སློབ་དཔོན་ཚེ་དགའ་དབང་རྒྱལ།
ཁོང་གི་མཚན་ལ་ཀྲོ་དབྱིན་(招荧)འབོད་ཅིང་ཐན་ཅིང་(天津)གྲོང་ཁྱེར་གྱི་དཀྱིལ་ལ་ཆགས་པའི་ཞི་བདེ་ཁྲོམ་ལམ་དུ་ཡོད་པའི་ཟ་ཁང་དཀྱུས་མ་ཞིག་གི་སྦྱིན་བདག་ཡིན། ངས་ཁོང་ངོ་ཤེས་པ་ཙམ་ལས་ཁོང་གི་སྐྱེ་ཁུངས་དང་ཡོང་འབབ་སྐོར་ལ་རྒྱུས་གང་ཡང་མེད།
ངས་ནམ་ཡང་བརྗེད་མི་ཐུབ་པའམ་བརྗེད་མི་ཉན་པའི་དུས་ཚིགས་ནི་སྤྱི་ལོ་ ༢༠༡༣ ཟླ་བ་ ༡༢ པའི་དགུན་དུས་གྲང་ངར་གྱིས་མནར་བའི་ནམ་ཟླ་དེ་ཡིན། ངའི་ཕ་ཁྱིམ་འན་བྷན་(河北)ནས་ཡིན་ཞིང་རང་ཉིད་ཀྱི་འཚོ་བའི་ཆེད་དུ་ཐན་ཅིང་(天津)གྲོང་ཁྱེར་ལ་སླེབས་པ་ཡིན། སྤྱི་ཚོགས་གསར་པ་དབུ་བརྙེས་ནས་དཔལ་འབྱོར་ཡར་རྒྱས་དབྱར་གྱི་ཆུ་བོ་ལྟར་འགྲོ་བཞིན་ཡོད། ངའི་རང་གཤིས་སུ་མངའ་བའི་སྤོབས་སེམས་ཤིག་ཡོད་པ་ནི། རང་རྒྱལ་གྱི་ལས་གནས་ཤིག་ཡིན་ཕྱིན་ཆད་དྲང་མིན་དང་འཇོན་མིན་ལ་མ་ལྟོས་པར་མི་མང་གི་བདེ་སྡུག་ལ་ཞབས་ཞུ་སྒྲུབ་མཁན་ཞིག་རེད་བསམས་པའི་ཐོག་ནས་ངས་དུས་རྟག་ཏུ་དད་གུས་བྱེད་ཀྱིན་ཡོད་ལ། བསྔགས་བརྗོད་ཀྱང་བྱེད་བཞིན་ཡོད། ང་ཚོ་རྒྱ་ནག་གི་རྒྱལ་ཁབ་འདི་ལོ་ངོ་བཅུ་ཕྲག་གཅིག་གི་ནང་དུ་ཡར་རྒྱས་འདི་ལྟར་ཡོང་བ་ལས་སླ་པོ་ཁྱོན་ནས་མིན། ཡིན་ནའང་ངས་མཐོང་ལུགས་གཅིག་གིས་རེ་བའི་མིག་ཟུང་ལ་འགྱུར་ལྡོག་འདི་འདྲ་ཡོང་བ་བསམ་པའི་ཡུལ་ལ་མེད། གཞན་ཕན་དང་། ལས་འབྲས་ཞེས་པའི་ཚིག་འབྲུ་གཉིས་དེ། ཁ་བཤད་དང་ལག་བསྟར་བྱེད་མཁན་ཞིག་ཡིན་དགོས་ན། དེ་ནི་ཆོས་ལུགས་ཀྱི་ཁོར་ཡུག་ནང་དུ་བཞུགས་ཡོད་པའི་སངས་རྒྱས་ཀྱི་ན་བཟའ་གྱོན་པའི་གྲྭ་པ་དག་གིས་གཙོ་བོར་སྤྱོད་དགོས་པ་སེམས་བཞིན་ཡོད། ངས་མིའི་གནས་ལུགས་རྟོགས་པ་མ་ཡིན་པར་ཆོས་ལུགས་ཀྱི་གསུང་རབ་དག་ལ་རྗེས་སུ་དཔགས་ནས་རྟོགས་པའི་ཚད་མ་ཞིག་དང་། དེར་ཞུགས་གང་ཟག་གི་ཟེར་སྒྲོས་རྗེས་སུ་འབྲངས་ནས་རྨོངས་འདུག