མཐའ་བྲལ་དབུ་མའི་གནད་གསང་ཤིན་ཏུ་གསལ་བར་བརྗོད་པ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་མ་བཅོས་སྐྱེ་མེད་སྒྲོག་པའི་དྷཱི་སྒྲ།

ལོ་རིམ་གསུམ་པའི་སློབ་གཉེར་བ། སྤྲུལ་སྐུ་པདྨ་ཚེ་མཆོག་རྡོ་རྗེ།

བདེན་གཉིས་དབྱེར་མེད་ནམ་མཁའི་ངོ་བོར་ཤིན་ཏུ་ཡངས་པས་ཆོས་ཀུན་དམིགས་མེད་རོ་གཅིག་གནས།།
མཁྱེན་གཉིས་ཡེ་ཤེས་ཉི་ཟླའི་སྣང་བ་རྣམ་པར་གསལ་བས་མུན་པའི་སྨག་རུམ་གཏན་དུ་བཅོམ།།
སྒྲིབ་གཉིས་མ་རིག་རྨོངས་པའི་སྤྲིན་འཁྲིགས་འགྲོ་བ་འཆིང་བས་སྙིང་རྗེའི་རང་མདངས་འགག་མེད་འཆར།།
གསལ་སྟོང་ཟུང་འཇུག་ཐུགས་རྗེ་ཀུན་ཁྱབ་མཉམ་པ་ཉིད་གྱུར་དུས་གསུམ་རྒྱལ་བའི་ཡུམ་ལ་བསྟོད།།

སྐྱེས་བུ་འདི་ཀུན་ཆགས་དང་སྡང་བས་ངན་སོང་སྒོ་མོར་ངང་གིས་འཚང་བའི་ཚུལ་གཟིགས་ནས།།
འཇམ་དཔལ་དབྱངས་དེ་ཐུགས་བརྩེས་རབ་བརླན་མངོན་པར་དགའ་ནས་སླར་ཡང་སྲིད་པའི་ཚུལ་བཟུང་སྟེ།།
བདག་ལྟའི་རི་སུལ་གཏན་ཚིགས་འཁོར་ལོས་རྣམ་པར་འཇོམས་མཛད་དྷཱརྨ་ཀིརྟི་གཉིས་པར་གྲགས།།
དྷཱི་མིང་ཅན་དེ་དྷཱི་སྒྲ་སྒྲོག་ཅིང་ཐུགས་ཀའི་དྷཱི་ལས་དམར་སེར་འོད་ཕུང་འཕྲོ་ལ་འདུད།།

སྙིགས་མའི་དུས་འདིར་བདག་བསྟོད་གཞན་དམོད་ལས་ལ་འགོར་ནས་ལེགས་བཤད་མ་ལུས་ཐལ་བར་བསྐྱུར།།
གཞུང་བཟང་མ་བསླབས་རྟོག་བཟོའི་རི་མོ་ཕྱོགས་མཐར་བཀོད་ནས་འགྲོ་བ་མ་ལུས་ཕུང་ལ་སྦྱོར།།
ཟབ་མོའི་གསུང་གི་བདུད་རྩིའི་ཐིགས་པ་འབྲུ་གཅིག་ཉམས་ཀྱང་ཐུབ་པའི་བསྟན་ལ་རྨ་ཁ་འབྱིན།།
དེ་ཕྱིར་བདག་ལ་བློ་གྲོས་དབེན་ཡང་དབུ་མའི་གནད་གསང་འཇམ་དབྱངས་བླ་མའི་དྲིན་གྱིས་འབྱེད།།

དེ་ལ་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དེས་གདུལ་བྱ་རང་རང་གི་ཁམས་དབང་བསམ་པ་དང་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་གང་ལ་གང་འདུལ་གྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བདག་ཉིད་ཅན་དུ་གསུངས་ཤིང་། དེ་དག་གི་ནང་ནས་ཀྱང་ཆེས་རྨད་དུ་བྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཚུལ་འདི་ཡིན་པས། མགོན་པོ་ཀླུ་སྒྲུབ་ཀྱིས་བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ན། །ལས་དང་འབྲས་བུ་སྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་པ་དང་། ཚུལ་འདི་ལྟ་བུ་ནི་བཅོམ་ལྡན་འདས་ཀྱི་གཞན་ན་མེད་པའི་ཐུན་མོང་མིན་པའི་གསུང་སྟེ། མི་ཕམ་བླ་མའི་མཁས་འཇུག་ལས། ཚུལ་འདི་ལྟ་བུར་སྨྲ་བ་ནི་སངས་རྒྱས་ཀྱི་གསུང་ཐུན་མོང་མིན་པའི་རང་ལུགས་སོ། །ཞེས་དང་། མཁས་འཇུག་སྡོམ་བྱང་ལས། དེ་ཕྱིར་དུས་གསུམ་རྟོགས་ལ་མི་རྨོངས་བཞིན། །འཕགས་ལམ་བརྒྱད་ལྡན་ཆོས་དང་ཤེས་བྱ་ཀུན། །ཡང་དག་གཟིགས་པ་སངས་རྒྱས་ཆོས་ཀྱི་སྐུ། །རྟེན་ཅིང་འབྲེལ་འབྱུང་མཐོང་བ་དེས་མཐོང་ངོ་། །ཞེས་གསུངས་པ་འདི་དག་མདོར་ན་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་ཀྱང་། དགེ་སློང་དག་སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་། །ཞེས་པ་ལ་སོགས་པ་མདོ་རྒྱུད་བསྟན་བཅོས་ཀུན་ནས་གསུངས་པ་བཞིན་རང་རེ་ཐོས་བསམ་པ་དག་གིས་དོན་དུ་གཉེར་བྱའི་དོན་གཙོ་བོ་དེ་གང་ཡིན་ངེས་པར་དུ་བརྡ་འཕྲོད་དགོས་པ་གལ་ཆེའོ། །དེའི་ཕྱིར་ཤིན་ཏུ་རྟོགས་པར་དཀའ་བའི་གནད་འདི་ལྟ་བུ་ལ་ས་ཐོབ་ཀྱི་སེམས་དཔའ་དག་ཀྱང་འཇུག་ལྡང་གིས་རྩལ་སྦྱངས་ནས་རིམ་གྱིས་མཉམ་པ་ཉིད་ཀྱི་དོན་ལ་འཇུག་དགོས་ན། བླུན་པོ་བདག་འདྲ་འཁོར་བའི་སེམས་ཅན་ཞིག་གིས་ཇི་ལྟར་བརྗོད་པར་ནུས། འོན་ཀྱང་རང་ཅག་སྔ་འགྱུར་བ་རྣམས་ཀྱི་ཐུན་མིན་གྱི་ལྷ་སྐལ་གཅིག་པུར་གྱུར་པ། རྗེ་བཙུན་བརྟན་པའི་འཁོར་ལོ་མི་ཡི་རྣམ་རོལ་དུ་བྱོན་པ། ངེས་པ་དོན་གྱི་པཎྜི་ཏ་ཆེན་པོ་འཇམ་མགོན་མི་ཕམ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོ་མཆོག་གི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་དག་ལས་ལེགས་པར་བཏུས་ནས། རང་དང་རང་འདྲ་བའི་བློ་གསར་རྣམས་ལ་དཔྱད་གཞི་ཞིག་ཅིས་ཀྱང་འོང་སྙམ་པའི་ཀུན་སློང་ཞིག་གིས་ཟབ་མོ་དབུ་མའི་ཕྱོགས་ཀྱི་དཀའ་གནད་རྣམས་འདིར་གཅིག་ཏུ་དགོད་པར་བྱ་བ་ལ་འོས་པ་ཉིད་དུ་བསམས་ནས་ངལ་བའི་ཁུར་འདི་ཙམ་ཞིག་དང་དུ་བླངས་པའོ།།
