ལོ་རིམ་ལྔ་པའི་སློབ་གཉེར་བ། བློ་བཟང་བརྩོན་འགྲུས།
ཐོབ་དཀའི་མི་ལུས་རིན་ཆེན།།
སླར་ཡང་འཇིག་རྟེན་ནང་དུ།།
སྐྱེས་པ་ཤིན་ཏུ་མཚར་བྱུང་།།
དོན་མེད་རྫོགས་ལ་ཕངས་སོང་།།
ལུས་པོ་མེ་ཏོག་འདྲ་འདི།།
བཞད་པ་འདི་ཡང་དགའ་སོང་།།
རྐྱེན་ངན་སད་ཀྱིས་བཅོམ་ཚེ།།
རྟག་བརྟན་མེད་པར་ཕངས་སོང་།།
སྡུག་བསྔལ་འཁོར་བའི་ནང་དུ།།
དཀའ་སྡུག་འདྲེས་མའི་འཚོ་བ།།
ཟང་ཟིང་ངང་ནས་འདའ་དུས།།
མི་ཚེ་སྟོང་པ་ཕངས་སོང་།།
མི་ཁོམ་གནས་ལས་ལྡོག་སྟེ།།
དལ་འབྱོར་ཚང་བའི་མི་ལུས།།
འཕེན་རྒྱུ་དགེ་བས་འཕངས་ཀྱང་།།
མི་དགེས་རྫོགས་ལ་ཕངས་སོང་།།
ཞལ་ནས་སེམས་ཅན་ཀུན་ལ།།
བྱམས་བརྩེ་ཡོད་པར་སྨྲས་ཀྱང་།།
ལག་ལེན་སྤུ་ཙམ་མེད་དུས།།
སྙིང་རྗེས་དབེན་ནས་ཕངས་སོང་།།
འདོད་རྒྱུ་བདེ་བ་འདོད་ཀྱང་།།
དགེ་བའི་ལས་ལ་མི་བརྩོན།།
སྡུག་བསྔལ་མྱོང་བའི་ལས་ལ།།
སྤྲོ་སྣང་བྱས་པ་ཕངས་སོང་།།
ཡོན་ཏན་རིན་ཆེན་ནོར་བུ།།
ཐུགས་ལ་རི་ལྟར་སྤུངས་ཀྱང་།།
ལྷག་བསམ་ཉི་མའི་སྣང་བ།།
འཆར་རྒྱུ་མེད་ནས་ཕངས་སོང་།།
དུག་གསུམ་ལས་ཀྱི་བག་ཆགས།།
ཀུན་གཞིའི་ཀློང་དུ་འཇགས་ནས།།
བདག་འཛིན་འཁོར་རྩ་བྱེད་དུས།།
གཉེན་པོར་མ་གོམས་ཕངས་སོང་།།
གང་ཤར་སྣང་བ་སྣ་ཚོགས།།
ཀུན་གཞིའི་རླབས་ལས་རྡོལ་བྱུང་།།
མ་དག་འཁོར་བའི་སྣང་བར།།
བདེན་པར་འཛིན་པ་ཕངས་སོང་།།
ཉོན་མོངས་ལས་དབང་བཙན་པོས།།
གཞན་སྐྱོན་མཐོང་བ་སླ་སྟེ།།
རང་སྐྱོན་གཡག་ལྟར་ལྡན་ཡང་།།
མ་མཐོང་འདི་ཡང་ཕངས་སོང་།།
ཚེ་སྔོན་ལས་ཀྱི་བསྐོས་ཐང་།།
རྡོ་ལ་རི་མོ་བརྐོས་འདྲ།།
རྣམ་སྨིན་གང་འཕེན་མ་གཏོགས།།
བྱེད་ཐབས་མེད་ནས་ཕངས་སོང་།།
ཕྱི་ལ་རབ་བྱུང་གཟུགས་བརྙན།།
ནང་ལ་འཇིག་རྟེན་བྱ་བ།།
དམ་ཆོས་ཚོང་ལ་བསྒྱུར་དུས།།
དགེ་སེམས་མེད་པ་ཕངས་སོང་།།
ལུས་ལ་གྲྭ་ཆས་གྱོན་ནས།།
ཁྱིམ་མེད་རབ་ཏུ་བྱུང་ཚུལ།།
བློ་སེམས་ཆོས་སུ་མ་སོང་།།
སྲིད་དོན་བྱེད་པ་ཕངས་སོང་།།