ལོ་རིམ་བདུན་པའི་སློབ་གཉེར་བ། ཟླ་བ་རྡོ་རྗེ།
མཁྱེན་པས་ཆོས་ཀུན་ཇི་བཞིན་མངོན་གཟིགས་ནས།།
བརྩེ་བས་གདུལ་བྱར་རྟེན་འབྲེལ་ལམ་བཟང་བསྟན།།
ནུས་པས་འགྲོ་བ་སྲིད་ལས་སྐྱོབ་མཛད་པའི།།
སྟོན་པ་བཀའ་དྲིན་ཅན་ལ་གུས་ཕྱག་འཚལ།།
དེ་ཡང་སློབ་དཔོན་ཕྱོགས་ཀྱི་གླང་པོའི་ཞལ་སྔ་ནས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །ཞེས་གསུངས་པ་ལྟར་འགྲོ་བ་སེམས་ཅན་ཀུན་ལ་ཕན་པར་བཞེད་པའི་ཐུགས་མངའ་བ་འོ་སྐོལ་གྱི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་གཉིས་རྫོགས་པར་མཛད་ནས་མཐར་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཉམ་ཐག་པའི་འགྲོ་བ་རྣམས་འཁོར་བ་གཅོང་རོང་གི་གནས་ལས་ཐར་པའི་གྲོང་ཁྱེར་དུ་དྲང་བར་བྱ་བའི་ཕྱིར་རང་གིས་ཇི་བཞིན་གཟིགས་པའི་ལམ་དེ་གཞན་ལ་སྟོན་པར་མཛད་པ་ནི། རྣམ་འགྲེལ་ལེའུ་གཉིས་པ་ལས།[1] སྐྱོབ་པ་ཉིད་གཟིགས་ལམ་གསུངས་པ། །ཞེས་གསུངས་པ་ལྟར་རོ། །དེ་ལ་འདིར་སྟོན་པས་གདུལ་བྱའི་ཁམས་དབང་བསམ་པ་དང་མཐུན་པར་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་ལས་བཀའ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་གྱི་ངེས་པ་དོན་གྱི་མདོ་སྡེ་རྣམས་དང་བསྟན་བཅོས་རྒྱུད་བླ་མ་སོགས་ལས་གསལ་བར་བསྟན་པའི་ཤིན་ཏུ་ཟབ་དོན་བདེ་གཤེགས་སྙིང་པོའི་སྐོར་ལ་ཅུང་ཟད་གླེང་བར་བྱ་བ་ཡིན་ལ། རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོའི་དོན་ནི་ཤིན་ཏུ་ཟབ་ཅིང་རྒྱ་ཆེ་བས་སྐྱེས་སྦྱངས་ཤེས་རབ་ཀྱི་རྩལ་མེ་ལྟར་འབར་བ་མཁས་པའི་དབང་པོ་དང་ས་ལ་གནས་པའི་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་བརྗོད་པར་དཀའ་ན་སྐྱེས་སྦྱངས་ཀྱི་ཤེས་རབ་དབེན་པ་དམན་པ་བདག་གིས་དེ་ཡི་དོན་གླེང་བ་ནི་དམུས་ལོང་གིས་གཟུགས་འཇལ་བའི་གཏམ་བཞིན་བཞད་གད་ཀྱི་གནས་སུ་གྱུར་པ་ཡིན་མོད་ཀྱི་འོན་ཀྱང་ཡིད་རྟོན་དུ་རུང་བ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ལུང་ཚད་མ་དང་སྐྱེས་བུ་དམ་པ་རྣམས་ཀྱི་མན་ངག་ཚད་མ་ལ་བརྟེན་ནས་ཅུང་ཟད་གླེང་བར་བྱ་བ་ལ།
བདེ་གཤེགས་སྙིང་པོའི་ངོ་བོ་ངོས་བཟུང་བ་དང་། དེས་ཀུན་ལ་ཁྱབ་པའི་ཚུལ་བསྟན་པ་དང་། དེ་ལ་ལོག་པར་རྟོག་པ་ལ་ལུང་རིགས་ཀྱི་གནོད་པ་བསྟན་པ་བཅས་གསུམ་མོ།།
བདེ་གཤེགས་སྙིང་པོའི་ངོ་བོ་ངོས་བཟུང་བ།
མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། མདོ་རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེས། །ཞེས་གསུངས་པ་ལྟར་ཚུར་མཐོང་གི་ཡུལ་ལས་འདས་པ་ཤིན་ཏུ་ཟབ་པ་ཉོན་མོངས་པའི་དྲི་མས་མི་འཁྲུགས་པ་ཞི་བ་དང་རྣམ་པར་རྟོག་པའི་སྤྲོས་པ་དང་བྲལ་བ་བཀའ་བར་པ་ནས་བསྟན་པའི་དབྱིངས་སྟོང་པ་ཉིད་དང་བཀའ་མཐའ་མ་ནས་བསྟན་པའི་རང་བཞིན་འོད་གསལ་བའི་ཡེ་ཤེས་ཟུང་དུ་འཇུག་པ་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་ཞིག་ཡིན་ལ། དབྱིངས་སྟོང་པ་ཉིད་དང་ཡོན་ཏན་འོད་གསལ་བ་ཟུང་འཇུག་ཅེས་པ་དེ་ཡང་འཁར་གཞོང་ལ་རྒྱ་ཤུག་བརྟེན་པ་དང་སྲད་བུ་དཀར་ནག་བསྒྲིལ་བ་ལྟ་བུ་མ་ཡིན་པ་མེ་དང་མེའི་ཚ་བ་དང་ཉི་མ་དང་ཉི་ཟེར་བཞིན་འབྲལ་མི་ཤེས་པའི་ཚུལ་དུ་ཡོད་པ་ཞིག་ལ་གོ་དགོས། ཁམས་སམ་བདེ་བར་གཤེགས་པའི་སྙིང་པོ་དེའི་ངོ་བོ་ལ་ཡེ་ཤེས་ཆོས་སྐུའི་ཡོན་ཏན་ནམ་མཁའ་དང་མཉམ་པ་སྔོན་སོ་སོ་སྐྱེ་བོའི་དུས་ན་ལྷུན་གྲུབ་ཏུ་ཡོད་པ་ཡིན་ནའང་གནས་སྐབས་དྲི་མ་དང་བྲལ་མ་བྲལ་གྱིས་སྣང་ཚུལ་ལ་མངོན་དུ་གྱུར་མ་གྱུར་ཡོད་པ་ཙམ་ལས། གནས་ཚུལ་ལ་སྔར་ཐ་མལ་པ་འཆིང་བ་ཀུན་ལྡན་གྱི་གནས་སྐབས་དང་ཕྱིས་སངས་རྒྱས་པའི་གནས་སྐབས་སུ་ཡོན་ཏན་གྱི་ཁྱད་པར་ཏིལ་འབྲུ་ཙམ་ཡང་མེད་དོ།།
དེ་ཡང་རིགས་ཀྱི་ངོ་བོ་ལ་ཀུན་ནས་ཉོན་མོངས་པས་མ་གོས་པས་བསལ་བར་བྱ་བའི་ཉོན་མོངས་པ་ཅུང་ཟད་ཀྱང་མེད་པ་དང་རང་བཞིན་གྱིས་རྣམ་པར་དབྱེར་མེད་པ་སངས་རྒྱས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་སྐུ་དང་ཡེ་ཤེས་ལ་སོགས་པ་ཐོག་མེད་ནས་ལྷུན་གྱིས་གྲུབ་པའི་ཚུལ་དུ་ཡོད་པས་སྔར་མེད་པ་ཞིག་གསར་དུ་གཞག་རྒྱུ་རྡུལ་ཙམ་ཡང་མེད་པ་དེ་ཡང་། རྒྱུད་བླ་མ་ལས།[2] འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་དང་། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ལས།[3] གཞི་དེ་ཡང་འཁོར་བ་ལ་ལྟོས་པའི་རྟེན་གཞི་ནམ་མཁའ་ལྟར་གདོད་མ་ནས་སྟོང་ཞིང་ངོ་བོ་ཉིད་ཀྱི་བདག་མེད་པ། ཉི་ཟླ་ལྟར་འོད་གསལ་ཞིང་ལྷུན་གྱིས་གྲུབ་པ་སྟེ། ཐོག་མ་མེད་པ་ནས་གནས་པས་འཕོ་འགྱུར་མེད་པ། སྤྲོས་པའི་མཐའ་ལས་འདས་པས་ངང་གིས་འོད་གསལ་བ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་གནས་པས་བདེ་བར་གཤེགས་པའི་སྙིང་པོ། ཞེས་སོ། །མདོར་ན་ཁམས་ཀྱི་ངོ་བོ་ནི། ངོ་བོ་སྟོང་པ་རང་བཞིན་འོད་གསལ་བ་ཐུགས་རྗེ་ཀུན་ཁྱབ་ཀྱི་བདག་ཉིད་དེ། ཁྱད་ཆོས་གསུམ་དང་ལྡན་པ་ཞིག་ལ་ངོས་གཟུང་དགོས་ཏེ། དེ་ཡང་ལྟ་གྲུབ་ཤན་འབྱེད་ལས།[4] གནས་ལུགས་ཡེ་དག་སྙིང་པོའི་ཆོས། །ངོ་བོ་སྟོང་ལ་རང་བཞིན་གསལ། །ཐུགས་རྗེ་ཀུན་ཁྱབ་རང་བཞིན་ཏེ། །ཁྱད་ཆོས་གསུམ་གྱི་བདག་ཉིད་ཅན། །ཞེས་དང་། དེའི་འགྲེལ་པ་ལྟ་གྲུབ་ཤན་འབྱེད་གནད་ཀྱི་སྒྲོན་མེ་ཡི་ཚིག་དོན་རྣམ་བཤད་འཇམ་དབྱངས་དགོངས་རྒྱན་ལས།[5] དེ་ལྟ་བུའི་རིགས་ཀྱི་ངོ་བོ་ནི། གནས་ལུགས་ཡེ་དག་སྙིང་པོའི་ཆོས་སུ་གྱུར་པ་གང་ཞིག་ངོ་བོ་སྟོང་ལ་རང་བཞིན་གསལ་བ་ཐུགས་རྗེ་ཀུན་ཁྱབ་ཀྱི་རང་བཞིན་ཏེ། ཁྱད་ཆོས་གསུམ་ལྡན་གྱི་བདག་ཉིད་ཅན་དུ་བཞེད་པ་སྟེ། མདོར་བསྡུས་ན། གནས་ལུགས་ཡེ་དག་སྙིང་པོའི་ཆོས་སུ་གྱུར་པ་གང་ཞིག ཁྱད་ཆོས་གསུམ་དང་ལྡན་པ་དེ་རིགས་ཀྱི་མཚན་ཉིད་དུ་འདོད་དོ། །ཞེས་གསུངས་པ་ལྟར་ཡེ་ནས་གནས་པའི་སེམས་ཀྱི་ཆོས་ཉིད་གློ་བུར་གྱི་དྲི་མ་དང་བཅས་པ་སེམས་ལ་སེམས་མ་མཆིས་ཞེས་པ་ལྟར་ངོ་བོ་སྟོང་པ་དང་། སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་པ་ལྟར་དེའི་རང་བཞིན་འོད་གསལ་བ་དང་། གསལ་སྟོང་ཟུང་དུ་འཇུག་པའི་རང་རྩལ་ཐུགས་རྗེ་ཀུན་ལ་ཁྱབ་པའི་བདག་ཉིད་ཅན་ཚུར་མཐོང་གི་ཚད་མའི་ཡུལ་ལས་འདས་པའོ།།
གཉིས་པ་བདེ་གཤེགས་སྙིང་པོས་ཀུན་ལ་ཁྱབ་པའི་ཚུལ་བསྟན་པ།
དེ་ཡང་སེམས་ཅན་ཐམས་ཅད་ལ་རིགས་ཡོད་པར་ལུང་དང་རིགས་པས་སྒྲུབ་པ་དང་། ཁམས་རང་བཞིན་གྱིས་དག་པ་རྣམ་གཞག་རྣམ་པ་བཅུའི་སྒོ་ནས་བཤད་པ་དང་། གློ་བུར་གྱི་དྲི་མས་སྒྲིབ་ཚུལ་དཔེའི་སྒོ་ནས་བསྟན་པ་གསུམ་མོ།།
དང་པོ་ལ་ལུང་དང་རིགས་པ་གཉིས་ལས། དང་པོ་ལུང་ནི། གོང་དུ་བཤད་མ་ཐག་པའི་བདེ་གཤེགས་སྙིང་པོ་དེ་སེམས་ཅན་མཆོག་དམན་ཐམས་ཅད་ལ་ཁྱད་པར་མེད་པར་ཡོད་པ་དེ་ཡང་། མདོ་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །ཅེས་དང་། གཞན་ཡང་འཕགས་པ་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས།[6] རིགས་ཀྱི་བུ་དག་དེ་བཞིན་གཤེགས་པའི་མིག་ནི་དེ་ལྟར་མཛེས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་མིག་དེས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་མཐོང་ངོ་། །ཞེས་དང་། དེ་ཉིད་ལས།[7] རིགས་ཀྱི་བུ་དག་འདི་ནི་ཆོས་རྣམས་ཀྱི་ཆོས་ཉིད་དེ། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་། སེམས་ཅན་འདི་དག་ནི་རྟག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ན། ཞེས་དང་། ཆོས་དབྱིངས་བསྟོད་པ་ལས།[8] གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམས་འཁོར་ལ། །སེམས་ཅན་ཀུན་ལ་ཉེ་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །ཅེས་དང་། གྲུབ་མཐའ་མཛོད་ལས།[9] གང་གི་ཕྱིར་གང་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་མཐའ་དག་རྗེས་སུ་མ་ཞུགས་པའི་སེམས་ཅན་དེ་དག་ནི་སེམས་ཅན་གྱི་རིགས་ན་འགའ་ཡང་མེད་དོ་ཞེས་གསུངས་སོ།།
གཉིས་པ་རིགས་པ་ལ་གསུམ་ལས་དང་པོ་ནི། རྒྱུད་བླ་མ་ལས།[10] རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །ཞེས་ལུས་ཅན་ཀུན་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ལ་རྒྱུ་མཚན་ནི་གང་ཟག་ཐ་མལ་པའི་རྒྱུད་དེ་ལས་ཡོན་ཏན་ཀུན་ལྡན་གྱི་ཡེ་ཤེས་ཆོས་སྐུ་ཕྱིས་འཕྲོ་བའམ། མངོན་དུ་གྱུར་པ་ཡོད་པའི་ཕྱིར། རིགས་པ་འདིས་ལུས་ཅན་ཀུན་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་བསྟན་ཏོ། །དེ་ཡང་སྐབས་འདིར་ནི་འཆིང་བ་ཀུན་ལྡན་གྱི་གང་ཟག་ཐ་མལ་པ་ཕྱིས་སུ་བརྩོན་པ་བསྐྱེད་ནས་རྐྱེན་ལམ་སྒོམ་པའི་སྟོབས་ཀྱིས་གློ་བུར་གྱི་དྲི་མ་ཉོན་མོངས་རྣམས་བྲལ་བར་བྱས་ནས་ཡོན་ཏན་ཡེ་ལྡན་གྱི་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ་མངོན་དུ་འགྱུར་བའམ་མངོན་དུ་བྱ་བ་ཡོད་པའི་རྟགས་ཀྱིས་ལུས་ཅན་ཀུན་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་སྒྲུབ་པ་ལས་འབྲས་བུ་མཐར་ཐུག་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུའི་ཕྲིན་ལས་སེམས་ཅན་ཀུན་ལ་འཕྲོ་ཞིང་ཁྱབ་པ་ཙམ་གྱིས་ནི་མ་ཡིན་ཏེ། དེ་ཙམ་གྱིས་ནི་སེམས་ཅན་ཐམས་ཅད་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་སྒྲུབ་པ་ལ་དགོས་ནུས་གང་ཡང་མེད་པའི་ཕྱིར་རོ།།
