སློབ་དཔོན་བསོད་ནམས་ནོར་བུ།
ང་བཤད་གྲྭ་ནས་ཐོན་ཏེ་ལོ་ངོ་དྲུག་བདུན་ཙམ་སོང་ཡང་། ནམ་ཡང་བརྗེད་དུ་མེད་པ་ནི་བཤད་གྲྭའི་དགེ་སྐོས་ཚོ་དང་མཉམ་དུ་གཡུལ་འགྱེད་དགོས་པ་དེ་ཡིན། དེ་ནི་ང་ལ་མཚོན་ན་མི་ཚེའི་མཛེས་སྡུག་ཅིག་དང་འཚོ་བའི་དཀའ་སྡུག་ཅིག་ཀྱང་ཡིན།
༢༠༡༠/༡༡/༡༣ ཉིན་ཕྱི་དྲོ་ཆུ་ཚོད་བཞི་པ་ཡས་མས་ཤིག་ལ། གྲྭ་ཚང་དང་བཤད་གྲྭའི་དགེ་སྐོས་གཉིས་ལག་རྡང་མཉམ་སྦྲེལ་ཐོག་བཤད་གྲྭའི་དགེ་འདུན་པ་ཚང་མ་སློབ་གྲྭའི་གླིང་ཁ་ལ་བོས་ནས། སྔར་སྲོལ་ལྟར་སྔ་འགྱུར་རྙིང་མའི་སྨོན་ལམ་དང་བསྟུན། དགོན་པ་གཞུང་གི་དཔེ་ཆ་དང་། ལོ་ཐོ་གཙོས་པའི་ཅ་ལག་མང་པོ་ཞིག་གནས་མཆོག་རྡོར་གདན་ལ་འཁུར་རྒྱུའི་བགོ་བཤའ་བྱེད་དགོས་སྟབས། དགེ་འདུན་པ་རྣམས་འུར་འུར་ཟིང་ཟིང་ངང་སྐད་ཅིག་གཅིག་ལ་འདུས་པ་དང་། ང་ཡང་འགྲོ་འདོད་མེད་རུང་དགོན་པའི་སྒྲིག་གཞིའི་དབང་གིས་དབུགས་རྔུབ་ཐེངས་གཅིག་ལ་དེར་འབྱོར་བས། གླིང་ཁའི་ཕྱོགས་དང་ཕྱོགས་སུ་སྡེ་ཚན་རེ་རེའི་མགོར་དགེ་སྐོས་རེས་ཕྱག་ན་དབྱུག་པ་རེ་བཟུང་ནས་བསྡད་འདུག་ལ། གྲྭ་པ་རྣམས་མིང་ཐོ་ཀློག་རིམ་བཞིན་འཚང་ཁའི་ཀློང་ནས་ཡར་འགྲོ་བ་དང་། མདུན་དུ་སླེབས་པ་ན་དགེ་སྐོས་ཚོས་ཐུམ་བརྒྱབ་པའི་ཅ་ལག་རེ་སྤྲད་རྗེས་མིང་ཐོ་བཀོད་དེ་མར་གཏོང་གི་འདུག དེ་དུས་བདག་གིས། འཚང་ཁའི་ཁྲོད་ཀྱི་གྲྭ་པ་ཚོའི་ལས་དབང་དང་། དགེ་སྐོས་ཚོའི་ཕྱག་གི་དབྱུག་པ་དེ་མཐོང་བ་དང་། སེམས་ཁོང་དུ་ཆུད་ནས། ཨ་ཙི། གྲྭ་པའི་མི་ཚེ་ནི་རྟག་ཏུ་གཞན་གྱི་གཉའ་གནོན་དང་སྡུག་བཙིར་འོག་ཟད་དགོས་པ་ཨེ་ཡིན་སྙམ་ནས་བསམ་བློ་འདྲ་མིན་མང་པོ་འཁོར་ཏེ། གྲལ་ཡང་སྒྲིག་འདོད་མ་བྱུང་བར་ཐད་ཀར་ཟུར་གྱི་སྤང་ཁུད་ཅིག་ཏུ་མགོ་བོ་ཕབ་ནས་བསྡད་པ་ཡིན། ཅུང་ཟད་ཅིག་ནས། “བསོད་ནམས་འབྲུག་པ།” ཟེར་བ་འདྲ་ཞིག་བོས་ཨེ་སོང་སྙམ་པ་དང་། ངའི་མདུན་གྱི་འཛིན་གྲོགས་ཚོས་ཁ་ཕྱིར་འཁོར་ནས། “ཁྱོད་རང་སྐད་གཏོང་གི་འདུག་ཟེར།” དེ་ནས་ང་ཡར་སོང་བ་དང་ང་ཚོའི་འཛིན་གྲྭའི་ཅ་ལག་སྤྲོད་མཁན་ནི། དབུ་སྐྲ་ཅུང་སེ་ཤས་ཆེ་ལ། གཟན་དཀྲིས་བརྒྱབ་པའི་བཤད་གྲྭའི་དགེ་སྐོས་ཆེ་བ་ཁོང་རེད་འདུག