རྩོམ་སྒྲིག་པ།
ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ།
ཤེས་རབ་ཅན་གྱི་མཆོག་འཕགས་པ་ཤཱ་རིའི་བུ་ནི། གྲོང་ན་ལ་ད་བྱ་བར་ཡབ་བྲམ་ཟེ་སྐར་རྒྱལ་དང་། ཡུམ་བྲམ་ཟེ་མོ་ཤཱ་རི་ཀའི་སྲས་སུ་འཁྲུངས། མེས་པོས་ཡབ་ཀྱི་མིང་ལས་དྲངས་ཏེ་ཉེ་རྒྱལ་དང་། ཡབ་ཀྱིས་ཡུམ་གྱི་མིང་ལས་དྲངས་ཏེ་ཤཱ་རིའི་བུ་ཞེས་བཏགས། དེ་ནས་བྲམ་ཟེའི་ཁྱེའུ་ཉེ་རྒྱལ་མ་མ་བརྒྱད་ལ་གཏད་དེ། དེ་རྣམས་ཀྱིས་འོ་མ་དང་། ཞོ། མར་གྱི་ཉིང་ཁུ་སོགས་ཀྱིས་སྐྱེད་བསྲིངས། ནར་སོན་པ་ན་ཡི་གེ་དང་གྲངས་དང་རྩིས་སོགས་ལ་སྦྱངས་པ་ཕུལ་དུ་གྱུར། ཡབ་ཀྱིས་མི་ཤེས་པ་ཐམས་ཅད་ཀྱང་ཤེས་པས་རིག་བྱེད་ཀྱི་སློབ་དཔོན་ལྔ་བརྒྱ་ཙམ་བསྟེན་ནས་རིག་བྱེད་ལ་ཤིན་ཏུ་མཁས་པར་གྱུར། ཡབ་དགའ་སྟེ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ཙམ་གཏད་དེ་བྲམ་ཟེའི་གསང་ཚིག་དག་ཀློག་ཏུ་བཅུག དེ་ནས་མ་སྐྱེས་དགྲའི་ཡུལ་གྱི་དུས་སྟོན་ཆེན་པོ་ཞིག་ལ་པང་ལས་སྐྱེས་སམ་མོའུ་གལ་གྱི་བུ་དང་མཇལ་ནས་རབ་ཏུ་བྱུང་བར་ཞལ་འཆམས་ཏེ། མུ་སྟེགས་ཀྱི་སྟོན་པ་དྲུག་གི་སར་ཕྱིན་ཏེ་སྟོན་པ་དང་། ལམ་དང་བརྟུལ་ཞུགས་སོགས་ཀྱི་སྐོར་དྲིས་པས་ལན་ལ་མ་ཚིམས་པར་ཕྱིར་ལོག་དུས་ཡང་དག་རྒྱལ་བ་ཅན་དང་ཐུག་སྟེ་དེས་དྲི་ལན་བཏབ་པ་ལ་དད་དེ་དེའི་མདུན་ནས་ཚངས་པར་སྤྱད་དེ་སློབ་ཚོགས་བསྐྱངས། ཇི་ཞིག་ན་ཡང་དག་རྒྱལ་བ་ཅན་སྙུན་གྱིས་མནར་ཏེ་མྱ་ངན་འདའ་ལ་ཉེ་དུས་སྟོན་པ་ཤཱཀྱ་ཐུབ་པ་སངས་རྒྱས་ཏེ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བས་ཁོང་གི་མདུན་ནས་རབ་ཏུ་བྱུང་ཞིག་ཅེས་ཞལ་ཆེམས་བཞག་པ་དང་། རྒྱལ་པོའི་ཁབ་ཏུ་སོང་བ་ན་འཕགས་པ་རྟ་ཐུལ་མཐོང་བས་དད་དེ། དགེ་སློང་ཁྱེད་ཀྱི་སྟོན་པ་ནི་གང་། ཅིའི་ཕྱིར་རབ་ཏུ་བྱུང་། སུའི་ཆོས་ལ་དགའ་སོགས་དྲིས་པས། ཁོ་བོའི་སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། དེའི་ཕྱིར་རབ་ཏུ་བྱུང་ལ། དེའི་ཆོས་ལ་དགའོ་གསུངས། ལྷག་པར་དད་དེ་ཆོས་གསུང་བར་གསོལ་བ་བཏབ་པས། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