གཉིས་པ་ནི། རྒྱུད་བླ་མ་ལས།[11] དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །ཞེས་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་དབྱིངས་སམ་དེ་བཞིན་ཉིད་གདོད་མའི་འོད་གསལ་བར་དབྱེར་མེད་པའི་ཕྱིར་ན་སེམས་ཅན་ཐམས་ཅད་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་སྒྲུབ་པར་བྱེད་པ་ཡིན། སྣང་ཚུལ་ལ་གློ་བུར་དྲི་མ་དང་བཅས་པའི་གནས་སྐབས་ན་སེམས་ཅན་དང་སྒྲིབ་པ་ཟད་པར་སྤངས་ཤིང་སངས་རྒྱས་ཀྱི་ཡོན་ཏན་ཚད་མེད་པ་ནམ་མཁའ་དང་མཉམ་པ་མངོན་དུ་འགྱུར་བ་ན་སངས་རྒྱས་ཞེས་སོ་སོར་ཡོད་པ་ལྟར་སྣང་ནའང་གནས་ལུགས་དོན་དམ་པར་སངས་རྒྱས་དང་སེམས་ཅན་དབྱེ་བསྲི་མེད་པ་མཉམ་པ་ཉིད་ཡིན་པའི་ཕྱིར་འཁྲུལ་པ་གློ་བུར་བའི་དབང་གིས་སྣང་བ་སེམས་ཅན་དང་། འཁྲུལ་པ་ཟད་ནས་མངོན་དུ་གྱུར་པ་ཡོན་ཏན་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས་ཆོས་ཀྱི་སྐུ་དེ་བཞིན་ཉིད་དུ་དབྱེར་མེད་པའི་རྟགས་ཀྱིས་ལུས་ཅན་ཀུན་རྟག་ཏུ་སངས་རྒྱས་ཀྱི་སྙིང་པོ་ཅན་དུ་སྒྲུབ་པར་བྱེད་དོ། །མདོར་ན་སྣང་ཚུལ་ལ་སངས་རྒྱས་དང་སེམས་ཅན་སོ་སོར་ཡོད་ནའང་གནས་ཚུལ་ལ་རོ་གཅིག་མཉམ་པ་ཉིད་དོ།།
གསུམ་པ་ནི། རྒྱུད་བླ་མ་ལས།[12] རིགས་ཡོད་ཕྱིར་ན་་་་། །ཞེས་འཆིང་བ་ཀུན་ལྡན་གྱི་གང་ཟག་ཐ་མལ་པའི་རྒྱུད་ལ་མ་འོངས་པར་འཚང་རྒྱ་རུང་གི་རིགས་ཡོད་པའི་ཕྱིར་ན་འགྲོ་ཀུན་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་པར་བསྒྲུབས་སོ། །འཚང་རྒྱ་རུང་གི་རིགས་ཡོད་ན་སེམས་ཅན་དེ་དག་སངས་རྒྱས་པའི་གནས་སྐབས་ཡོད་ལ་རིགས་མེད་ན་ནི་ལམ་ལ་ཇི་ལྟར་བརྩོན་ཀྱང་འཚང་རྒྱ་བའི་སྐབས་མི་སྲིད་དེ། ཆོས་དབྱིངས་བསྟོད་པ་ལས།[13] ཁམས་ཡོད་ན་ནི་ལས་བྱས་པས། །ས་ལེ་སྦྲམ་དག་མཐོང་བར་འགྱུར། །ཁམས་མེད་ན་ནི་ལས་བྱས་ཀྱང་། །ཉོན་མོངས་འབའ་ཞིག་བསྐྱེད་པར་ཟད། །ཅེས་འཚང་རྒྱ་རུང་ཡིན་པའི་རྒྱུ་མཚན་ཡང་སེམས་ཅན་དེ་དག་གི་རྒྱུད་ལ་ཡེ་གདོད་མ་ནས་གནས་པའི་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་ཡོད་པས་ཡིན་གྱི་གཞན་དུ་ན་ཇི་ལྟར་བརྩོན་ཀྱང་ཉོན་མོངས་འབའ་ཞིག་བསྐྱེད་པ་ལས་སངས་རྒྱས་ཀྱི་ཡོན་ཏན་མངོན་དུ་འགྱུར་བའི་སྐབས་མི་སྲིད་པ་ལུང་འདིས་གསལ་ལོ། །དེ་ལྟར་སེམས་ཅན་ཐམས་ཅད་ལ་རིགས་ཡོད་ཅིང་ལམ་ལ་བརྩོན་ནས་ཡེ་ཤེས་ཆོས་སྐུ་མངོན་དུ་བྱེད་པའི་སྐབས་ཡོད་ན་ནི། རྒྱུ་རིགས་ཡོད་པ་དང་འབྲས་བུ་ཆོས་སྐུ་ངོ་བོའི་ཆ་ནས་ཡོན་ཏན་དབྱེར་མེད་དང་སྔ་ཕྱི་བཟང་ངན་མེད་པ་ཡིན་པས་རིགས་དེ་འདུས་མ་བྱས་ཀྱི་རང་བཞིན་ཡིན་པ་དང་འབྲས་བུ་ཆོས་སྐུ་ཡང་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་ཡིན་པས་བྲལ་འབྲས་སུ་ཁས་ལེན་པ་ལས་འོས་མེད་པ་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གྲུབ་ལ། འབྲས་དུས་ཀྱི་ཡེ་ཤེས་ཆོས་སྐུ་ནི་སྒྲིབ་པ་བྲལ་བས་མངོན་དུ་གྱུར་པ་ཙམ་ལས་ཡོན་ཏན་སྔར་མེད་གསར་དུ་སྐྱེས་པ་ནི་མ་ཡིན་ལ། སྔར་སེམས་ཅན་གྱི་གནས་སྐབས་ན་དྲི་མས་བསྒྲིབས་ནས་མི་སྣང་བ་ཙམ་ཡིན་གྱི་མེད་པ་ནི་མ་ཡིན་ཏེ། མྱང་འདས་ལས།[14] རིགས་ཀྱི་བུ་དཔེར་ན་སའི་འོག་ན་ཆུ་ཡོན་ཏན་བརྒྱད་དང་ལྡན་པ་ཡོད་ཀྱང་། སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་མི་རུང་ངོ་། །ཤེས་རབ་ཅན་ལ་ལ་ཞིག་གིས་ལས་སུ་བྱས་ཏེ་བརྐོས་ན་གཟོད་ཐོབ་པར་འགྱུར་བ་ལྟར་མྱ་ངན་ལས་འདས་པ་ཡང་དེ་འདྲའོ། །དཔེར་ན་དམུས་ལོང་དག་ཉི་མ་དང་ཟླ་བ་མི་མཐོང་སྟེ། སྨན་པ་མཁས་པས་སྨན་བྱས་ན་སྣང་ཞིང་མཐོང་བར་འགྱུར་ཏེ་ཉི་མ་དང་ཟླ་བ་དེ་ཡང་སྔོན་མེད་ལ་ད་ལྟ་ཡོད་པ་མ་ཡིན་ནོ། །མྱ་ངན་ལས་འདས་པ་ཡང་དེ་དང་འདྲ་སྟེ། ཐོག་མ་ནས་ཡོད་པ་ཡིན་གྱི་ད་ལྟར་གཟོད་ཡོད་པ་ནི་མ་ཡིན་ནོ། །ཞེས་དང་། ཆོས་དབྱིངས་བསྟོད་པ་ལས།[15] ཇི་ལྟར་རིན་ཆེན་བེེ་ཌཱུརྱ། །དུས་རྣམས་ཀུན་ཏུ་འོད་གསལ་ཡང་། །རྡོ་ཡི་ནང་ན་གནས་གྱུར་ན། །དེ་ཡི་འོད་ནི་གསལ་མ་ཡིན། །དེ་བཞིན་ཉོན་མོངས་ཀྱིས་བསྒྲིབས་པའི། །ཆོས་དབྱིངས་ཤིན་ཏུ་དྲི་མེད་པའང་། །འཁོར་བར་འོད་ནི་གསལ་མ་ཡིན། །མྱ་ངན་འདས་ན་འོད་གསལ་འགྱུར། །ཞེས་དང་། གཞན་ཡང་སེམས་ཉིད་ངལ་གསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས།[16] དེའང་སེམས་ཅན་པའི་དུས་ན་སེམས་ཀྱི་ཆོས་ཉིད་ལ་སྣང་ཆ་ནས་གཟུགས་སྐུའི་ཡོན་ཏན་དང་སྟོང་ཆ་ནས་ཆོས་སྐུའི་ཡོན་ཏན་རྫོགས་པར་ལྡན་ཡང་དྲི་མས་བསྒྲིབས་པས་མངོན་སུམ་དུ་མི་གསལ་བའི་ཕྱིར་ཁམས་སམ་རིགས་ཞེས་བཏགས་ཤིང་སངས་རྒྱས་པའི་ཚེ་དྲི་མ་མཐའ་དག་དང་བྲལ་བས་བྱང་ཆུབ་ཅེས་བརྗོད་ཀྱང་། ངོ་བོ་སེམས་ཅན་ཉིད་ཀྱི་ནུས་པ་རྫོགས་པར་སྣང་མི་སྣང་ཙམ་ལས་དང་པོ་སེམས་ཅན་གྱི་དུས་ན་མེད་པའི་ཡོན་ཏན་ཕྱིས་གསར་དུ་བསྐྱེད་པར་འདོད་པ་ནི་མ་ཡིན་ཏེ། འཕོ་འགྱུར་མེད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་རིགས་ཡོད་ཅེས་པ་དེ་ཡང་ལམ་བསྒོམས་པའི་དབང་གིས་སངས་རྒྱས་ཀྱི་ཡོན་ཏན་སྔར་མེད་གསར་དུ་སྐྱེ་རུང་ཙམ་གྱི་རིགས་ཡོད་པ་མ་ཡིན་པར་སེམས་ཅན་པའི་གནས་སྐབས་ནའང་ཆོས་སྐུའི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཀྱི་ཚུལ་དུ་ཡོད་པའི་རིགས་ཡོད་པ་ལ་གོ་དགོས་སོ།།
ད་ནི་རྣམ་གཞག་རྣམ་པ་བཅུའི་སྒོ་ནས་དེའི་དོན་གཏན་ལ་འབེབས་པ་ལ་རྣམ་གཞག་རྣམ་པ་བཅུ་ངོས་བཟུང་བ་དང་དེའི་དོན་བཤད་པ་གཉིས་ལས།