གལ་སྲིད་འདི་ལྟར་ཡིན་པའི་དབང་དུ་བཏང་ན། འཇིག་རྟེན་འདིར་ཆོས་ལུགས་ཀྱི་བདེན་པ་སྨྲ་བའི་སྐྱེས་བུ་དེ་དག་ཆེས་མེད་ཐབས་མེད་པ་ཞིག་རེད་འདུག ངས་ང་དང་ཐུག་པའི་མི་འདི་ཆོས་ལུགས་ཀྱི་འཇིག་རྟེན་ཁས་ལེན་པའི་རྒྱུ་མཚན་ཙམ་དང་། ཡང་ན་ཁོང་གིས་ངའི་འཚོ་བའི་གནོན་ཤུགས་ལ་རོགས་བྱས་པའི་ངོ་སོའི་ཆེད་དུ་བརྗོད་པ་གཏན་ནས་མིན། ངས་ཆོས་ཁས་ལེན་མིན་ལ་མ་ལྟོས་པར་དགོས་དབང་གིས་ཆོས་ལུགས་ཀྱི་གསུང་རབ་དུ་མ་ཞིག་བཀླགས་མྱོང་བ་ཡིན། སྤྱིར་ངས་ཆོས་ཁས་བླངས་རུང་མ་བླངས་རུང་བདེན་པ་ནི་བདེན་པ་རང་ལས་དེ་ལ་མིས་བཟོ་བཅོས་གང་ཡང་བྱ་རྒྱུ་མེད། ང་དེ་སྔོན་འཇིག་རྟེན་འདིར་ཆོས་ལུགས་ཀྱི་ལྟ་གྲུབ་ཡོད་པ་ལས་ཆོས་ཞེས་པའི་དོན་ལ་ཡིན་ལུགས་འདི་འདྲ་ཡིན་པ་ངེས་ཤེས་ཡོད་མཁན་ཞིག་མིན། ཆོས་འཛིན་པ་ཕལ་ཆེ་བས་ཆོས་ཞེས་པ་དེ་རང་གནས་ལས་གཞན་པའི་ལྷ་འདྲེའི་འཇིག་རྟེན་གྱི་ལྟ་ཚུལ་ཞིག་ལ་ངོས་འཛིན་བཞིན་པ་དང་། རང་ཉིད་ཀྱི་ཤེས་རབ་དེ་ལ་བདེན་ཞེན་དུ་བརླམས་ནས་བསམ་བློའི་བཀག་རྒྱ་རུ་ཚུད་པ་མང་པོ་ཡོད་ཚོད་འདུག སྤྱིར་འཇིག་རྟེན་གྱི་བཟང་ཕྱོགས་དང་ལེགས་ལམ་གང་ཡིན་ཡང་ཆོས་ལུགས་ཀྱི་ལྟ་གྲུབ་དབང་དུ་འགྲོ་དགོས་པའི་ངེས་པ་མེད། ང་ཚོའི་མེས་རྒྱལ་གྱི་མི་དམངས་ལ་ཆ་མཚོན་ན་ཆོས་ཁས་ལེན་མཁན་བརྒྱ་ཆ་བདུན་ཅུ་དང་མི་ལེན་མཁན་བརྒྱ་ཆ་སུམ་ཅུ་ཙམ་ཡིན། ཆོས་ལུགས་ཀྱི་ལྟ་གྲུབ་རྗེས་སུ་འབྲང་མཁན་གྱི་མི་དམངས་དག་ལ་ཆ་མཚོན་ན་རང་ཉིད་ཀྱི་བསམ་བློའི་ནུས་ཚད་ཆོས་ལུགས་དེའི་ར་བ་ལས་འདའ་མི་ཐུབ་མཁན་ཧ་ཅང་མང་། ཡེ་ཤུའི་ཆོས་ལུགས། རྣམ་དག་ཆོས་ལུགས། ནང་པའི་ཆོས་ལུགས་སུ་ཡིན་ནའང་རེད། མིའི་རང་བཞིན་བསམ་བློའི་ཤུགས་རྐྱེན་འདི་རང་ཉིད་ཀྱི་གྲུབ་མཐའ་འདི་ལས་འདའ་ཐུབ་ཀྱི་མེད། ངའི་ཕ་རྒྱུད་མ་རྒྱུད་ཀྱི་ངོས་ནས་བཤད་ན་རྣམ་དག་ཆོས་ལུགས་ལ་ཡིད་ཆེས་དང་དད་པ་བྱས་ནས་འགྲོ་མཁན་ཞིག་ཡིན། ངས་དེ་ལ་དེ་ཙམ་ཡིད་མོས་བྱེད་ཀྱི་མེད། ཆོས་ལུགས་ཀྱིས་བསྐྲུན་པའི་རིག་གནས་ཀྱིས་ང་ཚོ་འགྲོ་བ་མིའི་བསམ་བློར་བཅིངས་གྲོལ་དང་། ལུས་སེམས་ཀྱི་ཞི་བདེ་བཅས་སྒྲུབ་བྱེད་དུ་འགྲོ་དགོས་པ་ལས་དེའི་འགོག་རྐྱེན་དུ་ནམ་ཡང་འགྱུར་མི་རུང་། དེ་ནི་ངས་ཆོས་ལུགས་ལ་བཟུང་བའི་ལྟ་ཚུལ་ཞིག་ཡིན། ཆོས་ལུགས་ནི་འགྲོ་བའི་མིག་དང་འདྲ་བ་ཞིག་ཡིན་ཏེ། དེ་ལ་བརྟེན་ནས་ང་ཚོར་ལུས་སེམས་ལ་དོན་དམ་གྱི་ཞི་བདེ་རྙེད་ཐུབ་པ་དང་། ཡང་མ་བྱུང་ན་དེས་རྨོངས་དད་ཀྱི་རྒྱ་རུ་ཚུད་ནས་ཕྱོགས་འཛིན་དང་དམག་འཁྲུག་གི་རྒྱུ་རུ་མི་འགྱུར་བའི་ངེས་པ་མེད། གང་ལྟར་ཆོས་ལུགས་ནི་ང་ཚོར་ཡོད་དགོས་ལ་ང་ཚོ་ཡང་དེ་ལ་བརྟེན་དགོས། གང་ཡིན་ཟེར་ན། གལ་སྲིད་འཇིག་རྟེན་འདིར་གནས་ལུགས་དང་མཐུན་པའི་ལམ་ཞིག་རྙེད་དགོས་ན། དེ་ནི་ངེས་པར་དུ་ཆོས་ལུགས་རིག་གནས་ཀྱི་སློབ་གསོ་ལ་བརྟེན་ནས་མཐོང་དགོས་པ་ཡིན། གང་ཡིན་ཟེར་ན་དཔལ་འབྱོར་རིག་པ། དངོས་ཁམས་རིག་པ། སྐྱེ་དངོས་རིག་པ། བཟོ་ལས་རིག་པ། གསོ་བ་རིག་པ། ཁྲིམས་ལུགས་རྩོད་སྒྲུབ་རིག་པ། དེང་དུས་སེམས་ཁམས་རིག་པ་སོགས་གང་གི་སྒོ་ནས་དཔྱད་ཀྱང་འཇིག་རྟེན་དངོས་ཡོད་ཀྱི་གནས་ཚུལ་ཟུར་གཅིག་ལས་མཐོང་གི་མེད། དེ་ནི་ངས་ཆོས་ལུགས་ཀྱི་ངོ་བོར་དཔྱད་པའི་རྣམ་པ་ཞིག་ཡིན། སྤྱི་ལོ་ ༢༠༡༣ ཟླ་བ་ ༡༢ པའི་ནང་ང་ཚོའི་བཟོ་གྲྭ་དེ་གཞུང་གི་དངུལ་ཁང་ལ་བུ་ལོན་མང་བ་དང་། དེ་དུས་ཐོག་ལ་སྤྲོད་མ་ཐུབ་པའི་རྐྱེན་གྱིས་ས་གནས་ཁྲིམས་ཁང་ནས་བཟོ་གྲྭ་སྒོ་བརྒྱབ་སོང་། ང་ཚོར་ཟླ་བ་གསུམ་ཙམ་གྱི་གླ་ཆ་ད་དུང་ལག་པར་རག་མེད། སྤྱིར་བཟོ་གྲྭ་དེར་བཟོ་མི་བདུན་ཅུ་ཡན་མན་ཡོད་ཅིང་། ཕལ་ཆེ་བ་གྲོང་གསེབ་ནས་ཡོང་ཞིང་འཚོ་བའི་དཀའ་ངལ་ཡོད་མཁན་ཤ་སྟག་ཡིན། ངའི་ཨ་མར་མཁལ་མའི་ན་ཚ་ལྗིད་པོ་ཡོད་པས་ཉིན་ལྟར་སྨན་ཟ་དགོས་པ་དང་སྨན་རིན་གོང་ཚད་ཀྱང་ཧ་ཅང་ཆེ། གནས་བབས་དེ་འདྲའི་འོག་ལ་ང་ཅི་བྱ་གཏོལ་མེད་དུ་གྱུར་ནས་ཞི་བདེའི་ཁྲོམ་ལམ་གྱི་ཟ་ཁང་དཀྱུས་མ་གཅིག་གི་ནང་ཐུག་པ་ཞིག་མངགས་ནས་བསྡད། མདུན་ཅོག་སྟེང་དུ་བཞག་པའི་ཁ་པར་ལས་གློ་བུར་དུ་“ཏིང་ཏིང་…” ཞེས་སྒྲ་གྲག་བྱུང་།
དེ་ནི་ངའི་མ་རྒན་གྱིས་ཁ་པར་བཏང་བ་རེད་འདུག གལ་སྲིད་ཁོང་གིས་ད་ལྟའི་ངའི་གནས་བབ་དེ་གོ་ན་སེམས་ཕམ་དང་སྐྱོ་གདུང་གི་ངང་ནས་སྨན་ཟ་མཚམས་བཅད་ནས་རང་ཉིད་ཀྱི་ཕུང་པོ་ནད་ངན་དེར་སྦྱིན་ངེས་རེད། ངས་ཁ་པར་བླངས་པ་དང་ལམ་སང་ཨ་མར། “ང་ད་ལྟ་བཟོ་གྲྭའི་ལས་མི་ཚོ་དང་མཉམ་དུ་ཁ་ལག་ཟ་བཞིན་ཡོད། དགོང་མོར་ངས་ཕར་བཏང་ཡོང་།” བཤད་ནས་ཁ་པར་འཇོག་དུས་སྐབས་དེར་མི་མེད་ལུང་སྟོང་ཞིག་ཏུ་སེམས་ནང་གི་རྡོག་ཁྲེས་ཡོད་ཚད་རླུང་ལ་བསྐུར་ནས་ཁ་ཁུ་སིམ་པོའི་ངང་ཉིན་མཚན་འགའ་ཤས་ཉལ་ན་འདོད། མདུན་དུ་ཡོད་པའི་ཐུག་པ་དེ་དང་རྒྱབ་ལ་ཡོད་པའི་ཨ་མ་དང་ཆུང་མ་གཉིས་ལ་བསམ་བློ་གཏོང་དུས་ང་ནི་ཤེས་ཡོན་གྱིས་མ་དབུལ་ཡང་དཔལ་འབྱོར་གྱིས་དབུལ་བའི་མི་ནུས་མེད་ཅིག་ཡིན་པ་གཞི་ནས་ཤེས་སོང་། ཨ་མའི་དཀའ་སྡུག་འོག་ནས་ངས་སློབ་ཆུང་ནས་སློབ་འབྲིང་། སློབ་འབྲིང་ནས་སློབ་ཆེན་བར་བལྟས་པའི་མཇུག་འབྲས་ཀྱི་བཟོ་ལྟ་འདི་འདྲ་མཐོང་དུས་རང་ཉིད་འཇིག་རྟེན་འདིར་འཚོ་བའི་དགོས་པ་ཅི་ཡང་མི་འདུག་བསམས་ནས་སྦྱིན་བདག་ལ་གོང་ཚད་ཆུང་ཤོས་ཀྱི་ཨ་རག་ཤེལ་དམ་གཉིས་མངགས། ཨ་རག་མདུན་ཅོག་ཐོག་སླེབས་པ་དང་ཁ་ཐུག་ཧུབ་བརྒྱབ། ཐམ་མེ་ཐོམ་མེའི་ངང་ལམ་སང་དྲན་མེད་དུ་བརྒྱལ་འདུག