ཁོང་གིས་ང་མཐོང་བ་དང་“ཅ་ལག་ག་བ། ཅ་ལག” ཅེས་བརྗོད་བྱུང་བས། ངས་ཀྱང་“ཕ་ཀི་ན།” ཞེས་འཛིན་གྲྭ་དྲུག་པའི་ཅ་ལག་སྤྲོད་ས་དེར་མཛུབ་མོ་བཙུགས་པས། ཁོང་གིས་དྲི་བ་གཉིས་པ་མ་དྲིས་པར་ང་ཤར་མར་གློད་བྱུང་། སྐབས་དེར་ད་ཐེངས་ཡིན་ན་ངས་དགེ་སྐོས་ལ་མགོ་སྐོར་དྲ་མ་ཞིག་གཏོང་ཐུབ་སོང་སྙམ། སེམས་དགའ་སྤོབས་ངང་གྲྭ་ཚང་འཆམ་ར་ལ་ཕྱིན་པས། ཤག་མཚེས་གྲོགས་པོ་བཀྲ་ཤིས་ལྷོ་ཁ་དང་ཐུག་སྟེ། ཁོང་ལ་ངས་འཇོན་རབས་དང་དགེ་སྐོས་ཏག་ཏག་བཟོས་རབས་སོགས་མང་པོ་ཞིག་བཤད་པར་མ་ཟད། མཐའ་མར་ཡག་ཤོས་བྱུང་ན་ད་ལྟ་ད་དུང་ཁྱེད་རང་སློབ་གྲྭའི་གླིང་ཁ་ནང་གོམ་པ་མ་སྤོས་ན་ཡག་ཚུལ་གླེངས་ཀྱང་། ཤག་མཚེས་ཁོང་གིས། “དྲིན་ཆེན་ཚོ་མགོ་བོ་གཡོག་རྒྱུ་ད་ལས་སླ་པོ་རེད་ཨ།” ཟེར་བཀག་ཀྱང་མ་ཐུབ་པར་གཟན་ཕྲག་མགོར་བཀལ་ནས་ཕྱིར་བལྟས་མེད་པར་ཤོར་སོང་།
“ཏིང་ཏིང་……..” འོ་དེ་ནི་ཆུ་ཚོད་ ༠༧:༣༠ ཐོག་བཤད་གྲྭའི་མཚན་ཐུན་དང་པོ་འཚོག་དགོས་པའི་ཅོང་བརྡ་རེད། མེ་འཁོར་ལྟ་བུའི་གྲྭ་ཤག་དག་གི་སྒེའུ་ཁུང་ཡོད་ཚད་དུས་གཅིག་ཏུ་གློག་འོད་ཀྱིས་ཁྲ་ཆིལ་ལེར་གང་། ང་རང་ཤག་ཏུ་སྒྲུང་དེབ་ཅིག་གི་ཤོག་ལྷེ་ཕར་ཚུར་སློག་བཞིན་བསྡད་ཡོད་པ་དང་། ཏག་ཏག་གྲྭ་ཚང་གི་དགེ་སྐོས་ཤིག་དང་བཤད་གྲྭའི་དགེ་སྐོས་གཉིས་ཧོབ་དེ་ངའི་ཤག་ནང་འཛུལ་ནས། “སྟོན་དང་། ཅ་ལག་ག་བ། ཅ་ལག” ཅེས་ང་ལ་ཡང་བསྐྱར་གླིང་ཁའི་ནང་གི་དྲི་བ་དེ་དྲིས་བྱུང་བས། ངས་ཀྱང་མགོ་བོ་ཡར་ཙམ་བཀྱག་ནས་ཡིན་ཤག་ཤག་གིས་ཤག་རོགས་རྡོ་རྗེའི་ཤོག་སྒམ་ལ་མཛུབ་མོ་ཀེར་ཏེ། “འདི་རེད།” སྨྲས་པས། སླར་ཡང་ཁོང་གིས། “རྡོ་རྗེའི་ཅ་ལག་ག་བ།” ཞེས་དྲི་བ་གཉིས་པ་ཞིག་བཀོད་པར་