མཁན་ཆེན་ཡོན་ཏན་རྒྱ་མཚོའི་མཛད་རྣམ།

རྩོམ་སྒྲིག་པ།

སྐུ་འཁྲུངས་པའི་མཛད་པ།

དེ་ཡང་མཁན་ཆེན་ཡོན་དགའམ་དགེ་མང་མཁན་རིན་པོ་ཆེ་ཡོན་ཏན་རྒྱ་མཚོ་ནི། ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཞལ་སྔ་ནས།

སྔོན་ཚེ་སྟོན་པའི་ཉེ་གནས་ཀུན་དགའ་བོ།།
གངས་ལྗོངས་མཁས་པ་ལོ་ཆེན་བཻ་རོ་རྗེ།།
སྙིགས་དུས་བསྟན་པའི་ཉི་མ་འགྲོ་བའི་མགོན།།
མཁན་ཆེན་ཡོན་ཏན་རྒྱ་མཚོར་གསོལ་བ་འདེབས།།

ཞེས་བསྔགས་བརྗོད་རྒྱ་ཆེར་གནང་བ་ལ་དཔགས་ན་སྔོན་ཚེ་རྒྱ་གར་འཕགས་པའི་ཡུལ་དུ་སྟོན་པའི་ཉེ་གནས་ཀུན་དགའ་བོ་དང་། བོད་གངས་ཅན་ལྗོངས་སུ་ལོ་ཆེན་བཻ་རོ་ཙ་ནའི་སྐུ་ཕྲེང་དུ་བྱོན་མྱོང་བར་གསལ། མཁན་ཆེན་འདི་ཉིད་རྫོགས་ཆེན་མཁན་པོ་གཞན་དགའ་དང་དུས་མཉམ་པར་[1]དུས་རབས་ ༡༩ པའི་ནང་རྒྱལ་སྲས་གཞན་ཕན་མཐའ་ཡས་དང་འཁྲུངས་ཡུལ་གཅིག་སྟེ་མདོ་ཁམས་བྱང་རྒྱུད་དུ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་དབོན་རིགས་ཨ་དོན་བྷ་ཞེས་པའི་སྲས་སུ་འཁྲུངས།

རབ་ཏུ་བྱུང་བའི་མཛད་པ།

སྐུ་ན་ཆུང་ངུའི་དུས་ནས་ཞི་ཞིང་དུལ་བ་ཐུགས་རྒྱུད་དམ་པའི་ངང་ཚུལ་གསལ་བས་མགོ་ཚྭའི་མཁན་པོ་ཤེས་རབ་ཕུན་ཚོགས་ལས་བསྙེན་པར་རྫོགས་ཤིང་། འདུལ་བ་ལ་རབ་ཏུ་བཙུན་པས་སྡོམ་གསུམ་གྱི་གནང་བཀག་གི་གནས་ཕྲ་མོ་ཙམ་ལ་ཡང་མི་འདའ་བས་འཕགས་པའི་གནས་བརྟན་གྱི་རྣམ་ཐར་བདག་གིར་མཛད།

དགེ་བའི་བཤེས་གཉེན་གཙོ་བོ།

དམ་པ་འདི་ཉིད་དགེ་མང་མ་དགོན་རུ་དམ་རྫོགས་ཆེན་དུ་ཕེབས་ནས་དགེ་བའི་བཤེས་གཉེན་གཙོ་བོ་ཐུན་མོང་མ་ཡིན་པའི་རིགས་བདག་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། ཨོ་རྒྱན་བསྟན་འཛིན་ནོར་བུ། རྒྱལ་སྲས་གཞན་ཕན་མཐའ་ཡས། མཁན་ཆེན་པདྨ་བཛྲ་སོགས་ཀྱི་ཞབས་ལ་བཏུད་དེ། རྒྱུད་ལུང་མན་ངག་གི་གདམས་པའི་གནད་རྣམས་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་མཛད་པས། མདོ་སྔགས་སྤྱི་དང་ལྷག་པར་འོད་གསལ་གསང་བ་སྙིང་ཐིག་གི་རྒྱུད་དོན་ལ་མཁས་ཤིང་དཀའ་གནད་དོགས་གཅོད་དང་བཅས་པའི་ཞལ་ཁྲིད་ཞིབ་རྒྱས་སུ་མནོས་པས་མཁྱེན་རབ་ཀྱི་ཀློང་རྡོལ་ནས་རྒྱུད་དོན་ལ་མཁས་པའི་རྩེ་མོར་སོན།