དྲན་པ་སོས་དུས་ཟ་ཁང་ནང་གི་ལས་མི་འགའ་ཤས་ལས་གཞན་སུ་ཡང་མི་འདུག སྦྱིན་བདག་གིས་ང་ལ་“ད་ཁྱོད་ག་དུས་འགྲོ་རྒྱུ་ཡིན་”ཟེར། ངས་ཟས་རིན་སྤྲོད་རྩིས་བྱེད་སྐབས། སྦྱིན་བདག་དེས་ང་ལ་དགའ་འཛུམ་དང་བཅས་“ཟས་རིན་ཡོངས་བསྡོམས་ལ་སྒོར་ ༣༥༥༠ རེད་འདུག ༣༥༠༠ ཁྱེར་ཤོག་”ཟེར།
ངས་“དེ་གང་འདྲ་ཡིན་ནམ། ངས་སྒོར་བཅུ་ཙམ་གྱི་མ་གཏོགས་ཁ་ལག་བཟས་མེད་”ཅེས་རྗོད་སྐབས། ཁོང་གིས་“ཁྱེད་ཀྱིས་ད་གིན་ཨ་རག་བཏུངས་ཚར་བའི་རྗེས་སུ་ཟ་ཁང་ནང་དུ་ཡོད་པའི་མི་མང་ཐམས་ཅད་ཀྱི་ཟས་རིན་ཁྱོད་ཀྱིས་སྤྲད་རྒྱུ་བྱས་སོང་བས། ཁོང་ཚོ་ཚང་མས་ཁ་ལག་བཟས་ཚར་རྗེས་ཁྱེད་ལ་ཐུགས་རྗེ་ཆེ་ཟེར་ནས་ཕྱིན་སོང་། ད་ངས་ཁྱོད་ལས་མ་བླངས་ན་སུ་ལས་ལེན་དགོས་རེད། གལ་སྲིད་ཁྱོད་ལ་དངུལ་སྤྲད་རྒྱུ་ཡོད་ན་སྤྲོད། མེད་ན་ཟ་ཁང་དུ་ཟླ་བ་གཅིག་ཙམ་ལས་ཀ་བྱེད་དགོས། ཟ་ས་དང་སྡོད་ས་ཚང་མ་ངས་སྤྲད་ཡོང་”ཟེར། ང་ནི་གཤོག་ཟུང་ལ་རྡོ་ཕོག་པའི་བྱིའུ་ལྟར་བྱེད་ཐབས་ཡོངས་སུ་ཟད་ནས་ཁོང་གི་སྐད་ཆ་ལ་དང་ལེན་མི་བྱེད་ཐབས་མེད་བྱུང་། དེ་ནས་ངས་དེར་ཟླ་བ་གཅིག་ཙམ་ལས་ཀ་བྱས་པའི་རྗེས་སུ་ཁོང་གིས་ལས་མི་ཚང་མ་ལ་ཟླ་གླ་སྤྲད་སོང་། དེ་དང་མཉམ་དུ་ང་ལ་སྒོར་ ༣༥༠༠ སྤྲད་བྱུང་། ང་ཚོའི་བཟོ་གྲྭ་ནས་ཟླ་གླ་དེ་ཙམ་མེད། ཁོང་གིས་ང་ལ་“ཁྱོད་ཀྱིས་ང་ལ་དངུལ་ཆད་ཡོད་མ་རེད་དེ་ཟླ་བ་འདིའི་གླ་ཡིན།” ད་དུང་སྒོར་ ༡༠༠༠ ཞིག་སྤྲད་ནས་“ཨ་མར་སྨན་ཉོས་ཤོག་”ཟེར། ངའི་མིག་གཉིས་ནས་རང་དབང་མེད་པར་མཆི་མ་ཤོར་བྱུང་། གང་ལྟར་ང་ར་བཟི་བའི་རྗེས་སུ་གནས་ཚུལ་ཆ་ཚང་ཁོང་ལ་བཤད་ཚར་འདུག ཁོང་གིས་ང་ལ་བཤད་དོན། “གལ་སྲིད་ངས་རྒྱུ་མཚན་ཅི་ཡང་མེད་པའི་ཐོག་ནས་ཁྱེད་ལ་རོགས་པ་བྱས་ཚེ། དེ་ནི་ངས་ཁྱེད་ཀྱི་འཇོན་ཐང་དང་མི་གཤིས་ལ་ཁྱད་གསོད་དམ་བརྙས་བཅོས་ལྟ་བུ་ཡིན། གང་ལྟར་དངུལ་འདི་ངས་ཁྱེད་ཀྱི་འཇོན་ཐང་དེ་བེད་སྤྱད་ནས་ཁྱེད་ལ་ཐོབ་པ་ཞིག་ཡིན་པས་ངོ་ཚ་དགོས་ཡ་མེད། གལ་སྲིད་ཁྱེད་མུ་མཐུད་ནས་བསྡད་ན་ང་ཚོས་ཁྱེད་ལ་ཟླ་རེར་སྒོར་ ༣༥༠༠ རེ་སྤྲད་ཆོག ཁྱེད་སྡོད་འདོད་མེད་ན་ཕྱིན་ནའང་འགྲིག ངས་ཁྱེད་ལ་རོགས་པ་བྱེད་ཡ་འདི་ང་ཚོ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ངོ་ཤེས་མིན་དང་སྤུན་ཡིན་མིན་ལ་མ་ལྟོས་པར་སུ་ལ་དཀའ་སྡུག་བྱུང་ན་དེ་སེལ་བའི་འགན་དེ་ང་ཚོ་ཚང་མར་ཡོད། གཅིག་ནི་ང་ནང་པ་སངས་རྒྱས་པའི་ཆོས་བྱེད་མཁན་ཞིག་ཡིན། ང་ཚོའི་ཆོས་གཞུང་ནང་འགྲོ་བ་མི་ཙམ་མ་ཡིན་པར་བདེ་བ་འདོད་མཁན་གྱི་སེམས་ཅན་སུ་འདྲ་ཞིག་ལ་དཀའ་ངལ་བྱུང་ཚེ་དེ་སེལ་བའི་ཐབས་ལ་འབད་དགོས་ཞེས་གསུངས་ཡོད་ཀྱང་། ངས་འགྲོ་བ་ཐམས་ཅད་ལ་བསམ་བློ་གཏོང་མ་ཐུབ་ནའང་རོགས་པ་བྱེད་ཐུབ་ས་དང་བྱེད་དགོས་ས་ཞིག་ཡོད་ཚེ། ངས་ཅི་ཐུབ་བྱེད་ཀྱིན་ཡོད། དེ་ནི་ངས་རང་གི་ཆོས་ལུགས་ལ་བཅངས་པའི་དད་སེམས་སམ་ལྷག་བསམ་ཞིག་ཏུ་ངོས་འཛིན་གྱི་ཡོད། ད་ཁྱོད་ཉིན་ལྔའི་རིང་དགོངས་པ་ཡོད། ནང་མི་དང་མཉམ་དུ་ལྷོད་ལྷོད་སྡོད་ཅིག”ཟེར།
ཝང་ཅུན་(王君)ནས། ཕྱི་ལོ་ ༢༠༡༤ ཟླ་བ་ ༠༡ ཚེས་ ༡༧ ཉིན། ཁྱིམ་ལ་འབྱོར་བའི་དགོང་མོར་རང་གི་ཉལ་ཁང་དུ་བྲིས།
བསྒྱུར་གཞི།
རྒྱ་ནག་ནང་གི་དྲ་ཐོག་ཏུ་བཀོད་པའི་རྩོམ་ཡིག་གཅིག་ལས་ཕབ་སྒྱུར་ཞུས།