ལོ་རིམ་དྲུག་པའི་སློབ་གཉེར་བ། བསྟན་འཛིན་ལེགས་གྲུབ།
མཚན་དཔེའི་པད་མོ་ཁ་བའི་ལྗོངས་ནས་བཞད།།
སྦྱངས་པའི་ཤེས་རབ་འཕགས་པའི་ཡུལ་ནས་རྒྱས།།
འགྲོ་དོན་དྲི་བསུང་འཛམ་གླིང་མཐའ་ནས་ཐུལ།།
སྙིགས་དུས་རྒྱལ་སྲས་ཆེན་པོར་ཅིས་མི་བསྟོད།།
མཐོང་གྲོལ་སྐུ་ལ་ཆོས་གོས་རྣམ་གསུམ་མཛེས།།
འགག་མེད་གསུང་ལ་སྡེ་སྣོད་མགུར་གླུས་བརྒྱན།།
རྟོག་བྲལ་ཐུགས་ནི་བསླབ་པ་གསུམ་གྱིས་ཕྱུག།
གསུམ་ལྡན་གསུམ་གྱིས་མཛེས་པ་ཁྱེད་ལ་འདུད།།
པདྨའི་གདུང་འཛིན་ཀུན་ཀྱི་སྦྲང་རྩིའི་བཅུད།།
གཅིག་ཏུ་འཁྱིལ་བའི་པད་དཀར་འདབ་སྟོང་ཅན།།
སྐལ་ལྡན་གསེར་སྦྲང་ཁྲི་མ་འབུམ་སྡེ་ལ།།
དམ་ཆོས་སྦྲང་རྩིས་ཚིམ་བྱེད་ཁྱེད་མིན་སུ།།
གང་གིས་བསྐྱངས་པའི་ཆོས་ཀྱི་སྐྱེད་ཚལ་ལས།།
སློབ་ཚོགས་གསེར་སྦྲང་ཁྲི་མ་འབུམ་སྡེ་ཡིས།།
ལུང་རྟོགས་མངར་ལྡན་ཕྱོགས་བརྒྱར་ཁུར་བ་ཡི།།
སྣ་ཚོགས་གཟིགས་མོའི་ངོ་མཚར་ཅིར་ཡང་ངོམ།།
ལྷག་བསམ་སྤྱན་དཀྱུས་བསྟན་པའི་ལང་ཚོ་ལ།།
རྗེས་ཆགས་རིང་དུ་སྐྱོང་བའི་ངོ་མཚར་གཏམ།།
འཛམ་གླིང་མཐའ་གྲུ་ཀུན་ཏུ་ལྷང་ལྷང་ལྡིར།།
གྲགས་པའི་རྒྱལ་མཚན་སྲིད་པའི་རྩེ་མོར་གཡོ།།
བུ་དོན་སྒྲུབ་ལ་མ་ནི་ཟོལ་མེད་འདྲ།།
གཞན་དོན་སྒྲུབ་ལ་ལྷོད་པ་མེད་པ་ཡི།།
སྨོན་ལམ་རླུང་གིས་དྲངས་པའི་བྱང་སེམས་དེ།།
སྙིགས་མའི་འདུལ་འཛིན་ཆེན་པོ་ཁྱེད་ཉིད་ངེས།།
གང་གི་དྲིན་ལས་འཁྱིལ་བའི་བདུད་རྩིའི་མཚོ།།
ནོར་འཛིན་བུ་མོ་ལ་ཡང་ལྕི་གྱུར་ན།།
བདག་གཞན་འགྲོ་བའི་ཁུར་དུ་འཇལ་བ་ནི།།
བྱིས་པའི་བློ་ལས་གཞན་ཞིག་མ་དམིགས་སོ།།
འཁོར་བའི་འདམ་གྱིས་མ་གོས་པ༵དྨ༵་དང་།།
རྨོངས་པའི་དྲ་བ་གཅོད་མཁས་ཤེ༵ས་ར༵བ་སྟེ།།
བླང་དོར་མིག་འབྱེད་དགེ་བའི་བཤེས་གཉེན་ལ།།
ཚེ་རབས་ཀུན་ཏུ་གུས་པས་ཕྱག་འཚལ་ལོ།།
སྡོམ་ཤོར་སྲིན་བྱ་ཧ་ཧ་དགོད་པའི་དུས།།
ཚུལ་ཁྲིམས་ཟླ་འོད་ཉམས་པའི་མུན་གླིང་ལ།།
འདུལ་ཁྲིམས་ཉིན་མོར་བྱེད་པའི་སྡོམ་བརྩོན་ཁྱེད།།
འགྱུར་མེད་སེང་གེའི་ཁྲི་ལ་རྟག་བརྟན་ཤོག །
༢༠༢༠/༩/༡༧