ཁྱད་པར་དུ་སྐུ་ན་ཆུང་ངུའི་དུས་སུ་དཔལ་སྤྲུལ་རིན་པོ་ཆེ་ཆེད་དམིགས་ཀྱིས་བཞུགས་ཤག་ཏུ་ཕེབས་ནས། བཀའ་མ་ཞི་ཁྲོ་ན་རཀ་དོང་སྤྲུགས་ཀྱི་སྐུ་མཚམས་ལ་བཞུགས་ནས་སྒྱུ་འཕྲུལ་གསང་བ་སྙིང་པོའི་འགྲེལ་པ་གསང་བདག་དགོངས་རྒྱན་དང་། ཕྱོགས་བཅུའི་མུན་སེལ་གཉིས་ཟླ་བ་དྲུག་གི་རིང་དཔེ་ཁྲིད་མཛད་པས་རྒྱུད་དོན་རྣམ་པར་བཤད་པའི་ཤིང་རྟའི་ལམ་སྲོལ་ཆེན་པོ་གཉིས་ཀྱི་བཀའ་བབ་ཏུ་འདུག་ཅེས་བསྟོད་བསྔགས་རྒྱ་ཆེར་གནང་ཞིང་། ཕྱིས་ནས་ཀྱང་རྒྱུད་ཀྱི་བཤད་པ་མ་ཆད་པར་གྱིས་ཞེས་གདམས་པས་ཕྱོགས་བཅུའི་མུན་སེལ་དང་འབྲུ་འགྲེལ་ཡོངས་རྫོགས་ཐུགས་ལ་བཟུང་སྟེ་རྒྱུད་ཀྱི་བཤད་པ་དར་རྒྱས་སུ་བྱུང་བ་འཇམ་མགོན་མི་ཕམ་གྱིས་གསན་ནས། རྒྱུད་དོན་རྣམ་པར་འཆད་པ་ལ་མཁས་མཆོག་ཡོན་ཏན་རྒྱ་མཚོ་ལས་མི་དམིགས་གསུངས་ནས་བསྟོད་བསྔགས་རྒྱ་ཆེར་གནང་ཞིང་། ཕུད་ཀོང་དངུལ་སྤྲས་ཅན་ལྷ་རེག་གི་སྐྱེས་དང་བཅས་པ་གནང་བ་ད་ལྟ་ཡང་གསང་སྙིང་ལྷ་ཁང་དུ་མཇལ་རྒྱུ་ཡོད།

གདན་ས་གཙོ་བོ།

དཔལ་སྤྲུལ་རིན་པོ་ཆེའི་ཞལ་བཀོད་ལྟར་སྐུ་ཚེའི་སྨད་ལ་གདན་སའི་གཙོ་བོ་དགེ་མང་དགོན་དུ་མཛད་ནས། དགེ་འདུན་བརྒྱ་ཕྲག་མང་པོར་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས། གཞུང་ལུགས་སྤྱི་དང་མཛོད་ཆེན་བདུན། ཡོན་ཏན་མཛོད་སོགས་ཀུན་མཁྱེན་གོང་འོག་གི་གསུང་རབ་ཀུན་འཆད་ཁྲིད་ཀྱིས་གཏན་ལ་ཕབ་ནས་བསྟན་རྒྱུན་བསྐྱངས་ཤིང་བསྟན་པའི་གསལ་བྱེད་ཆེན་པོར་གྱུར། དཔལ་སྤྲུལ་གསུང་རྒྱུན་ཅན་གསང་སྙིང་གི་རྒྱུད་བཤད་དང་། ཕྱོགས་བཅུའི་མུན་སེལ་བློ་རྒྱུགས་ཀྱི་སྲོལ་བཙུགས་པས་བར་ཆད་མང་དུ་བྱུང་བར། འཇམ་མགོན་མི་ཕམ་རིན་པོ་ཆེས། དང་པོ་ཞག་བཅུའི་ནང་འཆད་ཁྲིད་ཆ་ཚང་ཞིག་འགྲུབ་པར་མཛོད། དེ་རྗེས་སྐྱོར་སྦྱོང་གི་ཚུལ་དུ་ཞིབ་རྒྱས་གྱིས་གསུངས་པ་བཞིན་མཛད་པས་གེགས་དང་བར་ཆད་ལས་གྲོལ། དེའི་རྒྱུན་ལས་ད་ལྟའི་བར་བོད་དུ་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་དང་། རྒྱ་བལ་དུ་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེ། དགེ་མང་དགོན་དུ་གསང་སྙིང་ཐུགས་ཐོག་ནས་འཆད་པའི་མཁན་ཆེན་དྲུག་བཞུགས་པ་སོགས། ཁམས་རྒྱུད། རྫ་ཆུ་ཁ། སྡེ་དགེ མགོ་ལོག་[2]ཕྱོགས་སུ་འདི་དག་གི་ཉེ་སློབ་ཡང་སློབ་ཀྱིས་གསང་སྙིང་བློ་འཛིན་དང་བཤད་པ་སོགས་ཤིན་ཏུ་དར་རྒྱས་ཆེ་བར་མཛད་པ་སྟེ། གསང་ཆེན་སྙིང་པོའི་རྒྱུད་བཤད་ཉི་འོད་འབུམ་དུ་བརྡལ་བ་དུས་ཀྱི་མཐར་ཡང་ཆེས་ཆེར་གསལ་བར་བཞུགས་པ་ནི་ཡབ་སྲས་འདི་དག་གི་བཀའ་དྲིན་ལས་བྱུང་བར་མངོན་སུམ་དུ་གསལ་བ་འདི་ལྟར་ལགས།