བརྟེན། ངས་ཤག་རོགས་ཀྱི་ལྟོ་ཕད་ནང་གི་ཤོག་སྒམ་དེ་ག་ལེར་མི་མཐོང་སར་ཚུར་བཏོན་ནས། ཅོག་ཙེའི་འོག་ཏུ་སྦས་ཏེ། “འདི་རེད།” ཅེས་ལན་བཏབ་པས། དགེ་སྐོས་ཆེན་མོ་ཕྱིར་ཐོན་རན་ཁར། “དགོངས་པ་མ་འཚོམས་ཨ། འདི་འདྲ་མ་བྱས་ན། ཅ་ལག་འཁུར་མཁན་མི་འདུག” ཟེར་ནས་འཚེར་སྣང་གིས་གཟན་སྣེ་ལྷུང་ལ་ཁད་པའི་དཔྲལ་ངོས་ཀྱི་རྔུལ་ཐིགས་དེ་འབྱིད་ཞོར། ལག་པ་གཡས་པས་བྲང་ཁར་ཐལ་མོ་སྦྱོར་ཙམ་བྱས་ནས་གྲྭ་ཤག་གཞན་དག་ལ་ལྟ་སྐོར་དུ་ཕེབས་སོང་།
དགོང་མོ་ཆུ་ཚོད་ ༠༩:༣༠ སྟེང་རང་སྦྱོང་གྲོལ་བ་དང་། ང་ཤག་མཚེས་བཀྲ་ཤིས་ཀྱི་ཤག་ཏུ་ཐེངས་གཅིག་འཛུལ་བས། ཤག་མཚེས་ཀྱི་མདུན་ཅོག་སྒང་ལ་ཕྱི་དྲོ་གླིང་ཁའི་ནང་གི་ཤོག་སྒམ་དེ་ལས་ལྡབ་ལོག་ཆེ་བ་ཞིག་བཞག་འདུག “ཝེ། ཆེན་པོ་དེ་ཅི་རེད།” ཅེས་ཧང་སང་སང་གིས་དྲིས་པས། བཀྲ་ཤིས་ཀྱིས་མགོ་བོ་འཕྲེད་ལ་གཡུགས་ནས། “ཇོ་བོ་རིན་པོ། ད་རེས་ཡིན་ན་དྲིན་ཆེན་ཚོའི་བཀའ་དྲིན་གྱིས། རྔན་པ་ཆེན་པོ་ཞིག་རག་སོང་ད།” དེ་ནི་ང་ཤག་ནང་འཛུལ་བ་དང་ཤག་མཚེས་བཀྲ་ཤིས་ཀྱིས་སྨྲས་པའི་སྐད་ཆ་རེད། རྒྱ་ཅོག་སྒང་གི་ཤོག་སྒམ་གྲུ་བཞི་དེ་ནི་གཞན་ཞིག་མ་ཡིན་པར། ད་གིན་ཆུ་ཚོད་ལྔ་པར་སློབ་གྲྭའི་གླིང་ཁ་ནས་དགེ་སྐོས་ཚོས་བཤད་གྲྭའི་གྲྭ་པ་རྣམས་ཀྱིས་རྡོར་གདན་ལ་འཁུར་རྒྱུའི་དགོན་པའི་ཅ་དངོས་བགོ་འགྲེམས་བྱེད་སྐབས་ཤག་མཚེས་བཀྲ་ཤིས་ཀྱིས་ཅ་དངོས་མ་བླངས་པར་བྲོས་ནས་ཡོང་བས། དགེ་སྐོས་ཚོ་དགོང་མོ་ཆུ་ཚོད་ ༠༧:༣༠ ཐོག་གྲྭ་པ་ཚོས་ཅ་དངོས་ཁུར་ཡོད་མེད་བརྟག་དཔྱད་ཆེད་བཤད་གྲྭའི་གྲྭ་ཤག་རེ་རེ་བཞིན་ཤག་སྐོར་བྱས་ཏེ་ཡོང་དུས། བཀྲ་ཤིས་རླུང་རྟ་རྒུད་དེ་ཐ་མའི་ཐ་མར་ཅ་དངོས་གང་ཡང་ཁུར་མེད་པ་ཧ་གོ་ནས། དགེ་སྐོས་ཚོས་གཞན་གྱི་མིག་དཔེར་གྱུར་པའི་ཁོང་གི་ཡ་རབས་དྲང་བདེན་གྱི་ཀུན་སྤྱོད་དེར་དམིགས་བསལ་གྱིས་ཕུལ་བའི་ཆེ་བསྟོད་གཟེངས་རྟགས་ཤིག་རེད་འདུག “ཧེ་ཧེ་…..”