དང་པོ་ནི། རྒྱུད་བླ་མ་ལས།[17] ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བའི་དོན། །རྟག་ཏུ་མི་འགྱུར་ཡོན་ཏན་དབྱེར་མེད་ནི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་གསུངས་པ་ལྟར་རོ།།
གཉིས་པ་དེའི་དོན་བཤད་པ་ལ་བཅུ་ལས། དང་པོ་ངོ་བོའི་དོན་ནི།
ཆོས་དབྱིངས་བསྟོད་པ་ལས།[18] དུས་རྣམས་ཀུན་ཏུ་ཉོན་མོངས་མེད། །ཐོག་མ་བར་མཐར་དྲི་མ་བྲལ། །ཞེས་དང་། རྒྱུད་བླ་མ་ལས།[19] རིན་ཆེན་ནམ་མཁའ་ཆུ་དག་བཞིན། །རྟག་ཏུ་རང་བཞིན་ཉོན་མོངས་མེད། །ཅེས་གསུངས་པ་བཞིན་ངོ་བོ་ལ་རྟག་ཏུ་ཉོན་མོངས་མེད་པས་ཐོག་མཐའ་བར་གསུམ་དུ་དྲི་མ་དང་བྲལ་བ། སེམས་ཅན་གྱི་རེ་བ་སྐོང་བའི་མཐུ་དང་ལྡན་པས་ཡིད་བཞིན་གྱི་ནོར་བུ་རིན་ཆེན་དང་། གཞན་དུ་མི་འགྱུར་བས་ནམ་མཁའ་དང་། ཐུགས་རྗེས་ཀུན་ལ་ཁྱབ་པས་ཆུ་དང་ཆོས་མཚུངས་པ་ནི་ངོ་བོའི་དོན་ནོ།།
གཉིས་པ་རྒྱུའི་དོན་ནི། ཐེག་ཆེན་གྱི་ཆོས་ལ་མོས་པ་དང་བདག་མེད་རྟོགས་པའི་ཤེས་རབ་དང་བསམ་གཏན་གྱི་བདེ་བ་ཁྱད་པར་ཅན་དང་ལྷག་པའི་སྙིང་རྗེ་བཅས་བཞི་པོ་འདི་དག་ནི་ཁམས་ཀྱི་དྲི་མ་སྟེ་ཐེག་པ་ཆེན་པོའི་ཆོས་ལ་ཁོང་ཁྲོ་བ་དང་བདག་ལ་ལྷག་པར་ཆགས་པ་དང་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་སེམས་ཅན་གྱི་དོན་ལ་ལྟོས་པ་མེད་པ་བཅས་སྦྱོང་བྱེད་ཀྱི་གཉེན་པོའམ་རྒྱུ་ཡིན་ནོ།།
གསུམ་པ་འབྲས་བུའི་དོན་ནི། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ཕྱིར་གཙང་བའི་ཕ་རོལ་ཏུ་ཕྱིན་པ་དང་། ཕྱི་རོལ་མུ་སྟེགས་པས་ཀུན་ཏུ་བཏགས་པའི་བདག་དང་ཉན་རང་གིས་རྟོགས་པའི་བདག་མེད་པའི་སྤྲོས་པའི་མཐའ་ལས་རྣམ་པར་གྲོལ་བས་བདག་དམ་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཡིད་ཀྱི་རང་བཞིན་གྱི་ཕུང་པོ་དང་དེའི་རྒྱུ་མ་རིག་བག་ཆགས་ཀྱི་ས་ལོག་པའི་ཕྱིར་བདེ་བའི་ཕ་རོལ་ཏུ་ཕྱིན་པ་དང་། སྲིད་པ་འཁོར་བ་དང་ཞི་བ་མྱང་འདས་དོན་དམ་མཉམ་པ་ཉིད་དུ་རྟོགས་པའི་ཕྱིར་རྟག་པའི་ཕ་རོལ་ཏུ་ཕྱིན་པ་ནི་འབྲས་བུའོ།།
བཞི་པ་ལས་ཀྱི་དོན་ནི། རྒྱུད་བླ་མ་ལས།[20] གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། །དོན་གཉེར་སྨོན་པའང་མེད་པར་འགྱུར། །ཞེས་གསུངས་པ་ལྟར་འཁོར་བ་དང་མྱང་འདས་ཀྱི་སྐྱོན་ཡོན་མཐོང་ནས་སྡུག་བསྔལ་ལ་སྐྱོ་བ་དང་མྱང་འདས་ཀྱི་ཡོན་ཏན་ཐོབ་པར་འདོད་པ་དང་དེ་ལ་དོན་གཉེར་གྱི་བློ་སྐྱེ་བ་ནི་ཁམས་ཡོད་པས་ཡིན་གྱི་གཞན་དུ་ན་དེ་འཐད་པར་མི་འགྱུར་རོ།།
ལྔ་པ་ལྡན་པའི་དོན་ནི། ཁམས་ལ་ཆོས་སྐུ་དག་པར་བྱེད་པའི་མོས་པ་དང་ཤེར་ཏིང་དང་སྙིང་རྗེ་སོགས་རྒྱུའི་ཡོན་ཏན་རྒྱ་མཚོར་རིན་ཆེན་དང་ཆུ་ལྟར་ལྡན་པ་དང་འབྲས་བུའི་ཡོན་ཏན་མངོན་ཤེས་དང་ཟག་མེད་ཀྱི་ཡེ་ཤེས་སོགས་མར་མེ་དང་མར་མེའི་སྣང་བ་དང་དྲོ་བ་བཞིན་དབྱེར་མེད་པར་ལྡན་པ་ནི་ལྡན་པའི་དོན་ནོ།།
དྲུག་པ་འཇུག་པའི་དོན་ནི། སོ་སོའི་སྐྱེ་བོ་རྣམས་ནི་དྲི་མ་ཅུང་ཟད་ཀྱང་མ་སྤངས་པས་ཕྱིན་ཅི་ལོག་པར་འཇུག་པ་དང་། འཕགས་པ་རྣམས་ནི་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་གཟིགས་ཤིང་དྲི་མ་ཅི་རིགས་པ་སྤངས་པས་ཡང་དག་པར་འཇུག་པ་དང་། དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་གཟིགས་ཤིང་སྒྲིབ་གཉིས་ཟད་པར་སྤངས་པས་ཕྱིན་ཅི་མ་ལོག་པར་འཇུག་པ་བཅས་རྟེན་གྱི་གང་ཟག་གི་སྒོ་ནས་དེ་བཞིན་ཉིད་ལ་འཇུག་པའི་ཚུལ་བསྟན་པའོ།།
བདུན་པ་གནས་སྐབས་ཀྱི་དོན་ནི། རྒྱུད་བླ་མ་ལས།[21] མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་ཁམས་དེ་ལ་རྟེན་གྱི་གང་ཟག་གི་གནས་སྐབས་ཀྱི་སྒོ་ནས་སྒྲིབ་པ་ཅུང་ཟད་ཀྱང་མ་སྤངས་པ་མ་དག་པ་སེམས་ཅན་གྱི་གནས་སྐབས་དང་། སྒྲིབ་པ་ཅི་རིགས་པ་སྤངས་པ་མ་དག་དག་པ་བྱང་ཆུབ་སེམས་དཔའི་གནས་སྐབས་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཟད་པར་སྤངས་པ་ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཀྱི་གནས་སྐབས་བཅས་གསུམ་དུ་དབྱེ་བའོ།།
བརྒྱད་པ་ཀུན་ཏུ་འགྲོ་བའི་དོན་ནི། དཔེ་ཇི་ལྟར་གཟུགས་ཅན་མཐའ་དག་གི་རྗེས་སུ་འགྲོ་བར་བྱའོ་སྙམ་པའི་རྟོག་པ་མེད་པའི་ནམ་མཁའ་གཟུགས་ཅན་མཐའ་དག་ལ་ཁྱབ་ཅིང་རྗེས་སུ་སོང་བ་ལྟར་སེམས་ཀྱི་རང་བཞིན་དྲི་མ་མེད་པའི་དབྱིངས་དེ་ཡང་གང་ཟག་གི་གནས་སྐབས་ཐམས་ཅད་དུ་རྗེས་སུ་སོང་བ་ཡིན་ལ། དྲི་མ་དང་བཅས་པ་སེམས་ཅན་གྱི་གནས་སྐབས་དང་། དྲི་མ་ཅི་རིགས་པ་སྤངས་པ་བྱང་ཆུབ་སེམས་དཔའི་གནས་སྐབས་དང་། ཡོན་ཏན་མཐར་ཐུག་པ་སངས་རྒྱས་ཀྱི་གནས་སྐབས་བཅས་ཐམས་ཅད་དུ་རྗེས་སུ་སོང་བ་ནི། དཔེར་ན་ནམ་མཁའ་ནི་དམན་པ་སའི་སྣོད་དང་བར་མ་ཟངས་ཀྱི་སྣོད་དང་མཆོག་ཏུ་གྱུར་པ་གསེར་གྱི་སྣོད་ལ་ཁྱད་པར་མེད་པར་ཁྱབ་ཅིང་རྗེས་སུ་སོང་བ་ལྟར་རོ།།