དེ་ལེགས་པར་བཤད་པ་ལ་ས་བཅད་ཀྱི་དབང་དུ་བཏང་ན། མཐའ་བྲལ་དབུ་མ་ཆེན་པོ་ངོས་བཟུང་བ། དེ་གཏན་ལ་འབེབས་ཚུལ་རྒྱས་པར་བཤད་པ། མཐར་མཇུག་བསྡུ་བ་དང་གསུམ་མོ།།

དང་པོ་མཐའ་བྲལ་དབུ་མ་ཆེན་པོ་ངོས་བཟུང་བ་ལ།

གཞན་གྱི་འདོད་པ་བརྗོད་པ། དེ་མི་འཐད་པར་བསྟན་པ། རང་ལུགས་ཀུན་མཁྱེན་བླ་མའི་བཞེད་པ་འགོད་པ། དེ་ལ་དོགས་པ་སེལ་བ་བཅས་བཞི་ལས།
དང་པོ་ནི། དེ་ལ་ཁ་ཅིག་ན་རེ། དབུ་མ་ཞེས་པ་ནི་སྤྲོས་མཐའ་བརྒྱད་དང་བྲལ་བའི་ཟབ་མོ་སྟོང་པ་ཉིད་ལ་བྱ་ཡི། དེ་ལས་གཞན་པའི་ཀུན་རྫོབ་ཀྱི་ཆོས་བདེན་གཉིས་ཟུང་འཇུག་ལ་སོགས་པ་རྣམས་ནི་དབུ་མ་མ་ཡིན་ནོ་ཟེར་ཞིང་། དབུ་མ་དེ་བདེན་གྲུབ་བཀག་ཙམ་གྱི་སྟོང་པ་ཕྱང་ཆད་ལ་འདོད་བཞིན་དུ། དེ་ལ་སྤྲོས་མཐའ་བརྒྱད་བྲལ་ཞེས་ཚིག་ཙམ་ཞིག་སྦྱོར་ཤེས་ནས་སྨྲ་བར་བྱེད་དོ།།
ཡང་རང་ལུགས་འཛིན་པ་ཁ་ཅིག་ན་རེ། དབུ་མའི་མཚན་ཉིད་ནི་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བའོ། །ཞེས་དང་། གཞི་གྲུབ་ན་གཞི་དབུ་མ་ཡིན་པས་ཁྱབ་སྟེ། གཞི་གྲུབ་ན་རྟག་ཆད་ཀྱི་མཐའ་གཉིས་དང་བྲལ་བ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གཞི་གྲུབ་ཚད་དབུ་མ་ཡིན་ཟེར་རོ།།
གཉིས་པ་དེ་མི་འཐད་པར་བསྟན་པ་ནི། ཕྱོགས་དང་པོ་ལྟར་ན་སྣང་བ་དང་བྲལ་བའི་དོན་དམ་བདེན་པ་སྟོང་རྐྱང་ལ་ངོས་བཟུང་ཞིང་། དེ་ལ་སྤྲོས་མཐའ་བརྒྱད་བྲལ་གྱི་ཚིག་ཙམ་ཞིག་སྦྱོར་བར་ཟད་ཀྱང་དོན་ལ་དབུ་མའི་དོན་ཕྱོགས་ཙམ་ཡང་མ་རྟོགས་པ་སྟེ། དམ་ཆོས་དོགས་སེལ་ལས། གཞི་ལམ་འབྲས་གསུམ་རེ་རེ་ནས་དབུ་མ་མིན་པར་སྨྲ་བ་ནི་རྣམ་པར་འཁྱམས་ཏེ། ཞེས་གསུངས་ཤིང་བདེན་གཉིས་ཟུང་འཇུག་ལ་མ་དག་པའི་སྣང་བའི་ཆོས་རྣམས་དང་དེ་བཅད་པའི་སྟོང་པ་ཕྱང་ཆད་གཉིས་སྐུད་པ་དཀར་ནག་གཉིས་སྦྲེལ་བ་ལྟ་བུ་ལ་གོ་ནས། གཞི་དབུ་མ་བདེན་གཉིས་ཟུང་འཇུག་དང་། ལམ་དབུ་མ་ཚོགས་གཉིས་ཟུང་འཇུག འབྲས་བུ་དབུ་མ་སྐུ་གཉིས་ཟུང་འཇུག་གསུམ་རེ་རེ་ནས་དབུ་མ་མིན་ཏེ་ཀུན་རྫོབ་ཡིན་པའི་ཕྱིར་རོ་ཟེར་བ་ལ་ལྟོས་དང་དབུ་མའི་གོ་བ་ལོན་པར་འདུག་གོ་ཞེས་དགག་པར་བྱ་བའི་ཕྱིར། དམ་ཆོས་དོགས་སེལ་ལས། ཟུང་འཇུག་འདུས་བྱས་སུ་གོ་ནས། དབུ་མ་དོན་དམ་བདེན་པ་སྟོང་རྐྱང་ལ་ངོས་བཟུང་ཞིང་། ཟུང་འཇུག་ཞེས་པ་སྣང་སྟོང་གཉིས་ཚོགས་སྲད་བུ་བསྒྲིལ་བ་ལྟ་བུ་ལ་བསམས་ནས་རང་མཚངས་བསྟན་པར་ཟད་དེ། དེ་ལྟར་ན་བདེན་གཉིས་དབྱེར་མེད་དོན་དམ་བདེན་པ་མཐར་ཐུག་མིན་པར་སླར་ཀུན་རྫོབ་ཏུ་འགྱུར་བའི་གོ་བ་ལ་ལྟོས་དང་དབུ་མ་ཤེས་པར་འདུག་གོ །ཞེས་གསུངས་པ་དང་། གཞན་ཡང་ཁྱེད་རང་གི་སྤྲོས་མཐའ་བརྒྱད་བྲལ་གྱི་སྟོང་ཉིད་ཆོས་ཅན་དབུ་མ་མ་ཡིན་པར་ཐལ། ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་ཏེ། དབུ་མ་རྒྱན་རང་འགྲེལ་ལས། སྐྱེ་བ་མེད་པ་ལ་སོགས་པ་ཡང་དག་པའི་ཀུན་རྫོབ་ཀྱི་ཁོངས་སུ་གཏོགས་པ་ཡིན་དུ་ཟིན་ཀྱང་། ཞེས་གསུངས་པ་ལྟར་མགོ་སྙོམས་སུ་སྦྱར་ནས་སུན་འབྱིན་པར་བྱེད་པ་འདི་འོས་པ་ཉིད་དོ།།
ཕྱོགས་གཉིས་པ་ལྟར་ན། མི་ཕམ་བླ་མའི་གཞུང་ལ་རྒྱུས་ལོན་ཙམ་ཡང་མེད་པར་དབུ་མའི་མཚན་ཉིད་གཅིག་གསར་བཟོ་བྱས་ནས། གཞི་གྲུབ་ཚད་དབུ་མ་ཡིན་ཟེར་བ་ནི་གྱི་ན་སྟེ།