འཁོར་སློབ་ཚོགས་བསྐྱངས་པའི་མཛད་པ།

རྗེ་ཉིད་ཀྱི་ཐུགས་ཀྱི་རྩལ་ལས་འཁྲུངས་པའི་བསྟན་བཅོས་ལ་སྡོམ་གསུམ་རྣམ་ངེས་ཀྱི་མཆན་འགྲེལ་རིག་འཛིན་འཇུག་ངོགས་དང་། ཡོན་ཏན་མཛོད་ཀྱི་འགྲེལ་ཆེན་ཉི་ཟླ་རྣམ་གཉིས་སོགས་མཛད་པས། དེང་གི་དུས་སུ་ཡང་སྔ་འགྱུར་མཐོ་སློབ་འདིས་གཙོས་པའི་དགོན་སྡེ་ཁག་ཏུ་འཆད་ཉན་བྱེད་བཞིན་པ་དང་། དམ་པ་ཁོང་གི་བརྒྱུད་འཛིན་གྱི་སློབ་ཚོགས་ཀྱང་ཆེས་རབ་ཏུ་མང་པོ་བྱུང་། དེ་ཐམས་ཅད་ལས་ཁྱད་པར་དུ་གྱུར་པ་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་ལམ་ཐུབ་དགའ་ཡིད་བཞིན་ནོར་བུ་ནི་རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ་བ་དང་། གཞན་ཡང་འཚམས་སྲས་འཇིགས་མེད་དབང་པོ། རྒྱལ་ཚབ་རིན་པོ་ཆེ་འགྱུར་མེེད་པདྨ་རྣམ་རྒྱལ། མཁན་ཆེན་འཇིགས་མེད་སྒྲ་དབྱངས། རྫོགས་ཆེན་གླིང་དཔོན་རིག་འཛིན་འོད་ཟེར། མཁན་ཆེན་འཇམ་དབྱངས་བསྟན་འཛིན་ཏེ་ཐུགས་སྲས་བུ་ཆེན་རྣམ་ལྔ། བཀའ་བརྒྱུད་ཟུར་མང་དྲུང་པ་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད། བན་ཆེན་སངས་རྒྱས་མཉན་པ་ཀརྨ་བཤད་སྒྲུབ་བསྟན་པའི་ཉི་མ། རྒ་སངས་རྒྱས་མཉན་པ་གོང་མ་དང་ཀླུ་ཤུལ་སྤྲུལ་སྐུ། རྨེ་བ་མཁན་ཆེན་ཚེ་དབང་རིག་འཛིན། མགོ་ལོག་མཁན་རིག་འཛིན་བཟང་པོ་སོགས་རིས་མེད་སྐྱེས་ཆེན་མང་པོ་ཞལ་སློབ་ཏུ་གྱུར་པས་མདོ་སྔགས་བསྟན་པ་རྒྱ་མཚོ་ཉི་མ་ཤར་བ་ལྟར་མཛད་པ་ཡིན་ནོ།།