ང་ཤག་སྒོ་ལས་ཕྱིར་ཐོན་པ་དང་བཀྲ་ཤིས་ལ་ཁྲེལ་དགོད་དང་འཕྱ་སྨོད་བྱས་ཤིང་། ངས་དེ་རིང་གཅིག་པུར་དགེ་སྐོས་ལ་ཐེངས་གཉིས་མགོ་སྐོར་བཏང་ཐུབ་པས། ང་རང་ངོ་མ་རིག་པ་གྲུང་པོ་དང་། རྣམ་དཔྱོད་ཅན། འཇོན་ནུས་ཅན་གྱི་མི་ཞིག་རེད་ཨ་སྙམ་ཞིང་སོ་སོས་སོ་སོ་ལ་དགའ་མགུ་དང་། སེམས་ཤུགས་དགའ་རབ་ཅིག་སྐྱེས་སོང་ཡང་། རྗེས་སུ་ཉལ་ཁར་ལག་པ་བྲང་ལ་བཞག་ནས་བསམ་བློ་ཡག་པོ་ཞིག་གཏོང་དུས། དེ་རིང་དགོན་པའི་ཅ་ལག་བགོ་འགྲེམས་བྱ་རྒྱུའི་ལས་རིམ་ཆུང་ངུ་འདི་གཅིག་པུར་མཚོན་ན། དགེ་སྐོས་ཚོས་བསྟན་པ་དང་དགོན་པ་འབའ་ཞིག་གི་ཆེད་དུ་གྲྭ་པ་སྟོང་ཕྲག་མང་པོའི་གདོང་གི་རྣམ་འགྱུར་དང་ཁའི་ཚིག་ངན་བཟེད་ནས་ཡོང་བ་དང་། ནམ་རྒྱུན་ལོ་ནས་ལོ་དང་ཟླ་བ་ནས་ཟླ་བ། ཉིན་མོའི་མི་དང་མཚན་མོའི་ཁྱི་བྱས་ཏེ་སྤྱི་ཚོགས་ཀྱི་རྙོག་གླེང་དང་། དགོན་པའི་ཕྱག་ལས། གྲྭ་པ་ཚོའི་དཀའ་སྡུག་བཅས་དཀའ་ངལ་ཡོད་ཚད་ཁུར་པོ་བཞིན་འཁུར། ཆར་གོས་ལྟར་གྱོན་བཞིན། ལྷག་བསམ་རྣམ་དག་གིས་ཞོགས་པ་ཆུ་ཚོད་ལྔ་པ་མ་ཟིན་སྔོན་ཡར་ལངས་ནས། གྲྭ་ཤག་རེ་རེའི་སྒོ་གླེགས་རྡུང་བཞིན་གྲྭ་པ་རེ་རེ་མལ་ས་ནས་རྨོངས་གཉིད་ལས་སློང་བ་དང་། མཚན་མོ་ཆུ་ཚོད་བཅུ་གཉིས་དང་པོ་ཡིན་ཡང་གྲྭ་ཤག་རེ་རེའི་སྒོ་ཁ་བསྲུངས་ནས་སུ་ཞིག་ཉལ་འདུག་མི་འདུག་ལྟ་བ་སོགས་དཀའ་སྡུག་ལ་གདོང་ལེན་དང་། སེམས་ཤུགས། ཧུར་བརྩོན་གང་འདྲ་བྱེད་ཀྱི་ཡོད་པ་སོགས་བསམ་གཞིག་བཏང་ཞིང་གཉིད་དུ་ཡུར་བར་མ་ཟད། ང་རང་ཕྱི་ཉིན་ནངས་སྔ་མོར་