སྔ་འགྱུར་ཀུན་མཁྱེན་ཡབ་སྲས་དག་གི་རྗེས་འཇུག་ཡིན་ན་དེ་ལྟར་སྨྲ་བར་མི་རིགས་ཏེ། དེ་དག་གི་ལུང་དུ་མ་དང་འགལ་བའི་ཕྱིར་ས་བཅད་འོག་མར་དགོད་པར་བྱའོ། །གཞན་ཡང་མི་ཕམ་པས་ཤེར་འགྲེལ་ནོར་བུ་ཀེ་ཏ་ཀ་ལས། ཟབ་མོ་ཐེག་མཆོག་དབུ་མའི་ལམ་བཟང་ཉིད། །རྒྱལ་བའི་མཐུ་དང་རང་གི་སྔོན་གོམས་ལས། །གཞན་དུ་བློ་ཆེན་བརྩོན་མཆོག་རྣམས་ཀྱིས་ཀྱང་། །རྟོགས་པར་དཀའ་ན་བདག་ལྟ་སྨོས་ཅི་དགོས། །ཞེས་དབུ་མ་ནི་ཤིན་ཏུ་རྟོགས་པར་དཀའ་བར་གསུངས་ན་ཁྱེད་ཀྱི་ལུགས་ལ་དེ་ཡང་མི་འཐད་དེ་གཞི་གྲུབ་ཚད་དབུ་མ་ཡིན་པའི་ཕྱིར་རོ། །དབུ་མ་ཤེས་པ་ལ་ནང་པ་སངས་རྒྱས་པའི་ཆོས་སྒོར་ཡང་ཞུགས་མི་དགོས་པར་ཐལ་བ་དང་། དབུ་མ་མི་ཤེས་པའི་སེམས་ཅན་གཅིག་ཀྱང་མེད་པར་ཐལ་བའི་ཕྱིར་རོ། །དེ་དབུ་མ་ཡིན་ན། དེ་རྟོགས་ན་དབུ་མ་རྟོགས་མི་དགོས་ཏེ། བུམ་པ་བདག་མེད་ཡིན་བཞིན་དུ་དེ་རྟོགས་ན་བདག་མེད་རྟོགས་མི་དགོས་པའི་ཕྱིར་རོ། །ཞེས་རྒོལ་བ་ནི་རྟོག་གེའི་རིགས་པ་ལ་གོམས་འདྲིས་ཆེར་སོང་བ་སྟེ། དེ་དང་ག་ལ་འདྲ་སྟེ་གྲུབ་མཐའ་སུ་ཡི་ལུགས་ལའང་གཞི་དེ་བདག་མེད་ཡིན་ན་བདག་མེད་ཡིན་པར་རྟོགས་དགོས་པའི་ཕྱིར་རོ། །རང་སྡེ་དངོས་སྨྲ་བའི་ལུགས་ལ་བུམ་པ་དབུ་མ་ཡིན་ན་བུམ་པ་དབུ་མར་རྟོགས་དགོས་པའི་ཕྱིར། རྟོགས་སོ་ཟེར་ན་རང་སྡེ་ནང་པ་སངས་རྒྱས་པའི་གྲུབ་མཐའ་བཞི་ཀ་དབུ་མ་པ་ཡིན་པར་ཐལ། དབུ་མ་རྟོགས་པའི་ཕྱིར་རོ། །ཁྱབ་པ་མེད་ན་དབུ་མ་པ་ལ་དབུ་མ་པ་ཟེར་དགོས་པའི་རྒྱུ་མཚན་གཞན་ཞིག་སྨྲ་དགོས་ན་ངལ་བ་ཙམ་དུ་ཟད་དེ། དབུ་མ་པ་ཡིན་ན་དབུ་མའི་ལྟ་བ་གཏན་ལ་འབེབས་དགོས་པ་ལས་དེ་དངོས་སྨྲ་བ་ལ་མེད་པའི་ཕྱིར་རོ། །དེས་ན་དབུ་མ་པ་ལ་དབུ་མ་པ་ཟེར་དགོས་པའི་རྒྱུ་མཚན་གཙོ་བོ་དེའང་གཞི་གྲུབ་ཚད་དབུ་མ་མ་ཡིན་པའི་འགག་འདི་ལ་ཐུག་ཡོད་པས་བསམ་མནོ་ཐོངས་ཤིག་གོ །གཞན་ཡང་མི་ཕམ་པས་ངེས་ཤེས་སྒྲོན་མེ་ལས། སྤྲོས་བྲལ་དབུ་མ་ཆེན་པོ་དང་། །འོད་གསལ་རྫོགས་པ་ཆེན་པོ་གཉིས། །དོན་གཅིག་མིང་གི་རྣམ་གྲངས་ཏེ། །དེ་ལས་ལྷག་པའི་ལྟ་བ་མེད། །ཅེས་དབུ་མ་ནི་ངོ་བོ་སྟོང་པའི་ལྡོག་ཆ་ནས་རྫོགས་པ་ཆེན་པོ་དང་དོན་གཅིག་ཏུ་གསུངས་ན་ཁྱེད་རང་གི་ལུགས་ལ་གཞི་གྲུབ་ན་རྫོགས་ཆེན་ཡིན་པས་ཁྱབ་ཅེས་འདོད་རིགས་ལ། གཞི་གྲུབ་ན་དབུ་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །དེ་ལྟར་སྔ་འགྱུར་རིང་ལུགས་འཛིན་པ་དག་གིས་མ་དག་ཚུ་རོལ་པའི་ངོར་སྣང་བའི་གློ་བུར་གྱི་དྲི་མ་ཡོད་ཚད་ལ་དབུ་མ་ཞེས་མི་སྨྲ་བར་ཞུ།
གསུམ་པ་རང་ལུགས་ཀུན་མཁྱེན་བླ་མའི་བཞེད་པ་འགོད་པ་ནི། རང་ལུགས་ལ་དབུ་མ་ནི་ཤིན་ཏུ་སྤྲོས་པ་དང་བྲལ་བའི་ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་གནས། ཟབ་ཅིང་རྒྱ་ཆེ་བའི་ཆོས་ཚུལ་བསམ་གྱིས་མི་ཁྱབ་པ། སྒྲ་རྟོག་གི་ཡུལ་ལས་འདས་ཤིང་བདེན་པ་གཉིས་ཀྱི་གནས་ལུགས་མཐར་ཐུག་པ་ཡིན་ཏེ། མི་ཕམ་པའི་ངེས་ཤེས་སྒྲོན་མེ་ལས། དེས་ན་ཀུན་མཁྱེན་བཞེད་པ་བཞིན། །རང་ལུགས་འདི་ལྟར་ཤེས་པར་བྱ། །དབུ་མ་མཚན་ཉིད་པ་ཡིན་ན། །ཟུང་འཇུག་དབུ་མ་ཆེན་པོའམ། །སྤྲོས་བྲལ་དབུ་མ་ཡིན་དགོས་ཏེ། །ཞེས་གསུངས་ཤིང་དབུ་མ་བདེན་གཉིས་ཟུང་འཇུག་རྣམ་གྲངས་མིན་པའི་དོན་དམ་བདེན་པ་ཉིད་ལ་གོ་དགོས་སོ། །དེ་ལ་དབུ་མ་ཆེན་པོ་ཞེས་པའམ། རྟག་པ་ཆེན་པོ། འདུས་མ་བྱས་ཆེན་པོ། བདག་ཆེན་པོ། བདེན་གྲུབ་ཆེན་པོ། རབ་ཏུ་མི་གནས་པའི་དབུ་མ། སྣང་སྟོང་ཟུང་འཇུག