ལོ་རིམ་བཞི་པའི་སློབ་གཉེར་བ། དྲི་མེད་ཚེ་རིང་།
དེང་རབས་སྙན་ངག་ཀུན་ཀྱི་ཕ་ཁྱིམ་གཙང་མ།།
གད་སྙིགས་རྩོམ་ཡིག་མེད་པའི་ཁོར་ཡུག་ཚད་ལྡན།།
བསམ་དཀར་ཤེས་ཡོན་ཅན་གྱི་ཉིན་ཐོ་འབྲི་དེབ།།
བློ་གྲོས་སྒོ་མོ་འབྱེད་མཁན་པདྨའི་རང་མདངས།།
ཕུལ་བྱུང་རིག་རྩལ་འཁྲུངས་པའི་སྙན་ངག་རང་བྱུང་།།
དཀའ་གནད་རྨོངས་པ་སེལ་བའི་དུས་ཀྱི་སྒྲོན་མེ།།
ཉོན་མོངས་རྩད་ནས་གཅོད་པའི་མན་ངག་ཟབ་མོ།།
ཀུན་ཀྱིས་བསྟོད་ཚིག་འབུལ་ས་པདྨའི་རང་མདངས།།
ཚན་རིག་ལག་རྩལ་འཕེལ་རིམ་ཤེས་བྱའི་རྣམ་གྲངས།།
སྲོག་ལྡན་ཀུན་ལ་ཕན་པའི་ནད་བརྒྱ་སྨན་གཅིག །
ཡང་དག་མཁས་པས་བརྩམས་པའི་བསྒྱུར་རྩོམ་ཟབ་གནད།།
ནོར་བུ་རིན་ཆེན་ཕྲེང་བ་པདྨའི་རང་མདངས།།
མདོ་དང་སྔགས་ཀྱི་རིག་གནས་དཔྱད་པ་ཟབ་རྒྱས།།
གདོད་མའི་སྙན་ངག་སྲོལ་རྒྱུན་དར་སྤེལ་གཏོང་ས།།
མདོར་ན་ཤེས་བྱའི་བང་མཛོད་འདི་ཉིད་ནང་ལ།།
ཁ་ཟས་མདུན་དུ་བཤམས་འདྲ་པདྨའི་རང་མདངས།།
སྐད་ཡིག་སྲུང་སྐྱོབ་བྱེད་སའི་རིག་གཞུང་ཕོན་ཆེན།།
ཡོན་ཏན་གཞན་ལ་སྟེར་བའི་གསེར་གྱི་ཟམ་པ།།
འདི་ཕྱི་གཉིས་ལ་ཕན་པའི་ངེས་དོན་རྩོམ་རིག །
རང་དབང་དུས་དེབ་གྲགས་ཅན་པདྨའི་རང་མདངས།།
དགེ་རྒན་བསླབ་བྱ་གསེར་ནག་དུས་ཐོག་ཆར་པ།།
སློབ་མའི་རིག་རྩལ་འགྲན་རྩོད་ཨ་སྔོན་ཐང་ཆེན།།
འགྲོ་བ་རྩོམ་རིག་དགའ་བའི་རྣམ་ཤེས་འཁོར་ས།།
གཟི་འོད་རབ་ཏུ་འཚེར་བའི་པདྨའི་རང་མདངས།།
མཐོ་སྒང་འབྲོག་པའི་རྩྭ་ཐང་རྫི་གླུ་སྙན་མོ།།
མཁས་པའི་ཚོར་བས་མྱངས་པའི་བློ་གྲོས་ཕུལ་བྱུང་།།
འཛམ་གླིང་ལོ་རྒྱུས་རྡོ་རིང་ཀུན་གསལ་མེ་ལོང་།།
དེང་རབས་གློག་བརྙན་ཡག་ཤོས་པདྨའི་རང་མདངས།།