་བསྩལ་ཏེ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་གསུངས་པས་ཤཱ་རིའི་བུས་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། བཅོམ་ལྡན་འདས་ཆོས་ཀྱི་སྐུ་མཐོང་ནའང་གཟུགས་ཀྱི་སྐུ་བལྟ་བའི་ཕྱིར་འགྲོའོ་ཞེས་མོའུ་གལ་གྱི་བུ་དང་འགྲོགས་ཏེ་སོང་བ་ལས། བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པ་མཇལ་བས་ལྷག་པར་དད་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། དགེ་སློང་དག་ཚུར་ཤོག་ལ་ཚངས་པ་མཚུངས་པར་སྤྱད་པ་སྤྱོད་ཅིག་ཅེས་གསུངས་པ་ཙམ་གྱིས། སྐྲ་དང་ཁ་སྤུ་རང་བྱི་རུ་སོང་ནས་ཆོས་གོས་གསུམ་གྱོན་ཞིང་ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟ་བུའི་སྤྱོད་ལམ་ཤིན་ཏུ་དུལ་བར་གྱུར་ཏེ་ཚུར་ཤོག་གི་སྒོ་ནས་བསྙེན་པར་རྫོགས་སོ། །དེའི་ཚེ་བར་སྣང་གི་ལྷ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་ཚུར་ཤོག་བཀའ་བསྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་གྱུར། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར། །ཅེས་ཆེད་དུ་བརྗོད་དོ། །དེ་ནས་ཟླ་བ་ཕྱེད་འདས་པ་ན་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་སེན་རིང་ལ་ཆོས་བསྟན་པས་ཆོས་ཀྱི་མིག་ཐོབ་ཅིང་ཚུར་ཤོག་གི་དགེ་སློང་དུ་གྱུར་པའི་ཚེ་ཆོས་དེ་ཐོས་པས་ཤཱ་རིའི་བུས་ཀྱང་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བརྙེས་སོ། །སྐྱེས་སྦྱངས་ཀྱི་ཤེས་རབ་ཁྱད་པར་བ་མངའ་བ་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་ཤེས་རབ་ཅན་གྱི་མཆོག་ཏུ་བསྔགས་པར་མཛད། མཐར་མྱ་ངན་ལས་འདས་པའི་ཚུལ་ནི་འོག་ཏུ་མོའུ་གལ་གྱི་བུའི་རྣམ་ཐར་དུ་ཞུ་བར་བྱའོ།།
རྫུ་འཕྲུལ་ཅན་གྱི་མཆོག་འཕགས་པ་མོའུ་གལ་གྱི་བུ།