སྣང་སྟོང་དབྱེར་མེད། བདེན་གཉིས་དབྱེར་མེད། ཟུང་འཇུག་དབུ་མ། དབུ་མ་དངོས། དབུ་མ་མཚན་ཉིད་པ། མཉམ་གཞག་གི་དབུ་མ། འབྲས་བུའི་དབུ་མ་ལ་སོགས་པ་གཞུང་རྣམས་སུ་བརྡ་སྦྱར་དགོས་དོན་ནི། གཞན་དུ་བདེན་སྟོང་མེད་དགག་ཙམ་ལ་དབུ་མའི་སྒྲ་སྦྱར་བའི་སྐབས་ཡོད་པས་དེ་དང་མི་ནོར་བའི་ཆེད་དུ་ཡིན་ནོ། །དེ་ལ་དབུ་མ་ཆུང་ངུའམ། ཀུན་རྫོབ་བདེན་པའི་ཟླར་གྱུར་པའི་དོན་དམ་བདེན་པ། དབུ་མ་བཏགས་པ་བ། རྗེས་ཐོབ་ཀྱི་དབུ་མ། རྒྱུ་ཡི་དབུ་མ་ལ་སོགས་པའི་བརྡ་འདོགས་པར་ཤེས་པར་བྱའོ། །དེ་ཡང་། མི་ཕམ་པས་ངེས་ཤེས་སྒྲོན་མེ་ལས། དེ་ཕྱིར་དབུ་མ་ཞེས་པ་ཡང་། །བདེན་གཉིས་སོ་སོར་དཔྱོད་པ་ཡི། །ཤེས་རབ་ལམ་གྱི་དབུ་མ་དང་། །དེས་དྲངས་བདེན་གཉིས་རོ་གཅིག་པའི། །ཟུང་འཇུག་འབྲས་བུའི་དབུ་མ་གཉིས། །རྒྱུ་འབྲས་མདོ་སྔགས་ལྟ་བ་སྟེ། །སྔ་མ་ཤེས་རབ་ཆ་ཡིན་ལ། །ཕྱི་མ་ཡེ་ཤེས་ཁོ་ན་ཡིན། །དེ་ཕྱིར་ཕྱི་མ་དེ་ལ་ནི། །ཆེན་པོའི་སྒྲ་ཡིས་ཁྱད་པར་བསྔགས། །ཞེས་གསུངས་པ་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་ཞལ་སྔ་ནས་ཀྱང་། ཡིད་བཞིན་རིན་པོ་ཆེའི་མཛོད་འགྲེལ་པདྨ་དཀར་པོ་ལས། དབུ་མ་ནི་ཤིན་ཏུ་སྤྲོས་པ་དང་བྲལ་བའི་འཕགས་པ་གསུམ་གྱི་མཉམ་གཞག་གི་གནས་སྐབས་ལྟ་བུ་ཡིན་པས། ཞེས་དང་། རབ་ཏུ་མི་དམིགས་པ་དེ་ཁོ་ན་ཉིད་ཀྱི་དབུ་མ་ལས་གཞན་དུ་རྣམ་པར་བཞག་གོ །ཞེས་པ་ལ་སོགས་པ་གསུངས་པ་དང་། གཞན་ཡང་གཞི་དབུ་མ་དབུ་མ་མཚན་ཉིད་པ་ཡིན་པར་ཡང་། དམ་ཆོས་དོགས་སེལ་ལས། ཡང་ཁ་ཅིག་གཞི་དབུ་མ་དབུ་མ་མཚན་ཉིད་པར་བཞེད་པ་ཡང་དོན་གྱིས་ཐོབ་ཀྱང་། ཞེས་གསུངས་པའི་མི་ཕམ་ཆོས་རྗེའི་དགོངས་དོན་དེ་དག་བོད་སྤྲུལ་ཐམས་ཅད་མཁྱེན་པས་ལྟ་གྲུབ་ཤན་འབྱེད་དུ་གསལ་བར་གསུངས་འདུག་པས་ཡི་གེ་མང་བར་དོགས་ནས་འདིར་མ་དྲངས་པས་དེར་ལྟ་བར་འཚལ།  དེ་དག་གི་དོན་ནི་དཔལ་རོང་ཟོམ་ཆེན་པོའི་དགོངས་པའང་ཡིན་ཏེ། དེ་ཉིད་ཀྱིས་མཛད་པའི་གྲུབ་མཐའི་བརྗེད་བྱང་ལས། དབུ་མ་ཞེས་བྱ་བ་ནི། མུ་སྟེགས་ཀྱི་རྟག་ཆད་དང་། ཡོད་མེད་དུ་སྨྲ་བའི་སྒྲོ་སྐུར་གྱི་མཐའ་ཐམས་ཅད་སུན་འབྱིན་ཅིང་། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་སུ་མེད་པའི་ཆོས། མི་གནས་པའི་མྱ་ངན་ལས་འདས་པའི་ལམ། ཐེག་པ་ཆེན་པོའི་དོན་སྟོན་པར་བྱེད་པས་དབུ་མ་ཞེས་བྱའོ། །ཞེས་གསུངས་པ་དག་ནི་དོན་ལ་གནས་ཤིང་། མདོ་ལས་ཀྱང་། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ། །དེ་ཕྱིར་གཉིས་ཀའི་མཐའ་ནི་རབ་སྤངས་ནས། །མཁས་པས་དབུས་ལ་གནས་པའང་ཡོང་མི་བྱེད། །ཅེས་གསུངས་པས་དབུ་མ་ནི་མཐའ་བྲལ་ཡིན་པས་བརྗོད་དུ་མེད་པའི་ཆོས་ཉིད་ལ་བྱའོ། །ད་ནི་འདི་ཙམ་གྱིས་དབུ་མའི་དོན་ལ་ངེས་པ་རྙེད་དགོས་ཤིང་། དེ་མ་གཏོགས་རིགས་པ་ལྟར་སྣང་འབའ་ཞིག་གིས་ངལ་བའི་ཁུར་ཇི་ཙམ་བླངས་ཀྱང་གནད་ཟིན་དཀའོ།།
བཞི་པ་དེ་ལ་དོགས་སེལ་བྱ་བ་ནི། སྤྱིར་མཐའ་དཔྱོད་དགོས་པ་མང་དུ་སྣང་ཡང་གལ་ཆེ་ཤོས་ནི་བདེན་གཉིས་ཟུང་འཇུག་ཅེས་པ་འདི་གོ་དཀའ་བར་བྱུང་འདུག་པས་དེ་ལ་འགྲེལ་བཤད་མི་ཕམ་ཆོས་རྗེའི་དགོངས་པ་ལྟར་བྱས་ན། ཁ་ཅིག་བདེན་གཉིས་ཟུང་འཇུག་ཅེས་པ་སྣང་སྟོང་གཉིས་ཚོགས་སྲད་བུ་དཀར་ནག་སྦྲེལ་བ་ལྟ་བུ་ལ་གོ་ནས་ཀུན་རྫོབ་ཏུ་འདོད། ཡང་ཁ་ཅིག་སྣང་སྟོང་ཟུང་འཇུག་དང་བདེན་གཉིས་ཟུང་འཇུག་གཉིས་ཁྱད་འབྱེད་མ་ཤེས་ནས་དེ་གཉིས་གཅིག་ཏུ་འདོད་པ་གཉིས་སུ་སྣང་བས། དེ་ལ་ཕྱོགས་དང་པོ་ལྟར་ན་བདེན་གཉིས་ཟུང་འཇུག་མཐར་ཐུག་དབུ་མ་ཆེན་པོ་ལ་མ་གོ་ནས་ཀུན་རྫོབ་ཀྱི་ཆོས་སྣང་སྟོང་གཉིས་སྦྲེལ་བ་ལྟ་བུ་ལ་གོ་ན་ཆེས་ནོར་བ་སྟེ། གོང་དུ་དམ་ཆོས་དོགས་སེལ་གྱི་ལུང་གིས་བསྒྲུབས་ཤིང་། མདོར་ན་གཞན་ལུགས་ལ་ཇི་ལྟར་གོ་ནའང་འཛིན་མཚམས་རེ་ཡོད་སྲིད་ཀྱང་། རང་ལུགས་ལ་བདེན་གཉིས་ཟུང་འཇུག་ཅེས་པ་རྣམ་གྲངས་མིན་པའི་དོན་དམ་བདེན་པ་ཉིད་ལ་གོ་བར་བྱའོ།།