དགུ་པ་རྟག་ཏུ་མི་འགྱུར་བའི་དོན་ནི། སེམས་ཀྱི་གནས་ལུགས་དབྱིངས་སམ་ཁམས་དེ་ནི་དྲི་མས་མ་དག་པ་དང་མ་དག་དག་པ་དང་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ཐམས་ཅད་དུ་མི་འགྱུར་བ་ཡིན་ཏེ། མ་དག་པའི་གནས་སྐབས་ན་ཇི་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ནམ་མཁའ་ལ་དང་པོར་སྐྱེ་ཞིང་མཐར་འཇིག་པར་སྣང་ནའང་ནམ་མཁའ་རང་ཉིད་སྐྱེ་འཇིག་མེད་པ་བཞིན་དུ་རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་དབྱིངས་སམ་ཁམས་དེ་ལ་བཅུད་ཀྱི་སེམས་ཅན་གྱི་དབང་པོ་དང་སྐྱེ་མཆེད་སོགས་སྐྱེ་ཞིང་འཇིག་པར་སྣང་ནའང་ཁམས་རང་ཉིད་རྟག་ཏུ་འགྱུར་བ་མེད་པའི་ཕྱིར་རོ། །མ་དག་དག་པའི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདེ་གཤེགས་སྙིང་པོའི་རང་བཞིན་མངོན་སུམ་གྱིས་ཇི་ལྟ་བ་བཞིན་རྟོགས་པས་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བ་དང་རྒ་བ་དང་ན་བ་མེད་པའི་ཕྱིར་འགྱུར་བ་མེད་པ་ཉིད་དོ། །ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ནའང་ཡོན་ཏན་མཐར་ཐུག་པ་ཡེ་ཤེས་ཆོས་སྐུ་གཞན་དུ་འགྱུར་བ་མེད་པ་རྟག་པའི་བདག་ཉིད་མི་ཟད་པའི་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་དཔག་མེད་ལྡན་པའི་ཕྱིར་རྟག་ཏུ་འགྱུར་བ་མེད་པ་ཉིད་དོ།།
བཅུ་པ་ཡོན་ཏན་དབྱེར་མེད་ནི། རྒྱུ་མཚན་གང་གི་ཕྱིར་བདེ་བར་གཤེགས་པའི་སྙིང་པོ་དྲི་མས་རྣམ་པར་དག་པ་དེ་ནི་སངས་རྒྱས་ཀྱི་ཆོས་ཀྱི་སྐུ་ཡིན་ཅིང་དེ་བཞིན་གཤེགས་པ་ཡང་ཡིན་ལ་དྲི་མས་མ་གོས་པའི་དབྱིངས་འཕགས་པ་རྣམས་ཀྱི་རྟོགས་བྱ་མཐར་ཐུག་ཡིན་པས་འཕགས་པའི་བདེན་པ་དང་འཐོབ་བྱ་མཐར་ཐུག་ཡིན་པས་དོན་དམ་པ་མི་གནས་པའི་མྱང་འདས་ཀྱང་ཡིན་ལ། དེ་རྣམས་ནི་དོན་གཅིག་མིང་གི་རྣམ་གྲངས་ཙམ་ཡིན་པས་ཉི་མ་དང་འོད་ཟེར་བཞིན་ཆོས་སྐུ་དང་དེའི་ཡོན་ཏན་རྣམས་དབྱེར་མེད་ཡིན་པའི་ཕྱིར་ན་སྲིད་ཞིར་མི་གནས་པའི་མྱང་འདས་མཐར་ཐུག་པ་ནི་སངས་རྒྱས་མ་གཏོགས་གཞན་ལ་མེད་དོ།།
ད་ནི་གློ་བུར་གྱི་དྲི་མས་སྒྲིབ་ཚུལ་དཔེའི་སྒོ་ནས་བསྟན་པ་ལ་མདོ་ལས་བསྟན་ཚུལ་དང་། བསྟན་བཅོས་ལས་བསྟན་ཚུལ་གཉིས་ལས།
དང་པོ་མདོ་ལས་བསྟན་ཚུལ་ནི། སྙིང་པོ་བསྟན་པའི་མདོ་ལས།[22] རིགས་ཀྱི་བུ་དག་འདི་ལྟ་སྟེ་དཔེར་ན་སྐྱེས་བུ་ལྷའི་མིག་ཅན་ལ་ལ་ཞིག་གིས་ལྷའི་མིག་གིས་འདི་ལྟར་ཁ་དོག་ངན་ཅིང་འདི་ལྟར་དྲི་ང་བའི་པདྨ་ཁ་མ་ཕྱེ་ཞིང་མ་གྱེས་པ་དག་ལ་བལྟས་ཏེ། དེའི་དབུས་ན་པད་མའི་སྙིང་པོ་ལ་དེ་བཞིན་གཤེགས་པ་སྐྱིལ་མོ་ཀྲུང་བཅས་ཤིང་འདུག་པར་རིག་ནས་དེ་བཞིན་གཤེགས་པའི་གཟུགས་བལྟ་བར་འདོད་དེ། དེ་བཞིན་གཤེགས་པའི་གཟུགས་དེ་ཡང་དག་པར་སྦྱང་བའི་ཕྱིར་པདྨའི་འདབ་མ་ཁ་དོག་ངན་ཅིང་དྲི་ང་བ་སྨད་པར་འོས་པ་དེ་དག་འགྱེད་ཅིང་སེལ་བ་དེ་བཞིན་དུ་རིགས་ཀྱི་བུ་དག་དེ་བཞིན་གཤེགས་པས་ཀྱང་སངས་རྒྱས་ཀྱི་མིག་གིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོར་མཐོང་ནས་སེམས་ཅན་དེ་དག་གི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། སྲིད་པ་དང་། མ་རིག་པའི་ཉོན་མོངས་པའི་སྦུབས་དབྱེ་བའི་ཕྱིར་ཆོས་སྟོན་ཏེ། དེ་སྒྲུབ་པའི་དེ་བཞིན་གཤེགས་པ་རྣམས་ནི་ཡང་དག་པ་ཉིད་དུ་གནས་སོ། །ཞེས་སོ།།
གཉིས་པ་བསྟན་བཅོས་ལས་བསྟན་ཚུལ་ལ་དཔེ་ངོས་བཟུང་བ་དང་དཔེ་དོན་སྦྱར་ནས་བཤད་པ་གཉིས།
དང་པོ་ནི། རྒྱུད་བླ་མ་ལས།[23] སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་མྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོ།།
གཉིས་པ། དཔེ་དོན་སྦྱར་ནས་བཤད་པ་ལ་དགུ་ལས་དང་པོ། དཔེ་ཇི་ལྟར་མདོག་ངན་ཞིང་འདབ་མ་ཁ་ཟུམ་པའི་པདྨའི་ནང་ན་ཡོད་པའི་མཚན་བཟང་པོ་དང་གཟི་བརྗིད་བརྒྱ་སྟོང་གིས་འབར་བ་དེ་བཞིན་གཤེགས་པའི་སྐུ་ནི་ཕལ་པའི་མིག་གིས་མི་མཐོང་ནའང་དྲི་མེད་ལྷ་ཡི་མིག་དང་ལྡན་པའི་གང་ཟག་གིས་མཐོང་ནས་གཞན་ལ་བསྟན་པར་བྱ་བའི་ཕྱིར་པདྨའི་འདབ་མའི་ནང་ནས་འབྱིན་པར་བྱེད་པ་དེ་བཞིན་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱི་དྲི་མེད་སྤྱན་གྱིས་ཐ་ན་དམྱལ་བ་མནར་མེད་པའི་སེམས་ཅན་གྱི་རྒྱུད་ལའང་ཆགས་སྡང་སོགས་དྲི་མའི་སྦུབས་ན་སེམས་ཀྱི་རང་བཞིན་འོད་གསལ་བ་བདེ་བར་གཤེགས་པའི་སྙིང་པོ་ཡོད་པར་གཟིགས་ནས་ཁམས་ཀྱི་དྲི་མ་བྲལ་བར་བྱ་བའི་ཕྱིར་གདུལ་བྱ་རྣམས་ལ་ཆོས་བསྟན་ཏོ།།
གཉིས་པ། ཇི་ལྟར་སྲོག་ཆགས་སྦྲང་མའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་སྲུང་བའི་རོ་བཅུད་ཕུན་སུམ་ཚོགས་པ་དང་ལྡན་པའི་སྦྲང་རྩི་དེ་དོན་དུ་གཉེར་བའི་སྐྱེས་བུ་དག་གིས་མཐོང་སྟེ་སྦྲང་མའི་ཚོགས་བསལ་ནས་དེ་ལས་སྦྲང་རྩི་བླངས་ནས་ཟ་བ་སོགས་བྱ་བ་བྱེད་པ་བཞིན་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཀྱང་སེམས་ཅན་གྱི་རྒྱུད་ལ་སྦྲང་རྩི་དང་འདྲ་བའི་བདེ་གཤེགས་སྙིང་པོ་གཟིགས་ནས་སྦྲང་མ་དང་འདྲ་བའི་ཉོན་མོངས་རྣམས་སྤང་བར་བྱ་བའི་ཕྱིར་གདུལ་བྱ་རྣམས་ལ་ཆོས་བསྟན་ཏོ།།