རྫུ་འཕྲུལ་ཅན་གྱི་མཆོག་འཕགས་པ་མོའུ་གལ་གྱི་བུ་ནི། གྲོང་ཤིང་ཐགས་ཅན་བྱ་བར་ཡབ་བྲམ་ཟེ་མདུན་ན་འདོན་གྲུ་འཛིན་ཞེས་པའི་སྲས་སུ་འཁྲུངས། ལྷ་པང་དུ་བླངས་ནས་ཐོབ་པས་ན་མཚན་ལ་པང་ལས་སྐྱེས་གསོལ། མོའུ་གལ་གྱི་བུ་ཞེས་ཀྱང་བྱའོ། །དེ་ནས་བྲམ་ཟེའི་ཁྱེའུ་པང་ལས་སྐྱེས་མ་མ་བརྒྱད་ལ་གཏད་ནས། འོ་མ་སོགས་བཅུད་ལྡན་གྱི་བཟའ་བཏུང་མང་པོས་སྐྱེད་བསྲིངས་པར་བྱས། ཆེན་པོར་གྱུར་པ་ན་ཡབ་ལས་གྲངས་དང་། རྩིས། ཀློག་སོགས་སྦྱངས་པ་མཐར་ཕྱིན་པ་བྱས་ཏེ་བྲམ་ཟེའི་རིག་བྱེད་ཀྱི་ཕ་རོལ་ཏུ་སོན་པ་མེ་ལྟ་བུའི་ཤེས་པས་རང་གི་སྨྲ་བ་གསལ་བར་བྱེད་པ་དང་། གཞན་གྱིས་སྨྲས་པ་ཚར་གཅོད་ནུས་པར་གྱུར་ཏོ། །ཡབ་ཀྱིས་ཁྱེའུ་འདི་ནི་བདག་པས་ཀྱང་མཁས་སོ་སྙམ་སྟེ་བྲམ་ཟེའི་ཁྱེའུ་པང་ལས་སྐྱེས་ལ་བྲམ་ཟེའི་ཁྱེའུ་རྣམས་གཏད་དེ་བྲམ་ཟེའི་གསང་ཚིག་དག་ཁ་འདོན་བྱེད་དུ་བཅུག སྐབས་ཤིག་ལ་མ་སྐྱེས་དགྲའི་ཡུལ་གྱི་དུས་སྟོན་ཆེན་པོ་ཞིག་ཚོགས་པ་ལ་ཉེ་རྒྱལ་དང་མཇལ་བས་པང་ལས་སྐྱེས་ཀྱིས་སྨྲས་པ། ཇི་ལྟར་ཁྱོད་ལ་བྲོ་རྡུང་བ་དང་། གླུ་ལེགས་པར་བླངས་པ་རོལ་མོའི་སྒྲ་ལེགས་པར་བསྒྲགས་པ་དག་སྣང་ངམ། ཉེ་རྒྱལ་གྱིས་སྨྲས་པ། གང་གིས་མཐོང་བའམ་ཐོས་པ་ལ་སྣང་ངོ་། །དབང་པོ་ནང་ན་བསྡུས་པ་དག་གིས་མི་མཐོང་བ་ནི་བདེན་ན་ཇི་ལྟར་མ་ཐོས། ཉེ་རྒྱལ་གྱིས། ཤི་ལྤགས་ཤི་བའི་རྒྱུས་པ་དང་། །འཆི་འགྱུར་བཞད་གད་འཇོ་སྒེག་གི །འཆི་བའི་སྐྱེ་བོ་འདུས་པ་ལ། །མཁས་པ་སུ་ཞིག་བག་མེད་བྱེད། །ཅེས་སྨྲས་པས་ཉེ་རྒྱལ་ཡིན་པ་ཤེས་ཏེ་དེ་དང་ལྷན་ཅིག་མུ་སྟེགས་སྟོན་པ་དྲུག་གི་ཡ་གྱལ་ཡང་དག་རྒྱལ་བ་ཅན་ལས་ཚངས་སྤྱོད་ཀྱི་སྡོམ་པ་མནོས། མཐར་ཡང་དག་རྒྱལ་བ་ཅན་གྱི་དགོངས་པ་ལྟར་ཤཱ་རིའི་བུ་དང་ལྷན་ཅིག་འགྲོགས་ཏེ་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་པ་མཇལ་བས་དད་པ་སྐྱེས་ཤིང་། གང་གི་དྲུང་ནས་ཚུར་ཤོག་གི་སྒོ་ནས་ཤཱ་རིའི་བུ་དང་ལྷན་བསྙེན་པར་རྫོགས་ཏེ་དགེ་སློང་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པའི་སྤྱོད་ལམ་ལྟ་བུར་གནས་པར་གྱུར་ཞིང་དགྲ་བཅོམ་པའི་འབྲས་བུའང་བརྙེས་སོ། །རྫུ་འཕྲུལ་ཤིན་ཏུ་ཆེ་བར་བརྟེན་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཅན་གྱི་མཆོག་ཏུ་བསྔགས་པར་མཛད། གང་གི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལནྡ་ཀ་ན་བཞུགས་པའི་ཚེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང་མོའུ་གལ་གྱི་བུ་གཉིས་དུས་དུས་སུ་རིགས་དྲུག་སོ་སོར་འདོང་ངོ་། །དེ་གཉིས་དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོར་སླེབས་པ་དང་། དེ་ན་མུ་སྟེགས་བྱེད་ཀྱི་སྟོན་པ་རྫོགས་བྱེད་མིའི་ཡུལ་དུ་སྡོད་དུས་ཆོས་ལོག་པར་བསྟན་པས། དེའི་རྣམ་སྨིན་གྱིས་ལུས་ཆེན་པོར་གྱུར་ཅིང་ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨོས་པ་མཐོང་བ་དང་། དེས་སྨྲས་པ། གལ་ཏེ་ཁྱེད་གཉིས་འཛམ་བུའི་གླིང་དུ་ཕྱིར་གཤེགས་ན། ངའི་སློབ་མ་དང་རྗེས་འབྲངས་པ་རྣམས་ལ། ངས་ཆོས་ལོག་པར་བསྟན་པས་སྐྱེ་བོ་མང་པོ་བསླུས་ཏེ། ད་ལྟ་ངའི་ལྕེ་ལ་རྨོས་འདེབས་ཤིང་། དེ་རྣམས་ཀྱིས་ཇི་ལྟ་ཇི་ལྟར་ངའི་མཆོད་རྟེན་ལ་ཕྱག་སྐོར་བྱས་པ་དེ་ལྟར་ང་ལ་སྡུག་བསྔལ་ཆེས་མི་བཟོད་པར་འགྱུར་གྱི། ད་ཕྱིན་ཆད་ལམ་ལོག་པ་དེ་ཐོངས་ཤིག་ཅེས་གསུངས་ཤིག་ཞུས། ཤཱ་རིའི་བུ་དང་མོའུ་གལ་གྱི་བུ་གཉིས་ཀྱིས་ཅང་མི་སྨྲ་བར་ཁས་བླངས་སོ། །དེ་གཉིས་སེམས་ཅན་དམྱལ་ཁམས་མནར་མེད་པ་ནས་རྒྱལ་པོའི་ཁབ་ཏུ་ཕྱིར་ཕྱིན་པ་ན་རྫོགས་བྱེད་ཀྱི་སློབ་མ་ཀུན་ཏུ་རྒྱུ་དབྱུག་ཐོགས་སྤྱི་ཕུད་ཅན་དག་བྱུང་ནས་དེ་དག་གིས་མཆོག་ཟུང་གཉིས་ལ་ཀླན་ཀ་བཙལ་ནས་རྡེག་པའི་སླད་དུ་ཐོག་མར་ཤཱ་རིའི་བུ་དང་འཕྲད་ནས་སྨྲས་པ། ཀུན་ཏུ་འཚོ་བ་དག་ལ་དགེ་སྦྱོང་ཡོད་དམ། ཤཱ་རིའི་བུས་ལན་དུ། ཀུན་ཏུ་འཚོ་བ་དག་ལ་དགེ་སྦྱོང་མེད། །ཤཱཀྱ་རྣམས་ཀྱི་ནང་ན་དགེ་སྦྱོང་ཡོད། །དགྲ་བཅོམ་དག་ལ་ཆགས་ལྡན་མེད། །བུས་པ་སོ་སོའི་སྐྱེ་བོའང་མེད། །ཅེས་གསུངས་པ་དེ་དག་གི་དོན་མ་གོ་ནས་འདིས་བདག་ཅག་གི་རིང་ལུགས་ལ་བསྔགས་པ་བརྗོད་དོ་ཟེར་ནས་བཏང་ངོ་། །དེ་ནས་མོའུ་གལ་གྱི་བུ་རྗེས་སུ་འབྲངས་ཏེ་འོང་བ་ལ། དེ་དག་གིས་སྔར་བཞིན་དྲིས་པར་མོའུ་གལ་གྱི་བུས། ཤེས་ལྡན་དག