ཕྱོགས་གཉིས་པ་ལྟར་ན་སྣང་སྟོང་ཟུང་འཇུག་ཅེས་པ་འདི་མཐར་ཐུག་གི་བདེན་གཉིས་ཟུང་འཇུག་སྤྲོས་བྲལ་མཉམ་པ་ཉིད་ལ་གོ་བ་འདི་ཤིན་ཏུ་ནས་ཀྱང་ནོར་བ་སྟེ། སྣང་སྟོང་ཟུང་འཇུག་གམ་སྟོང་རྟེན་འབྱུང་ཟུང་འཇུག་དེ་ནི་རྗེས་ཐོབ་ཀྱི་ངེས་པ་རྙེད་ཚུལ་ཙམ་སྟེ་མཐར་ཐུག་དོན་དམ་བདེན་པ་ག་ལ་ཡིན། དེ་ནི་སྒྲ་རྟོག་གི་ཡུལ་ཀུན་རྫོབ་བདེན་པ་ཡིན་པའི་ཕྱིར་རོ། །ངེས་ཤེས་སྒྲོན་མེ་ལས། སྣང་བ་ཐ་སྙད་ཚད་མའི་ཡུལ། །སྟོང་པ་དོན་དམ་དཔྱོད་པའི་ཡུལ། །ཟུང་འཇུག་དེ་གཉིས་འདྲེས་པའི་ཆ། །དེ་རྣམས་སྒྲ་རྟོག་ཡུལ་ཡིན་ཕྱིར། །ཞེས་གསུངས་པས་མདོར་ན་སྣང་བ་ལ་ལྟོས་པའི་སྟོང་པ་དང་། སྟོང་པ་ལ་ལྟོས་པའི་སྣང་བ། དེ་གཉིས་ཟུང་འཇུག་ཏུ་གོ་ན་ཡང་ཀུན་རྫོབ་བདེན་པ་ལས་འདའ་མི་ནུས་ཏེ། སྒྲ་དང་ཚིག་གི་ལམ་ནས་བརྗོད་དུ་ཡོད་པའི་ཕྱིར་རོ། །སྟོང་རྟེན་འབྱུང་ཟུང་འཇུག་ཏུ་རྟོགས་པ་འདི་ཡང་རྗེས་ཐོབ་ཀྱི་ངེས་པ་རྙེད་ཚུལ་ཙམ་ལས་དེ་ཡི་ངོ་བོ་སྤྲོས་བྲལ་རྣམ་གྲངས་མིན་པའི་དོན་དམ་བདེན་པ་དང་འཁྲུལ་བར་མི་བྱའོ། །དེ་སྐད་དུ་ཡང་གཞུང་སྤྱིའི་དཀའ་གནད་ཟ་མ་ཏོག་ལས། དེས་ན་རྗེས་ཐོབ་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུ་དང་། དོན་དམ་པར་ཡོད་མེད་ལས་འདས་པ་ནམ་མཁའ་ལྟ་བུའོ། །ཞེས་དང་། དེ་ཉིད་ལས། དེ་ལྟར་སྟོང་རྟེན་འབྱུང་ཡེ་ནས་ཟུང་འཇུག་ཡིན་ལ། ཟུང་འཇུག་གི་ངོ་བོ་སྤྲོས་བྲལ་སོ་སོ་རང་གིས་རིག་པར་བྱ་བ་སྟོང་ཆེན་འོད་གསལ་གྱི་དབྱིངས་སུ་ཆོས་ཀུན་འདུའོ། །དེ་མཉམ་གཞག་གི་ཡུལ་ཡིན། དེ་ལ་སྣང་སྟོང་གཉིས་སུ་འབྱེད་པ་མེད་དེ་སོ་སོ་རང་རིག་པས་རྟོགས་བྱའོ། །རྗེས་ཐོབ་སྟོང་སྣང་གཉིས་སུ་འབྱེད་ཅིང་དེ་གཉིས་ངོ་བོ་ཐ་དད་དུ་མེད་པའི་ཆ་ནས་སྒྱུ་མ་ལྟ་བུའི་ངེས་ཤེས་འབྱུང་ངོ་། །ཞེས་སྟོང་སྣང་ཟུང་འཇུག་ཅེས་པ་འདི་ཡང་རྗེས་ཐོབ་ཐ་སྙད་དུའོ། །གཞན་ཡང་གཞི་གྲུབ་ན་སྣང་སྟོང་ཟུང་འཇུག་ཡིན་པས་ཁྱབ་སྟེ། རྩ་ཤེས་ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང་། རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་དང་། རྩོད་བཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་ལམ་དུ་དོན་གཅིག་པར། །ཞེས་རྟེན་འབྱུང་གི་སྣང་བ་གང་ཡིན་པ་དང་སྟོང་པ་ཉིད་ཡེ་ནས་འདུ་འབྲལ་མེད་པར་དོན་གཅིག་དུ་གོ་བ་འདི་ནི་སྣང་སྟོང་ཟུང་འཇུག་ཡིན་ལ་ཐ་སྙད་བདེན་པའང་ཡིན་ནོ། །འོན་ཀྱང་མཐར་ཐུག་སྤྲོས་བྲལ་དབུ་མ་ཆེན་པོ་ལ་སྣང་སྟོང་ཟུང་འཇུག་ཅེས་བརྡ་མཛད་པ་མང་དུ་ཡོད་ཀྱང་དེ་དག་དང་འཁྲུལ་བར་མི་བྱ་སྟེ། རབ་གསལ་བརྒལ་ལན་ལས། བདག་ཅག་གིས་ཆོས་ཐམས་ཅད་སྣང་སྟོང་ཟུང་འཇུག་སྤྲོས་མཐའ་བརྒྱད་བྲལ་དེ་ཉིད་གཞི་དབུ་མ་དང་། དེ་ལྟར་རྟོགས་པའི་བློ་དེ་དབུ་མའི་ལམ་ལ་གནས་པ་ཞེས་ཐ་སྙད་བྱེད་པས། ཞེས་དང་། བདེ་གཤེགས་སྙིང་པོའི་སྟོང་ཐུན་སེང་གེའི་ང་རོ་ལས། དབྱིངས་དེ་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡིན་ལ་དེའི་ངོ་བོ་སྐྱེ་འགག་མེད་པ་དང་། སྣང་སྟོང་དབྱེར་མེད་པའི་བདག་ཉིད་དུ་གནས་ཀྱི་ཕྱོགས་སུ་ལྷུང་བ་མེད་པ་ཡིན་ནོ། །ཞེས་སྣང་སྟོང་ཟུང་འཇུག སྣང་སྟོང་དབྱེར་མེད་ཅེས་རྣམ་གྲངས་མིན་པའི་དོན་དམ་ལ་བརྡར་བཏགས་པ་དང་རྗེས་ཐོབ་ཀྱི་ངེས་པ་རྙེད་པའི་སྟོང་རྟེན་འབྱུང་འགལ་མེད་ཀྱི་སྣང་སྟོང་ཟུང་འཇུག་གཉིས་སོ་སོ་ནས་ཡིན་པ་ཤེས་དགོས་རྒྱུ་གལ་ཆེན་པོ་འདུག་ཅིང་། དེ་མ་གཏོགས་རྩྭ་བལ་བ་ཛཱ་བཞིན་དུ་འཛིངས་པར་འགྱུར་རོ།།