ཟ་ཁང་ལ་ཞོགས་ལྟོ་འཚོལ་དུ་འགྲོ་སྐབས། ཟངས་མདོག་དཔལ་རིའི་ལྷ་ཁང་མདུན་དགེ་སྐོས་ལས་རོགས་དོན་གྲུབ་རྟ་མང་ཁོང་གིས། ཁ་སང་སློབ་གྲྭའི་གླིང་ཁ་ནས་བགོ་བཤའ་བྱས་པའི་ཤོག་སྒམ་དེ་འདྲ་གཉིས་གྲུ་མོའི་བར་བཙིར་ནས་ཡོང་བ་དང་ཐུག་སྟབས། “ངས། དགེ་སྐོས་ལགས། ཞོགས་པ་སྔ་མོ་ནས་ཤོག་སྒམ་དེ་འདྲ་ཞིག་ཁུར་ཏེ་ཅི་ཡིན་དྲིས་པས།” ཁོང་གིས་“ང་ཚོ་དགེ་སྐོས་ཚོས་ཅ་ལག་ལྷག་མ་འདི་དག་འཁུར་མ་ཐུབ་ན་གྲྭ་པ་མང་པོས་བཞག་བཞག་འདུག” སྨྲས་བྱུང་བས། སྐབས་དེར་བདག་གི་སེམས་ལ། ཨ་ཙི། ང་ནི་ངོ་མ་བླ་མ་དང་མཆེད་གྲོགས་ལ་མི་དད་མཁན། ལས་འབྲས་མི་རྩི་མཁན། མགོ་བདེ་དྲན་འཕྲུལ་ཅན་ཞིག་རེད་འདུག་དྲན། རང་གིས་རང་ལ་འཁང་ར་དང་གནོང་འགྱོད་སྐྱེས་ཏེ་གདོང་པ་ཚ་བེར་བེར་བྱེད་པའི་སྣང་བ་འཁོར་བར་མ་ཟད། ལྷག་ཏུ་བདག་གིས་ཕར་ལ་ཇི་ཙམ་རྣམ་འགྱུར་ངན་པ་དང་། སྐད་ཆ་རྩུབ་པོ་བཤད་ཀྱང་ཚུར་ལ་བཤད་གྲྭའི་དགེ་སྐོས་ཆེ་བས་ང་དང་ངའི་སྐད་ཆ་ལ་མཐའ་གཅིག་ཏུ་ཡིད་ཆེས་བློ་འགེལ་དང་། གྲྭ་ཚང་དགེ་སྐོས་ཀྱིས་དགོངས་སེལ་ཚུལ་དུ་བཤད་པའི་སྐད་ཆ་ཐུང་ཐུང་དེ་དང་། འགྲོ་ཁའི་ཐལ་མོ་དེ་ཡིད་ལ་འཁོར་ནས་དགོན་པའི་སྒྲིག་བདག་ཁོང་རྣམ་པར་ཡ་ལན་དང་། མགོ་སྐོར་བཏང་བར་སྙིང་ཁོང་རུས་པའི་གཏིང་ནས་འགྱོད་བཤགས་དང་དགོངས་སེལ་ཞུ་འདོད་སྐྱེས་ཤིང་། དེ་མུར་ཁ་ཕྱིར་འཁོར་ཏེ་བདག་གིས་ངེས་མེད་འཁྱར་འཁྱོར་གྱི་གོམ་པའི་འདེགས་འཇོག་དགེ་སྐོས་ལས་ཁུངས་ཀྱི་ཕྱོགས་སུ་བསྒྱུར་པ་ཡིན།
༢༠༢༠/༠༥/༡༤