ཀུན་ཏུ་འཚོ་བ་དག་ལ་དགེ་སྦྱོང་ག་ལ་ཡོད། བཅོམ་ལྡན་འདས་ཀྱིས། འདི་ལ་དགེ་སྦྱོང་དང་པོ་ནས་བཞི་པའི་བར་ཡོད་ཀྱི། འདི་ལས་ཕྱི་རོལ་དུ་གྱུར་པ་ལ་ནི། དགེ་སྦྱོང་དང་། བྲམ་ཟེ་མེད་དེ། ཕ་རོལ་དུ་སྨྲ་བ་རྣམས་ལ་ནི། དགེ་སྦྱོང་དང་བྲམ་ཟེས་སྟོང་ངོ་། །ཞེས་སོགས་དང་། ཁྱེད་ཅག་གི་སྟོན་པ་རྫོགས་བྱེད་ཆོས་ལོག་པར་བསྟན་པའི་རྣམ་སྨིན་གྱིས་དམྱལ་བ་ན་སྡུག་བསྔལ་ཆེན་པོ་མྱོང་བཞིན་འདུག་ན། ཁྱེད་ཅག་ནས་ཅིས་ཀྱང་ལམ་ངན་པ་དེ་ལས་ལྡོག་པར་གྱིས་ཤིག ཅེས་དྲང་པོར་སྨྲས་པས། དེ་དག་རབ་ཏུ་ཁྲོས་ཏེ་འདིས་བདག་ཅག་དང་བདག་ཅག་གི་སྟོན་པ་ལ་ངན་སྨྲས་ཚབས་ཆེན་འདི་འདྲ་བྱས་ན་ཅིས་ཀྱང་བརྡེག་པར་བྱའོ་ཞེས་མོའུ་གལ་གྱི་བུའི་ཡན་ལག་དང་ཉིང་ལག་རྣམས་འདམ་བུ་བཞིན་དུ་བཅོམ་མོ། །དེ་ཤཱ་རིའི་བུས་མཐོང་བས་རྫུ་འཕྲུལ་ཅི་ལ་མ་བསྟན་དྲིས་པས། ལས་ལ་ཐུག་དུས་རྫུ་ཞེས་པ་ཡང་མི་དྲན་ན་འཕྲུལ་ལྟ་ཅི་སྨོས་ཟེར། དེ་ནས་ཤཱ་རིའི་བུས་མོའུ་གལ་བུ་བླ་གོས་ནང་བཏུམས་ཏེ་གཙུག་ལག་ཁང་དུ་ཁྱེར། དགེ་སློང་རྣམས་ཀྱིས་དྲི་བ་དྲིས་པར་ལན་ཇི་བཞིན་བཤད། མཐར་ཚེ་དང་ལྡན་པ་མོའུ་གལ་གྱི་བུ་མྱ་ངན་ལས་འདའ་ལ་ཉེ་དུས་ཤཱ་རིའི་བུས་མོའུ་གལ་བུ་མྱ་ངན་ལས་འདས་ན་བདག་ཅི་སྟེ་འདུག དེ་བས་བདག་སྔོན་ལ་མྱ་ངན་འདའ་བར་བྱའོ་སྙམ་སྟེ་གྲོང་ན་ལ་ད་ནར་ཕྱིན་ཏེ་དེར་ཡོངས་སུ་མྱ་ངན་ལས་འདས་པ་དང་། དེའི་ཚེ་དགེ་སློང་ཕལ་ཆེར་དབང་དང་ལྡན་པ་ཤ་སྟག་བརྒྱད་ཁྲི་ཡོངས་སུ་མྱ་ངན་ལས་འདས་སོ། །དེ་ནས་ཚེ་དང་ལྡན་པ་མོའུ་གལ་གྱི་བུ་ཡང་གྲོང་ཁྱེར་ཤིང་ཐག་ཅན་དུ་སོང་ནས་དེའི་ཕྱི་དྲོར་ཡོངས་སུ་མྱ་ངན་ལས་འདས་སོ། །དུས་དེའི་ཚེ་ཡང་ཕལ་ཆེར་དབང་དང་ལྡན་པའི་དགེ་སློང་བདུན་ཁྲི་བདུན་སྟོང་ཙམ་མྱ་ངན་ལས་འདས་སོ།།
ཁུངས་གཏུག་སའི་ཡིག་ཆ།
༡. སྔ་འགྱུར་སྡོམ་རྒྱུན་མཁན་བརྒྱུད་ཀྱི་རྣམ་ཐར་ཉུང་གསལ་སྒྲོན་མེ།
༢. སྔ་འགྱུར་རྫོགས་ཆེན་ཆོས་འབྱུང་ཆེན་མོ།
༣. རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས།
༤. (Bulletin of Tibetology) བོད་རིག་པའི་གཞུང་འབྲེལ་གསར་འཕྲིན།
༥. སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བསྙེན་རྫོགས་སྡོམ་རྒྱུན་མཁན་པོ་རིམ་བྱུང་གི་བླ་བརྒྱུད་རྣམ་ཐར་ཛམྦུའི་གསེར་གྱི་མཆོད་སྡོང་།