འོ་ན་བདེན་གཉིས་ཟུང་འཇུག་ཅེས་པ་ཇི་ལྟར་དགོས་སྙམ་ན། ངེས་ཤེས་སྒྲོན་མེ་ལས། དེ་ལས་འདས་པའི་མཉམ་བཞག་ནི། །སོ་སོ་རང་གི་ཡེ་ཤེས་ཙམ། །སྣང་བཅས་སྣང་མེད་ལ་སོགས་ཀྱང་། །དེ་བཞིན་རིགས་པས་མི་གྲུབ་བོ། །ཞེས་གསུངས་པ་དང་། མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས། སྒྲ་དང་ཚིག་གི་ལམ་བྲལ་བརྗོད་དུ་མེད། །ནམ་མཁའ་ཇི་བཞིན་ཆོས་ཀྱི་རང་བཞིན་ཏེ། །འདི་ལྟ་བུ་ཡི་ཚུལ་མཆོག་རྣམ་རིག་ན། །དེ་ཡི་སྤོབས་པ་དག་ཀྱང་མི་ཟད་འགྱུར། །ཞེས་དང་། ལང་ཀར་གཤེགས་པ་ལས། བློ་གྲོས་ཆེན་པོ་དོན་དམ་པ་ནི་འཕགས་པས་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡིན་ཏེ། ཚིག་གི་རྣམ་པར་རྟོག་པའི་བློ་ཡི་སྤྱོད་ཡུལ་ནི་མ་ཡིན་ནོ། །ཞེས་རྟག་མི་རྟག འདུས་བྱས་འདུས་མ་བྱས། སྣང་བ་སྟོང་པ། ཀུན་རྫོབ་དོན་དམ། ཆོས་ཅན་དང་ཆོས་ཉིད་ཐམས་ཅད་ལས་འདས་པའི་འདུས་མ་བྱས་ཆེན་པོའམ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་བྱའོ། །ཇི་སྐད་དུ། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་དང་འདྲ་མ་ཡིན། །ཞེས་ཚུལ་དེ་ལྟ་བུའི་ཆོས་ཉིད་ནི་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་མེད་པའི་ཚུལ་གྱིས་མྱོང་སྟེ། དབུ་མ་རྒྱན་འགྲེལ་ལས། མཉམ་ཉིད་སྤྲོས་པ་དང་བྲལ་བ་འདི་ཉམས་སུ་མྱོང་བ་མེད་པའི་ཚུལ་གྱིས་མྱོང་བར་བྱེད་དོ། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་དེ་ལ་རྣམ་གྲངས་མིན་པའི་དོན་དམ་བདེན་པ་ཞེས་བཏགས་པ་ཙམ་ལས་དོན་ལ་བརྗོད་དུ་མེད་ཀྱང་མཛུབ་མོས་ཟླ་བ་བསྟན་པ་བཞིན་རྐྱེན་ཉིད་འདི་པ་ཙམ་གྱི་ཐབས་ལས་མཛུབ་མོ་ལ་མ་འཆེལ་ནས་ཐབས་བྱུང་དོན་དམ་པ་སོ་སོ་རང་གིས་རིག་པར་བྱ་དགོས་སོ། །ད་ནི་མི་ཕམ་བླ་མའི་གཞུང་ལ་སྐལ་བ་དང་ལྡན་པ་རྣམས་ལ་འདི་ཙམ་ཞིག་གིས་ཆོག་པར་བྱས་སོ། །དེ་ལས་གཞན་ཚིག་ཙམ་གྱི་འཐེན་ཁྱེར་ལ་དགའ་བ་དང་རང་ལུགས་ཀྱི་གཞུང་དག་ལ་ཐོས་བསམ་མ་བྱས་པར་ཆགས་སྡང་གི་རླུང་གིས་གཡོས་ནས་གཞན་ཕྱོགས་ལ་དམོད་པའི་ཚིག་རྣམས་ཁ་ཏོན་དུ་བྱེད་ཅིང་། དད་པ་དང་དག་སྣང་གི་དྲི་ཙམ་ཡང་མ་གོས་པའི་གང་ཟག་དག་གིས་ནི་བསྐལ་པར་བསམས་ཀྱང་གནད་འཛིན་དཀའོ།།

ངོ་མཚར་སྔ་འགྱུར་མཁས་པའི་གཞུང་བཟང་ལ། །འབྲུ་གཅིག་མ་བསླབས་རྙིང་མ་པ་ཡིན་ཞེས།།
ཆགས་སྡང་རི་བོའི་རྡོག་ཁྲེས་རྒྱབ་ཁུར་ནས། །གཞན་ཕྱོགས་ཁོ་ནར་དམོད་འདི་མི་མཛེས་སོ།།

ཆོས་རྗེ་མི་ཕམ་ལེགས་བཤད་མཇལ་བའི་མོད། །བཅོས་མའི་དད་པས་མིག་ཟུང་གཤེར་ཁུས་བརླན།།
རིས་མེད་རྒྱ་བོད་མཁས་གྲུབ་ཡོད་དོ་ཅོག །ཤཱཀྱའི་རིང་ལུགས་འཛིན་པ་གཅིག་ཏུ་མཐོང་།།
ཞེས་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

གཉིས་པ་དེ་ལྟ་བུའི་མཐའ་བྲལ་དབུ་མ་ཆེན་པོ་དེ་རིགས་པས་གཏན་ལ་འབེབས་པ་ལ། མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས།

དང་པོ་ནི། སྤྱིར་ཤིན་ཏུ་སྤྲོས་པ་དང་བྲལ་བའི་མཉམ་གཞག་གི་དབུ་མ་དེ་ཉིད་རིགས་པས་ཇི་བཞིན་དུ་གཏན་ལ་འབེབས་ནུས་པ་མ་ཡིན་ཡང་། འཕགས་པའི་མཉམ་གཞག་ཡེ་ཤེས་དང་རྗེས་སུ་མཐུན་པ་ནི་གཏན་ཚིགས་ཀྱི་སྒོ་ནས་གཏན་ལ་ཕབ་པའོ། །འགའ་ཞིག་གིས་རྣམ་གྲངས་པ་ཙམ་ལས་ཐལ་རང་གཉིས་ཀས་རྣམ་གྲངས་མིན་པའི་དོན་དམ་རིགས་པས་གཏན་ལ་འབེབས་མི་ནུས་ཟེར་ཡང་། མི་ཕམ་བླ་མས་འཕགས་པའི་མཉམ་གཞག་ཡེ་ཤེས་དང་རྗེས་སུ་མཐུན་པར་གཏན་ལ་ཕབ་ན་ཇི་བཞིན་དུ་མ་ནུས་ཀྱང་དེ་གཏན་ལ་ཕབ་པའི་གོ་ཆོད་པར་གསུངས་སོ། །དེ་ལྟ་བུར་གདུལ་བྱའི་དོན་དུ་སུས་རིགས་པས་ཚུལ་བཞིན་དུ་བསྒྲུབས་ཀྱང་གང་ཟག་དེ་ལ་དབུ་མ་པ་ཞེས་དང་དེའི་གྲུབ་མཐའ་ལ་དབུ་མའི་གྲུབ་མཐའ་ཞེས་ཐ་སྙད་ཉེ་བར་འདོགས་སོ། །དེར་བརྟེན་དེ་གཏན་ལ་འབེབས་པའི་ཐེག་ཆེན་གྱི་གྲུབ་པའི་མཐའ་ཆེན་པོ་གཉིས་ལས། དབུ་མ་རང་རྒྱུད་པ་དང་ཐལ་འགྱུར་བ་གཉིས་སོ། །སྤྱིར་དབུ་མ་ཐལ་རང་གཉིས་དབུ་མའི་ལྟ་བ་སྤྲོས་བྲལ་རྣམ་གྲངས་མིན་པའི་དོན་དམ་བདེན་པ་གཏན་ལ་འབེབས་པ་ལ་དགོངས་པ་འགལ་མེད་གནད་གཅིག་ཏུ་གཏོགས་ཀྱང་། དེ་གཏན་ལ་འབེབས་ཚུལ་ལ་ཁྱད་ཡོད་པར་ཤེས་པ་ནི་མི་ཕམ་པའི་མན་ངག་གི་གནད་དམ་པའོ། །ཤེར་འགྲེལ་ནོར་བུ་ཀེ་ཏ་ཀ་ལས། མཐར་ཐུག་གི་དོན་ལ་ཁྱད་པར་ཅི་ཡང་མེད་ཀྱང་གཞུང་འཆད་ཚུལ་གྱི་དབང་དུ་ཁྱད་པར་ཡོད་དེ། །ཞེས་གསུངས་སོ།།