གསུམ་པ། ཇི་ལྟར་ཕྱི་ཤུན་སྦུན་པ་དང་ལྡན་པའི་འབྲས་སོགས་འབྲུའི་སྙིང་པོ་ནི་སྦུན་པ་མ་བསལ་བར་མི་རྣམས་ཀྱི་ལོངས་སུ་སྤྱད་བྱར་མི་འགྱུར་ལ། ཟས་སོགས་དོན་དུ་གཉེར་བའི་མི་དག་གིས་ཕྱི་ཤུན་སྦུན་པ་འབྱིན་པར་བྱེད་པ་ལྟར། བདེ་བར་གཤེགས་པའི་སྙིང་པོའང་ཇི་སྲིད་དུ་ཉོན་མོངས་པའི་དྲི་མ་རྣམས་དང་འདྲེས་པར་གནས་ཤིང་དེ་ལས་མ་གྲོལ་བ་དེ་སྲིད་དུ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་ཕྲིན་ལས་ཀྱང་མི་བྱེད་པ་ཡིན་པས་སངས་རྒྱས་ཀྱིས་སེམས་ཅན་རྣམས་སངས་རྒྱས་ཐོབ་ཕྱིར་དྲི་མ་དེ་དག་སེལ་བར་མཛད་དོ།།
བཞི་པ། ཇི་ལྟར་མི་འགའ་ཞིག་ལམ་དུ་རབ་ཏུ་རྒྱུ་བའི་ཚེ་དེ་ལ་གསེར་སྦྲམ་ཞིག་ཡོད་པ་དེ་མི་གཙང་བ་ལྗན་ལྗིན་གྱི་གནས་སུ་ལྷུང་བར་གྱུར་པ་དེ་ལོ་བརྒྱ་ཕྲག་མང་པོ་སོང་ནའང་གསེར་རང་གི་ངོ་བོ་མི་འགྱུར་བར་གནས་ཡོད་པ། རྣམ་དག་ལྷ་ཡི་མིག་དང་ལྡན་པ་དག་གིས་གནས་དེར་ཡོད་པར་མཐོང་ནས་འགའ་ཞིག་ལ་གནས་འདི་ན་ཡོད་པའི་གསེར་དེ་ལོངས་ལ་རིན་ཆེན་རྒྱན་སོགས་གྱིས་ཞེས་སྨྲ་བ་ལྟར་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཉོན་མོངས་སུ་བྱིང་བའི་སེམས་ཅན་ལ་ཡོན་ཏན་ལྷུན་གྲུབ་ཏུ་ཡོད་པའི་བདེ་གཤེགས་སྙིང་པོ་ཡོད་པར་གཟིགས་ནས་དྲི་མ་དེ་དག་དག་པར་བྱ་བའི་ཕྱིར་དམ་པའི་ཆོས་སྟོན་པར་མཛད་དོ།།
ལྔ་པ། ཇི་ལྟར་བཀྲེས་སྐོམ་གྱི་གདུང་བས་ཕོངས་པའི་དབུལ་པོའི་ཁྱིམ་གྱི་ས་འོག་ན་སྡུག་བསྔལ་སེལ་ཞིང་ཅི་འདོད་འབྱུང་བའི་མི་ཟད་པའི་གཏེར་ཡོད་ནའང་དབུལ་པོ་དེས་ས་འོག་ན་གཏེར་ཡོད་པ་མི་ཤེས་ཤིང་གཏེར་དེས་ཀྱང་ང་འདི་ན་ཡོད་དོ་ཞེས་མི་སྨྲ་བ་ལྟར་འགྲོ་བ་སེམས་ཅན་གྱི་རྒྱུད་ལའང་རིན་ཆེན་གཏེར་དང་འདྲ་བའི་སྐྱོན་ཡོན་བསལ་བཞག་མེད་པའི་བདེ་གཤེགས་སྙིང་པོ་ཡོད་ནའང་དེ་མ་རྟོགས་ནས་སེམས་ཅན་རྣམས་མྱང་འདས་ཀྱི་འབྱོར་པས་ཕོངས་ཤིང་སྲིད་པར་ཀུན་ཏུ་སྡུག་བསྔལ་བར་གྱུར་པ་ཡིན་ལ། སེམས་ཅན་རྣམས་ཀྱི་འཐོབ་བྱ་མཐར་ཐུག་པ་ཆོས་དབྱིངས་དེ་འཐོབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་སྟོན་པར་མཛད་དོ།།
དྲུག་པ། དཔེ་ཇི་ལྟར་ས་ལུ་ལ་སོགས་པའི་འབྲས་ཆུང་ལ་མྱུག་སོགས་སྐྱེད་པའི་ནུས་པ་ཡོད་པ་དེ་ས་གཞི་རྨོས་ལེགས་དང་ཆུ་ལུད་ཉི་འོད་སོགས་རྐྱེན་དང་འཕྲད་ན་རིམ་བཞིན་མྱུག་སོགས་འབྲས་བུའི་དངོས་པོ་གྲུབ་པ་ལྟར་སེམས་ཅན་རྣམས་ཀྱི་མ་རིག་ཆགས་སྡང་སོགས་ཀྱི་པགས་སྦུབས་ནང་ན་ཡོད་པའི་ཆོས་དབྱིངས་སམ་ཁམས་ཟག་མེད་ཀྱི་དགེ་བ་ཡང་ཐར་པའི་རྒྱུ་ཚོགས་གཉིས་ལ་སོགས་པའི་རྐྱེན་གྱིས་མཐོང་སྒོམ་སོགས་སུ་འཕེལ་བར་འགྱུར་བ་དང་མཐར་ཕྱིན་ནས་རྒྱལ་བའི་དངོས་པོ་མངོན་དུ་འགྱུར་རོ།།
བདུན་པ། ཇི་ལྟར་རྒྱུ་རིན་ཆེན་ལས་གྲུབ་པའི་རྒྱལ་བའི་སྐུ་གོས་ཧྲུལ་དྲི་ངན་ཅན་གྱིས་བཏུམས་པ་ལམ་ན་ཡོད་པ་ལྷ་ཡིས་མཐོང་ནས་གོས་ཧྲུལ་དེ་ལས་རྒྱལ་བའི་སྐུ་འབྱིན་པར་བྱེད་པའི་ཕྱིར་དོན་དེ་དེར་ཡོད་པའི་མི་རྣམས་ལ་སྨྲ་བ་ལྟར། དྲི་མེད་སྤྱན་དང་ལྡན་པ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་རྣམས་ལ་གོས་ཧྲུལ་དྲི་ངན་ཅན་དང་འདྲ་བའི་ཉོན་མོངས་པའི་དྲི་མས་བཏུམས་པའི་ནང་ན་བདེ་བར་གཤེགས་པའི་དངོས་པོ་ཡོད་པར་གཟིགས་ནས་དྲི་མ་དེ་དག་བསལ་ཞིང་དེ་ལས་རྣམ་པར་གྲོལ་བའི་ཐབས་བསྟན་ཏོ།།
བརྒྱད་པ། ཇི་ལྟར་བུད་མེད་གཟུགས་ངན་པ་མགོན་མེད་དགོན་པའི་གནས་སུ་འདུག་པ་ཞིག་ལྟོ་གོས་ཀྱིས་ཕོངས་པ་དང་གཞན་གྱིས་བརྙས་པ་སོགས་ཀྱིས་སྡུག་བསྔལ་བར་གྱུར་པའི་ལྟོ་ན་མགོན་དུ་གྱུར་པ་མིའི་བདག་པོ་ཡོད་ནའང་དེ་ཡོད་པར་མ་རྟོགས་ནས་སྡུག་བསྔལ་ཤིན་ཏུ་མང་པོ་མྱོང་བར་འགྱུར་བ་དེ་བཞིན་སྲིད་པ་མགོན་མེད་ཀྱི་གནས་སུ་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས་ལའང་མགོན་དུ་གྱུར་པའི་སེམས་ཀྱི་གནས་ལུགས་ཁམས་སམ་སྙིང་པོ་ཡོད་པར་གཟིགས་ནས་རྒྱལ་བས་སྡུག་བསྔལ་དེ་ལས་གྲོལ་བའི་ཐབས་བསྟན་ཏོ།།
དགུ་པ། དཔེ་ཇི་ལྟར་གསེར་ཞུན་མ་ལས་བྱས་པའི་རྒྱལ་བའི་སྐུ་གཟུགས་ཡོན་ཏན་ཐམས་ཅད་རྫོགས་ཤིང་སྐྱོན་ཐམས་ཅད་ཞི་བ་གང་ཕྱི་རོལ་འདམ་རྫབ་ཀྱིས་གཡོགས་པ་མི་འགའ་ཞིག་གིས་མཐོང་ནས་འདམ་རྫབ་ཀྱི་དྲི་མ་སེལ་བར་བྱེད་པ་ལྟར་སེམས་ཅན་གྱི་རྒྱུད་ལ་སྒྲིབ་བྱེད་གློ་བུར་གྱི་དྲི་མ་ཆགས་སྡང་སོགས་ཀྱིས་གཡོགས་པ་དེ་བཞིན་གཤེགས་པའི་ཡོན་ཏན་ཐམས་ཅད་རྫོགས་པར་ལྡན་པའི་རིགས་ཡོད་པར་གཟིགས་ནས་སངས་རྒྱས་ཀྱིས་དྲི་མ་དག་པར་བྱེད་པའི་ཐབས་བསྟན་ཏོ། །དཔེ་དགུ་པོ་འདི་དག་ལས་དང་པོ་ནས་བཞི་པའི་བར་རིམ་བཞིན་སོ་སོའི་སྐྱེ་བོ་ལམ་ལ་མ་ཞུགས་པ་དང་། ཞུགས་པ་ཚོགས་སྦྱོར་གྱི་རྒྱུད་ཀྱི་འདོད་ཆགས་ཞེ་སྡང་གཏི་མུག་བག་ལ་ཉལ་བ་དང་དེ་གསུམ་མངོན་གྱུར་གྱི་སྦུབས་ན་གནས་པའི་ཁམས་ལ་སྦྱར་ནས་བཤད། ལྔ་པ་ནི་ཉན་རང་དགྲ་བཅོམ་པའི་མ་རིག་པའི་བག་ཆགས་ཀྱི་སྦུབས་ན་གནས་པའི་ཁམས་ལ་སྦྱར་ནས་བཤད། དྲུག་པ་དང་བདུན་པ་ནི་མཐོང་སྤང་གི་དྲི་མའི་སྦུབས་ན་གནས་པའི་ཁམས་ལ་སྦྱར་ནས་བཤད། བརྒྱད་པ་དང་དགུ་པ་ནི་སྒོམ་སྤང་གི་དྲི་མའི་སྦུབས་ན་གནས་པའི་ཁམས་ལ་སྦྱར་ནས་བཤད་དོ།།
གསུམ་པ་ལོག་པར་རྟོག་པ་ལ་ལུང་རིགས་ཀྱི་གནོད་པ་བསྟན་པ།
དེ་ལ་ཁམས་མི་སྟོང་བདེན་གྲུབ་ཏུ་འདོད་པ་དང་། སྟོང་པ་ཕྱང་ཆད་དུ་འདོད་པ་དང་། འདུས་བྱས་སུ་འདོད་པ་གསུམ་ལས།
དང་པོ་ནི། གཞན་སྟོང་སྨྲ་བ་འགའ་ཞིག་གིས་ཁམས་ལ་གློ་བུར་གྱི་དྲི་མ་ཆགས་སོགས་ཀྱིས་སྟོང་ནའང་འོད་གསལ་བ་སོགས་ཡོན་ཏན་གྱིས་མི་སྟོང་པ་དེ་ཡང་དོན་དཔྱོད་རིགས་པས་བརྟགས་ཤིང་དཔྱད་ནའང་མི་ཁེགས་པ་ངོ་བོ་བདེན་གྲུབ་ཏུ་འདོད་ལ། དེ་ནི་ཤིན་ཏུ་མི་རིགས་པའི་གཏམ་ཡིན་ཏེ་ལུང་རིགས་འབུམ་ཕྲག་གི་གནོད་པ་ཡོད་པའི་ཕྱིར། དེ་ཡང་དཔེ་མཚོན་ཙམ་དུ་བརྗོད་ན། མདོ་སྡེ་ལང་ཀར་གཤེགས་པ་ལས།[24] བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྟོང་པ་ཉིད་དང་། ཡང་དག་པའི་མཐའ་དང་། མྱ་ངན་ལས་འདས་པ་དང་། མ་སྐྱེས་པ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པར་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པས་རྣམ་པར་མི་རྟོག་པའི་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། འདི་ལ་བློ་གྲོས་ཆེན་པོ་མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ཏུ་མངོན་པར་ཞེན་པར་མི་བྱའོ། །ཞེས་སོགས་ཀྱིས་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དུ་གསལ་བར་བསྟན་པའི་ཕྱིར་དང་། རིགས་པ་ཡང་། དབུ་མ་རྩ་བ་ཤེས་རབ་ལས།[25] གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། མདོར་ན་རིགས་པ་ནི་དབུ་མའི་གཏན་ཚིགས་ཆེན་མོ་ལྔ་ལ་སོགས་པའོ། །བདེ་གཤེགས་སྙིང་པོ་དེ་བདེན་གྲུབ་ཡིན་ན་ཅིར་འགྱུར་སྙམ་ན། དེ་ཡང་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཞལ་སྔ་ནས། ཤེས་བྱའི་ཁོངས་ན་བདེན་གྲུབ་གཅིག་ཡོད་ན། །ཤེས་བྱ་འདི་ཀུན་གཏན་ནས་མི་སྣང་འགྱུར། །ཞེས་གསུངས་པ་ལྟར་ཤེས་བྱ་འདི་ཀུན་གཏན་ནས་མི་སྣང་བར་འགྱུར་ཏེ། བདེན་གྲུབ་ཡིན་ན་གཅིག་དང་དུ་མ་གང་རུང་གི་ངོ་བོར་བདེན་པར་གྲུབ་པ་ཡིན་དགོས་ཏེ་བདེན་པར་གྲུབ་ཚུལ་དེ་གཉིས་ལས་ཕུང་གསུམ་པ་ཞིག་མི་སྲིད་པའི་ཕྱིར། དེ་གཉིས་ལས་ཀྱང་དང་པོ་གཅིག་བདེན་གྲུབ་དགོས་ཏེ་གཅིག་མེད་ན་དུ་མ་གཞག་རྒྱུ་མེད་པའི་ཕྱིར། གལ་ཏེ་ཤེས་བྱའི་ཁོངས་ན་གཅིག་གི་ངོ་བོར་བདེན་པར་གྲུབ་པ་ཞིག་ཡོད་ན་ཕྱོགས་དུས་ཀྱི་ཤེས་པ་ཐམས་ཅད་ཀྱིས་དེ་ལ་དམིགས་ཤིང་དེ་ལས་གཞན་པའི་ཆོས་ལ་དམིགས་པ་མི་སྲིད་པ་དང་ཆོས་གཞན་མེད་པར་འགྱུར་ཞིང་མཐར་དེ་གཅིག་བདེན་དུ་རྟོགས་པའི་ཤེས་པ་ཡང་མེད་པར་འགྱུར་ཏེ། ཡོད་ན་དེ་གཅིག་པུ་མ་ཡིན་པ་དེ་ལས་གཞན་པའི་ཆ་ཡོད་ཅིང་གཅིག་བདེན་ལས་ཉམས་པར་འགྱུར་བའི་ཕྱིར། མདོར་ན་མཐར་ཤེས་བྱ་འདི་ཀུན་གཏན་ནས་མི་སྣང་བར་འགྱུར་བ་སོགས་སྐྱོན་མཐའ་ཡས་སོ།།
གཉིས་པ་སྟོང་པ་ཕྱང་ཆད་དུ་འདོད་པ་ནི། ཆོས་ཀྱི་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་དེ་སེམས་ལ་སེམས་མ་མཆིས་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་པ་ལྟར་སྣང་བ་དང་སྟོང་པ་ཟུང་དུ་འཇུག་པའི་བདག་ཉིད་དུ་མ་གོ་བར་གསལ་ཆ་ཡོན་ཏན་གང་ཡང་མེད་པའི་སྟོང་ཉིད་མེད་དགག་རྣམ་གྲངས་པའི་དོན་དམ་ཙམ་དུ་ལྟ་བ་ནི་ཤིན་ཏུ་མི་རིགས་ཏེ། དེ་ལྟ་བུའི་སྟོང་ཉིད་མེད་དགག་ལ་མྱང་འདས་ཀྱི་ཡོན་ཏན་ཡེ་ལྡན་གྱི་ཚུལ་དུ་ཡོད་པ་མི་འཐད་པ་མ་ཟད་སྐྱེ་རུང་གི་ཚུལ་དུ་ཡོད་པའང་མི་འཐད་པའི་ཕྱིར། ཡོན་ཏན་ཡེ་ལྡན་གྱི་ཚུལ་དུ་ཡོད་པ་མི་འཐད་དེ། གསལ་ཆ་ཡོན་ཏན་དང་བྲལ་བའི་མེད་དགག་ཡིན་པའི་ཕྱིར་དང་། སྐྱེ་རུང་གི་ཚུལ་དུ་ཡོད་པ་མི་འཐད་དེ། འབྲས་བུ་སྐྱེ་བ་སོགས་རྒྱུའི་ཡོན་ཏན་དང་བྲལ་བའི་དངོས་མེད་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་བདེན་པར་གྲུབ་པས་སྟོང་ཙམ་གྱི་སྟོང་ཉིད་མེད་དགག་ནི་སྟོང་ཉིད་ཀྱི་ནང་ནས་ཤིན་ཏུ་ཐ་ཤལ་བ་ཡིན་པར་མདོ་ལས་གསུངས་ཏེ། མདོ་སྡེ་ལང་ཀར་གཤེགས་པ་ལས།[26] བློ་གྲོས་ཆེན་པོ་གཅིག་གིས་གཅིག་སྟོང་པ་ཉིད་འདི་ནི་ཀུན་གྱི་ཐ་ཤལ་ཏེ། དེ་ནི་ཁྱོད་ཀྱིས་ཡོངས་སུ་སྤང་བར་བྱའོ། །ཞེས་གསུངས་སོ།།
