟུར་ཕྱི་མའི་ལན་ནི། རྒྱན་འདི་ཞེས་གསུངས་པས་མངོན་རྟོགས་རྒྱན་ཡིན་མིན་དོགས་པ་མེད་ལ། དེའང་། རྒྱན་ལས། བརྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །ཞེས་པའི་དགོངས་པའོ།།

དྲི་བ་ཉེར་གསུམ་པ། རིགས་ཅན་དང་། རིགས་སོ་སོར་མ་ངེས་པའི་རྩོད་པ་གཉིས་དང་། ལན་ལ་ཡང་བསྟན་བཅོས་དང་འཇིག་རྟེན་ལ་གྲགས་པའི་ལན་གཉིས་གསུངས་པའི་རྩོད་ལན་འདི་དག་འགོད་ཚུལ་ཇི་ལྟར་ཡིན། རྗེ་ཡབ་སྲས་རྣམས་ཀྱིས་རིགས་དང་དམིགས་པའི་གཞུང་འདི་དག་ལ་བརྟེན་ནས་མངོན་རྟོགས་རྒྱན་ཐལ་འགྱུར་བའི་རང་གཞུང་དུ་གསུངས་པར་སྣང་བས། གོང་གི་རྩོད་ལན་ཐལ་འགྱུར་བའི་ལུགས་སུ་བྱེད་དམ། བྱེད་ན་རྣལ་འབྱོར་སྤྱོད་པའི་རང་རྒྱུད་པས་རྩོད་ལན་ཇི་ལྟར་བྱེད།

དྲི་བ་ཉེར་གསུམ་པའི་ལན། རྩོད་པ་རྩོད་ལན་དག་ནི་གཞུང་དུ་གསལ་བས་མ་བྲིས། ཟུར་ཕྱི་མའི་ལན་ལ། སྤྱིར་རྒྱན་གྱི་དགོངས་པ་མཐར་ཐུག་ཐལ་འགྱུར་བའི་ལུགས་སུ་གནས་བྱུང་། དེའང་། རིགས་ཀྱི་གཞུང་སོགས་ལ་བརྟེན་ནས་བཀྲལ་ཡང་། འདི་དག་ཐལ་འགྱུར་བའི་ལུགས་སུ་བཀྲལ་བ་མིན་ཏེ། རྣམ་བཤད་ལྟར་ན་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པས་ཐལ་འགྱུར་བའི་ལུགས་སུ་འགྲེལ་དགོས་དོན་མེད་ལ། གསེར་ཕྲེང་ལྟར་ན་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་ཀྱང་། དེ་བཞིན་ཉིད་དང་ཆོས་ཉིད་སྟོང་ཉིད་སོགས་རྟོགས་པ་ཡོད་པས། ཐལ་འགྱུར་བའི་ལུགས་སུ་འགྲེལ་དགོས་དོན་མེད་དོ།།

 ༢༠༢༠/༣/༢༩ མཇུག་གྲུབ་པར་བྱས།


[1] རྗེ་བཙུན་ཕར་ཕྱིན་རོལ་མཚོ་ལས་ཁ་ཅིག་གི་འདོད་པ་འདིར་བཀོད་ཀྱང་། འདོད་མཁན་སུ་ཡིན་གསལ་པོར་མ་རྙེད།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།