གཉིས་པ་རྒྱས་པར་བཤད་པ་ལ།

དབུ་མ་རང་རྒྱུད་པས་གཏན་ལ་འབེབས་ཚུལ་དང་། དབུ་མ་ཐལ་འགྱུར་བས་གཏན་ལ་འབེབས་ཚུལ། དེ་ལ་དོགས་སེལ་བྱ་བ་དང་གསུམ་མོ།།
དང་པོ་ནི། ད་ནི་དབུ་མ་རང་རྒྱུད་པས་དེ་ལྟ་བུའི་སྤྲོས་བྲལ་དབུ་མ་ཆེན་པོ་དེ་ཉིད་གཏན་ལ་འབེབས་ཚུལ་བཤད་པ་ལ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། དང་པོ་བདེན་གཉིས་སོ་སོར་ཕྱེ་སྟེ་ཚད་མ་སོ་སོས་གཞལ་བའི་རང་རང་གི་ཁས་ལེན་ཡོད་པར་བསྒྲུབས་ནས་མཐར་ཁས་ལེན་ཀུན་དང་བྲལ་བའི་རྣམ་གྲངས་མིན་པའི་དོན་དམ་ལ་སྦྱོར་བར་མཛད་པས། ཞེས་གསུངས་ཤིང་རང་རྒྱུད་པས་དོན་དམ་གཏན་འབེབས་ཀྱི་སྐབས་སུ་ངེས་པར་དུ་དང་པོ་དོན་དམ་བདེན་པ་དང་མཐུན་པར་བདེན་གཉིས་སོ་སོར་ཞེན་ནས་རྗེས་ཐོབ་ཀྱི་དབུ་མ་གཏན་ལ་འབེབས་པས་ཐད་ཀར་དོན་དམ་བདེན་པ་གཏན་ལ་འབེབས་མི་ནུས་སོ། །དེའི་རྒྱུ་མཚན་ནི་དབུ་མ་རྒྱན་འགྲེལ་ལས། དེ་ལ་རང་རྒྱུད་པ་དག་ནི་བློ་ཡི་ནུས་པའི་དབང་གིས་དང་པོ་རེ་ཞིག་རྣམ་གྲངས་པའི་དོན་དམ་ལ་ཞེན་ཏེ། ཞེས་གསུངས་ཏེ། རང་རྒྱུད་པའི་གདུལ་བྱ་རྣམས་ནི་ཐལ་འགྱུར་བའི་གདུལ་བྱ་ལས་བློ་ཡི་ནུས་པ་ཞན་པའི་དབང་གིས་དོན་དམ་བདེན་པ་རྟོགས་པ་ལ་ངེས་པར་དུ་རྣམ་གྲངས་པའི་དོན་དམ་མམ་མཐུན་པའི་དོན་དམ་ལ་བརྟེན་ནས་རྟོགས་དགོས་ཏེ། དེ་མ་རྟོགས་པར་དོན་དམ་བདེན་པ་རྟོགས་པའི་ཐབས་གཞན་མེད་པའི་ཕྱིར་རོ། །དེ་ཡང་དབུ་མ་རྒྱན་འགྲེལ་ལས། དེ་ལ་དང་པོ་རྗེས་ཐོབ་བདེན་གཉིས་སོ་སོར་འབྱེད་པའི་དབུ་མ་འདི་ཙམ་ཞིག་ལ་མ་བརྟེན་ན་རྒྱུ་མེད་པས་འབྲས་བུ་མཉམ་གཞག་གི་དབུ་མ་ཐོབ་པར་མི་ནུས་ཏེ། ཞེས་གསུངས་པ་དང་། འདི་ལྟར་རྣམ་གྲངས་པའི་དོན་དམ་ལ་བརྟེན་ནས་རྣམ་གྲངས་མིན་པའི་དོན་དམ་བདེན་པ་རྟོགས་དགོས་པ་འདི་ནི་རང་རྒྱུད་པའི་ཐུན་མོང་མིན་པའི་ལུགས་ཡིན་ཏེ། རབ་གསལ་བརྒལ་ལན་ལས། རྣམ་གྲངས་དང་རྣམ་གྲངས་མིན་པའི་དོན་དམ་གཉིས་གཅིག་ཁས་བླངས་ན་གཅིག་དོར་དགོས་པའི་དེ་གཉིས་འགལ་བ་ཅི་ཞིག་ཁྱོད་ཀྱིས་མཐོང་། བདག་ཅག་གིས་དེ་གཉིས་འགལ་བ་མེད་པ་མ་ཟད། སྔ་མ་ལ་བརྟེན་ནས་ཕྱི་མ་རྟོགས་དགོས་པ་འདི་རང་རྒྱུད་པའི་བཞེད་པར་བཤད་ལ། ཞེས་གསུངས་སོ།།
དེས་ན་རང་རྒྱུད་པ་དག་ནི་དོན་དམ་གཏན་འབེབས་ཀྱི་སྐབས་སུ་དང་པོ་རང་གི་རྒྱུད་ཀྱི་སྦྱོར་བའི་ངག་བཀོད་ནས་རྣམ་གྲངས་མིན་པའི་དོན་དམ་རིགས་པས་རྒྱ་ཆེར་སྒྲུབ་པ་ཡིན་ཏེ། རབ་གསལ་བརྒལ་ལན་ལས། དེའི་ཕྱིར་རང་རྒྱུད་པའི་གཞུང་རྣམས་སུ་རྣམ་གྲངས་པའི་དོན་དམ་སྒྲུབ་པ་གཙོ་བོར་བྱས་ཏེ། ཚུལ་གསུམ་ཚང་བའི་གཏན་ཚིགས་རང་རྒྱུད་པ་འགོད་པའི་སྒོ་ནས། བསྒྲུབ་བྱ་བདེན་མེད་རང་རྒྱུད་པ་བསྒྲུབ་པ་རྩ་ཤེས་ཀྱི་དགོངས་པ་འགྲེལ་བའི་ལུགས་སུ་མཛད་ཅིང་། ཞེས་གསུངས་པ་དང་། འོ་ན་རྒྱུ་མཚན་ཅིའི་ཕྱིར་རྣམ་གྲངས་མ་ཡིན་པའི་དོན་དམ་མདོ་ཙམ་བསྟན་པ་དང་། རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ནས་རིགས་པས་རྒྱ་ཆེར་བསྒྲུབས་ཤེ་ན། དེ་ལ་བརྟེན་ནས་ཁས་ལེན་ཀུན་བྲལ་གྱི་རྣམ་གྲངས་མིན་པའི་དོན་དམ་ཚེགས་མེད་པར་འགྲུབ་སྟེ། དབུ་མ་རྒྱན་འགྲེལ་ལས། རྗེས་ཐོབ་བདེན་གཉིས་སོ་སོའི་གནས་ཚུལ་གཏན་ལ་ཕབ་ན་བདེན་གཉིས་ཟུང་འཇུག་ཁས་ལེན་དང་བྲལ་བའི་དབུ་མ་ཚེགས་མེད་པར་འགྲུབ་པས་ན། ཞེས་གསུངས་པ་ལྟར་དེ་ལེགས་པར་མ་བསྒྲུབས་ན་དོན་དམ་བདེན་པ་ལ་འཇུག་མི་ནུས་ཏེ། རབ་གསལ་བརྒལ་ལན་ལས། དང་པོ་དེ་ཉིད་ལེགས་པར་མ་བསྒྲུབས་པར། ཕྱི་མའི་དོན་ལ་འཇུག་མི་ནུས་པར་འདོད་དེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། ཞེས་གསུངས་པ་དང་། དབུ་མ་རྒྱན་རང་འགྲེལ་ལས་ཀྱང་། དོན་དམ་པ་ནི་དངོས་པོ་དང་དངོས་པོ་མེད་པ་དང་། སྐྱེ་བ་དང་མི་སྐྱེ་བ་དང་། སྟོང་པ་དང་མི་སྟོང་པ་ལ་སོགས་པ་སྤྲོས་པའི་དྲ་བ་མཐའ་དག་སྤངས་པའོ། །སྐྱེ་བ་མེད་པ་ལ་སོགས་པ་ནི་དེ་ལ་འཇུག་པ་དང་མཐུན་པའི་ཕྱིར་དོན་དམ་པ་ཞེས་ཉེ་བར་འདོགས་སོ། །ཡང་དག་ཀུན་རྫོབ་རྣམ་ཀྱི་སྐས། །མེད་པར་ཡང་དག་ཁང་ཆེན་གྱི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་གསུངས་པ་འདི་དང་མི་ཕམ་པའི་གོང་གི་གསུང་གཉིས་དགོངས་པ་གཅིག་དང་དབྱངས་གཅིག་གོ།