གཞན་ཡང་ཡུལ་གྱི་མི་སྐྱ་ཕོ་མོ་ཡན་ལ་སྔོན་འགྲོ་དང་། མ་ཎི། ཞིང་སྒྲུབ་སོགས་ཀྱི་དགེ་སྐུལ་གནང་བས། བྱང་རྒྱུད་སྟོད་སྨད་མགོ་ལོག་སོགས་དམུ་རྒོད་ཀྱི་གདུལ་བྱ་ཐམས་ཅད་དམ་པའི་ཆོས་ལ་བཙུད། གདུག་པ་ཅན་གྱི་མི་དང་མི་མིན་སོགས་ཞལ་མཇལ་བ་ཙམ་གྱིས་གདུག་རྩུབ་ཀྱི་ཀུན་སློང་ངན་པ་ཞི་བ་དང་། བྱིན་སྲུང་དང་ཐ་ན་སྐུའི་ཉེར་སྤྱད་ཀྱི་ཆ་ཤས་ཕྲ་མོ་ཙམ་རེས་ཀྱང་རྐྱེན་གེགས་བར་ཆད་ཞི་བ་སོགས་འབྲེལ་ཚད་དོན་ལྡན་གྱི་བདག་ཉིད་ལ་དབང་འབྱོར་བའི་སེམས་དཔའ་ཆེན་པོར་གནས། ཆོས་གོས་རྣམ་གསུམ་དང་འཕྲལ་འཚོའི་ཡོ་བྱད་ཙམ་ལས་ཟང་ཟིང་ལ་བདག་གཉེར་མི་མཛད་པ་བཀའ་གདམས་པའི་གཏད་སོ་བཞི་པོ་མཐར་ཕྱིན་ཏེ་བྱ་བྲལ་གྱི་རྒྱལ་པོར་བཞུགས་ནས་མཛད་པ་མཐའ་རུ་འཁྱོལ་བར་གནང་ངོ་།།

ཁུངས་གཏུག་སའི་ཡིག་ཆ།

༡) སྨྱོ་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེའི་གསུང་འབུམ་རྫོགས་ཆེན་ཆོས་འབྱུང་། ཤིང་པར། དཔེ་རིང་། པོད། ཝཾ། ཤོག་གྲངས། ༣༣༢ ནས་ ༣༣༥ བར།

༢) ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གི་པར་མ། སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ། དེབ་གཟུགས། ཤོག་གྲངས། ༦༢༦ ནས་ ༦༢༨ བར།

༣) W19997 ནང་བསྟན་དཔེ་ཚོགས་ལྟེ་གནས། པེ་ཅིན་པར་མ། དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ། དེབ་གཟུགས། པོད།   ༢ ཤོག་གྲངས། ༢༦༣


[1]  W19997 ནང་བསྟན་དཔེ་ཚོགས། པེ་ཅིན་པར་མ། དཀར་མཛེས་ཁུལ་གྱི་དགོན་སྡེ་སོ་སོའི་ལོ་རྒྱུས་གསལ་བར་བཤད་པ། པོད། ༢ ཤོག་གྲངས། ༢༦༤ པ་ལས། མཁན་ཆེན་གཞན་དགའ་མཁན་ཡོན་ཏན་རྒྱ་མཚོ་ལས་རབ་ཏུ་བྱུང་ཞིང་གཞན་ཕན་ཆོས་ཀྱི་སྣང་བ་ཞེས་མཚན་གསོལ་བར་བཀོད་འདུག་པས། མཁན་ཆེན་ཡོན་ཏན་རྒྱ་མཚོ་འདི་ཉིད་མཁན་ཆེན་གཞན་དགའ་དང་དུས་མཉམ་དུ་བྱོན་པ་ཚོད་དཔག་རོབ་ཙམ་བྱེད་ཐུབ་པ་དང་། P6961 ནང་བསྟན་དཔེ་ཚོགས་ལྟེ་གནས་ནང་། ཁོང་དུས་རབས་ ༡༩ ནང་འཁྲུངས་པར་གསལ།

[2]  སྨྱོ་ཤུལ་མཁན་འཇམ་དབྱངས་རྡོ་རྗེའི་གསུང་རྫོགས་ཆེན་ཆོས་འབྱུང་དུ། འགོ་ལོག་བྲིས་འདུག

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།