གསུམ་པ་མི་རྟག་པ་འདུས་བྱས་སུ་འདོད་པ་ནི། བདེ་བར་གཤེགས་པའི་སྙིང་པོ་དྲི་མ་མཐའ་དག་ལས་རྣམ་པར་གྲོལ་བ་རྣམ་མཁྱེན་ནི་གདུལ་བྱ་བློ་མ་སྦྱངས་པ་ལས་དང་པོ་ལ་ལྟོས་ནས་བཀའ་དང་བསྟན་བཅོས་དག་ལས་སྐབས་རེ་རྟག་པ་དང་སྐབས་རེ་མི་རྟག་པར་གསུངས་ནའང་དོན་དུ་ན་རྣམ་མཁྱེན་ཡེ་ཤེས་དེ་ནི་རྟག་མི་རྟག་ལས་འདས་པའི་འདུས་མ་བྱས་ཆེན་པོ་ཡིན་ཏེ། མྱང་འདས་ལས།[27] རིགས་ཀྱི་བུ་ད་ནི་དེ་བཞིན་གཤེགས་པ་རྟག་པའི་སྐུ་དང་། མི་ཤིགས་པའི་སྐུ་དང་། རྡོ་རྗེའི་སྐུ་དང་། ཤའི་སྐུ་མ་ཡིན་པ་དང་། ཆོས་ཀྱི་སྐུར་ལྟོས་ཤིག ཅེས་དང་། དེ་ཉིད་ལས།[28] དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་བའི་ཚིག་སྨྲ་བ་བས་ནི་ཤིང་གི་ཕུང་པོ་འབར་བ་འདི་ལ་ལྕེས་ཀུན་ནས་རེག་པར་བྱས་ཏེ་ཤི་ཡང་བླའི་ཚིག་དེ་ནི་མཉན་པར་ཡང་མི་བྱའོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཞན་ཡང་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་དང་། དབུ་མ་རྩ་བ་ཤེས་རབ་ལས།[29] ཇི་ལྟར་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ཏེ། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་སོ། །རིགས་པ་ནི། འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་སྟོང་ཐུན་སེང་གེའི་ང་རོ་ལས། གདོད་མའི་ཆོས་དབྱིངས་དང་གཉིས་སུ་མེད་པར་རོ་མཉམ་པའི་འབྲས་བུ་མཐར་ཐུག་པ་རྣམ་མཁྱེན་གྱི་ཡེ་ཤེས་ཉིད་རྒྱུ་རྐྱེན་གྱིས་གསར་དུ་འདུས་བྱས་པའི་མི་རྟག་པ་ཡིན་ན། རང་བྱུང་གི་ཡེ་ཤེས་མ་ཡིན་པ་དང་། འགྱུར་བའི་ཟུག་རྔུ་མ་སྤངས་པ་དང་། ཡང་འགག་ཡང་སྐྱེ་བའི་ཆ་དང་བཅས་པ་ཐལ་བར་འགྱུར་བ་སོགས་གསུངས་པ་ལྟར་སྐྱོན་གྱི་ཆར་འབབ་པས་བཟོད་པའི་གནས་མེད་དོ། །དེའི་ཕྱིར་བདེ་གཤེགས་སྙིང་པོ་མི་སྟོང་བདེན་གྲུབ་སོགས་སུ་ལྟ་བའི་ལུགས་འདི་དག་དོར་ནས་ཟབ་མོ་ངེས་དོན་གྱི་མདོ་སྡེ་རྣམས་ཀྱི་དགོངས་པ་དང་མཐུན་པར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་འཇམ་མགོན་མི་ཕམ་རིན་པོ་ཆེས་ཇི་སྐད་གསུངས་པ་བཞིན་ངོ་བོ་སྟོང་པ་ཡིན་ནའང་སྟོང་པ་དེའི་སྟོང་ཚུགས་མ་ཤོར་བཞིན་འོད་གསལ་བ་སོགས་ཆོས་སྐུའི་ཡོན་ཏན་འབྲལ་མེད་དུ་ལྡན་པ་དང་། སྣང་ཆ་གསལ་བ་དེའི་སྣང་ཚུགས་མ་ཤོར་བཞིན་གཞི་མེད་སྟོང་པ་ཆེན་པོར་གནས་པ་སྣང་སྟོང་ཟུང་དུ་འཇུག་པ་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་ཞིག་ཏུ་གཟུང་བར་བྱའོ།།
ཟབ་དང་རྒྱ་ཆེ་གསལ་སྟོང་ཟུང་འཇུག་པའི།།
རང་རྩལ་ཐུགས་རྗེས་ཀུན་ལ་ཁྱབ་པའི་ཁམས།།
མ་རྟོགས་སངས་རྒྱས་སྒྲུབ་པར་མི་ནུས་པས།།
ཀུན་ཀྱིས་དེ་དོན་ཚུལ་བཞིན་རྟོགས་པར་ཤོག །
བྷ་ཝཱ་ཏུ་སརྦ་མངྒ་ལཾ།
[1] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༨༠ པར་གསལ།
[2] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༨༠ པར་གསལ།
[3] ཡེ་ཤེས་སྡེ་པར་མ། དེབ་གཟུགས། སྟོད་ཆ། ཤོག་གྲངས། ༣༤༡ པར་གསལ།
[4] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༣༢ པར་གསལ།
[5] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༡༩༩ པར་གསལ།
[6] ཨདརྴའི་མཉེན་ཆས་ལས་བཤུས། སྡེ་དགེ་བཀའ་འགྱུར། མདོ་སྡེ། ཟའི་སྡེ་ཚན། ཤོག་གྲངས། ༦༦-༡-༢༤༨b ལ་གསལ།
[7] ཨདརྴའི་མཉེན་ཆས་ལས་བཤུས། སྡེ་དགེ་བཀའ་འགྱུར། མདོ་སྡེ། ཟའི་སྡེ་ཚན། ཤོག་གྲངས། ༦༦-༡-༢༤༨b ལ་གསལ།
[8] འཕྲུལ་དེབ། ཤོག་གྲངས། ༡ པོར་གསལ།
[9] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༤༠༠ པར་གསལ།
[10] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༩ པར་གསལ།
[11] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༩ པར་གསལ།
[12] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༩ པར་གསལ།
[13] འཕྲུལ་དེབ། ཤོག་གྲངས། ༡ པོར་གསལ།
[14] ཨདརྴའི་མཉེན་ཆས་ལས་བཤུས། སྡེ་དགེ་བཀའ་འགྱུར། མདོ་སྡེ། ཉའི་སྡེ་ཚན། ཤོག་གྲངས། ༥༢-༡-༣༤༢a ལ་གསལ།
[15] འཕྲུལ་དེབ། ཤོག་གྲངས། ༡ པོར་གསལ།
[16] དཔལ་བརྩེགས་པར་མ། ཐཱའི་ཝན་བསྐྱར་དཔར་མ། ཀློང་ཆེན་གསུང་འབུམ། དེབ་ཕྲེང་། ༢༠ ཤོག་གྲངས། ༣༠༠ པར་གསལ།
[17] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༨ པར་གསལ།
[18] འཕྲུལ་དེབ། ཤོག་གྲངས། ༡ པོར་གསལ།
[19] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༩ པར་གསལ།
[20] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༣ པར་གསལ།
[21] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༣༦ པར་གསལ།
[22] ཨདརྴའི་མཉེན་ཆས་ལས་བཤུས། སྡེ་དགེ་བཀའ་འགྱུར། མདོ་སྡེ། ཟའི་སྡེ་ཚན། ཤོག་གྲངས། ༦༦-༡-༢༤༨b ལ་གསལ།
[23] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༥༦ པར་གསལ།
[24] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༡༦༤ པར་གསལ།
[25] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༡༩༣ པར་གསལ།
[26] ཡེ་ཤེས་སྡེ་པར་མ། དེབ་གཟུགས། ཤོག་གྲངས། ༡༥༩ པར་གསལ།
[27] ཨདརྴའི་མཉེན་ཆས་ལས་བཤུས། སྡེ་དགེ་བཀའ་འགྱུར། མདོ་སྡེ། ཐའི་སྡེ་ཚན། ཤོག་གྲངས། ༥༤-༡-༤༥b ལ་གསལ།
[28] ཨདརྴའི་མཉེན་ཆས་ལས་བཤུས། སྡེ་དགེ་བཀའ་འགྱུར། མདོ་སྡེ། ཐའི་སྡེ་ཚན། ཤོག་གྲངས། ༥༤-༡-༥༢b ལ་གསལ།
[29] སྔ་འགྱུར་རིག་མཛོད་རྩིས་འཕྲུལ་སྡེ་ཚན་པར་མ། དེབ་གཟུགས། ཤོག་གྲངས། ༢༡༠ པར་གསལ།