གྱིན་འདའ་བ། (ཁྲི་འདུ།)
མི་སེམས་སྙི་མོ་ཡིན་པའི་འཇིག་རྟེན་ཏེ།།
མི་གཤིས་དྭངས་གསལ་ཡིན་པའི་མཚོ་མོ་རུ།།
ཟོལ་མའི་དུས་ཀྱི་ཆར་རླུང་འབབ་པ་དང་།།
ཉོན་མོངས་ཡུལ་གྱི་སྨུག་ཞགས་འཐིབས་པས་ན།།
འདོད་ཞེན་དུག་གི་མེ་ཏོག་བཞད་ནས་འདུག།
ཡིད་སྲུབས་ཚེར་མའི་འདབ་མ་གད་ནས་འདུག །
གནས་ལུགས་དོན་གྱི་མེ་ལོང་ཡོད་གྱུར་ན།།
དུས་ཀྱི་ཉི་མས་སྤྱན་ཆབ་བསིལ་བར་ངེས།།
བདེན་པའི་བུ་ཆུང་ཡི་མུག་འདོན་པར་ངེས།།
འཇིག་རྟེན་མགོ་གཞུག་ལོག་པའི་འཚུབ་ཆ་དང་།།
འཁོར་བ་སྒྲུན་རྩོད་བྲེལ་བའི་ངལ་དུབ་སྟེ།།
རྨི་ལམ་འཁྱག་པ་ཡིན་པའི་མཚན་གཞུང་ནས།།
རྣམ་རྟོག་གློག་དམར་འཁྱུག་པའི་ཞེད་སྣང་གིས།།
སེམས་ཀྱི་རྔུལ་ཆུས་སེམས་པ་བངས་ནས་འདུག།
ཡིད་ཀྱི་ལྷིང་འཇགས་ཡིད་ཀྱིས་དཀྲོགས་ནས་འདུག །
ཞི་གནས་བསམ་གཏན་རྩེ་གཅིག་བསྒོམས་གྱུར་ན།།
འཚོ་གནས་འདི་ཡི་སྙིང་པོ་རྙེད་པར་ངེས།།
མི་ཚེ་གཅིག་གི་བདེ་སྐྱིད་རྟོགས་པར་ངེས།།