རྒྱུ་མཚན་དེ་དག་ལ་བརྟེན་ནས་དབུ་མ་རང་རྒྱུད་པ་རྣམས་རྩ་ཤེས་ཀྱི་དགོངས་པ་ཡང་དེ་ལྟར་དུ་འགྲེལ་ཏེ། རྩ་ཤེས་ཀྱི་དོན་དམ་གཏན་འབེབས་ཀྱི་རིགས་པ་ཇི་སྙེད་ཅིག་བཀོད་པ་ཐམས་ཅད་དང་པོ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་ནས་རྣམ་གྲངས་པའི་དོན་དམ་གཏན་ལ་ཕབ། རིམ་གྱིས་མཐར་ཁས་ལེན་ཀུན་བྲལ་གྱི་སྤྲོས་བྲལ་དབུ་མ་ཆེན་པོ་ལ་སྦྱོར་བར་མཛད་དོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་པའི་ཐ་སྙད་དེ་རྣམ་གྲངས་པའི་དོན་དམ་ལ་འགྲེལ་བར་བྱེད་དོ། །རྣམ་གྲངས་པའི་དོན་དམ་མམ་རྗེས་ཐོབ་ཀྱི་དབུ་མ་དེ་ཉིད་གཏན་ལ་འབེབས་སྐབས། དོན་དམ་པར་ནི་ཆོས་གང་ཡང་དམིགས་སུ་མེད་ཀྱང་། ཐ་སྙད་དུ་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་ཡང་། དབུ་མ་རྒྱན་འགྲེལ་ལས། ཚུལ་དེའི་དབང་གིས་དོན་དམ་པར་མ་གྲུབ་སྙམ་པའི་མེད་འཛིན་དང་། ཀུན་རྫོབ་ཏུ་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ། དེ་མ་གྲུབ་པར་བཟུང་ན་ཀུན་རྫོབ་ཀྱི་སྣང་བ་ལ་སྐུར་བ་བཏབ་པར་འགྱུར་རོ་སྙམ་དུ་ཡོད་འཛིན་དང་བཅས་པའོ།།
འདི་པའི་ལུགས་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དོན་དམ་ལ་གཉིས་སུ་ཕྱེ་ཡང་དོན་ལ་དོན་དམ་གཉིས་མེད་པར་ཤེས་དགོས་རྒྱུ་འདི་ཡང་གོ་བའི་གནད་ཆེན་པོ་ཡིན་པར་འདུག་སྟེ། དབུ་མ་རྒྱན་ལས། དམ་པའི་དོན་དང་མཐུན་པའི་ཕྱིར། །འདི་ནི་དམ་པའི་དོན་ཞེས་བྱ། །ཞེས་རྣམ་གྲངས་པའི་དོན་དམ་ལ་དེ་དང་མཐུན་པའི་ཆ་ནས་བརྡར་བཏགས་པ་ཙམ་མོ། །དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། དེ་ལྟར་ཡོད་མེད་ཀྱི་ཟླས་ཕྱེ་བའི་དགག་བྱ་བདེན་གྲུབ་བཀག་པའི་མེད་རྐྱང་འདི་ནི་ངེས་པའི་དོན་དུ་ཐ་སྙད་དམ་ཀུན་རྫོབ་ཏུ་གཏོགས་པ་ཡིན་གྱི། གནས་ལུགས་མཐར་ཐུག་པ་མ་ཡིན་ཀྱང་། དམ་པའི་དོན་ནམ་གནས་ལུགས་མཐར་ཐུག་པའི་དོན་དམ་མཚན་ཉིད་པ་དེ་དང་མཐུན་པའི་ཕྱིར། འབྲས་མིང་རྒྱུ་ལ་བཏགས་པའི་ཚུལ་དུ་བདེན་ཡོད་ཀྱི་ལྡོག་ཕྱོགས་བདེན་མེད་རྐྱང་པ་འདི་ལས་ནི་དམ་པའི་དོན་ཞེས་བྱ་བར་བརྗོད་ནའང་རྣམ་གྲངས་པའི་དོན་དམ་མམ་བཏགས་པ་བ་ཡིན་ནོ། །ཞེས་དང་། དེ་ཉིད་ལས། རྣམ་གྲངས་པའི་དོན་དམ་ནི་འདི་དང་ཉེ་ཞིང་མཐུན་པས་ན་དེའང་དོན་དམ་གྱི་གྲངས་སུ་བགྲང་སྟེ་མཐུན་པའི་དོན་དམ་ཞེས་བྱ་བ་ཡིན་ནོ། །ཞེས་དང་། རབ་གསལ་བརྒལ་ལན་ལས་ཀྱང་། དེ་ལ་དོན་དམ་པ་ནི་གཉིས་ཏེ་རྣམ་གྲངས་པ་དང་། རྣམ་གྲངས་མ་ཡིན་པའི་དོན་དམ་མོ། །དང་པོ་ནི་རྣམ་པ་ཀུན་ཏུ་བློའི་ཡུལ་ཏེ་དེ་ནི་བདེན་སྟོང་གི་ལྡོག་པ་ཙམ་ཡིན་པས་བློའི་བྱེ་བྲག་ཡིད་རྟོག་བཅས་ཀྱི་ཡུལ་ཙམ་མོ། །དེ་དོན་དམ་མཚན་ཉིད་པ་མིན་ཡང་དོན་དམ་རྟོགས་པའི་སྒོར་གྱུར་པའི་ཕྱིར་མཐུན་པའི་དོན་དམ་མམ་རྣམ་གྲངས་པའི་དོན་དམ་ཞེས་གཞུང་རྣམས་སུ་བརྡ་གདགས་པར་མཛད་དོ། །ཞེས་དང་། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་དྲི་མེད་འོད་ཟེར་གྱི་ཞལ་སྔ་ནས་ཀྱང་། དབུ་མ་པས་སྤྲོས་པ་ཕྱོགས་གཅིག་པ་བཀག་པས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཀག་པ་སྐྱེ་མེད་ཀུན་རྫོབ་བདེན་པའི་བྱེ་བྲག་ལ་དོན་དམ་པའི་བདེན་པ་ཞེས་བཏགས་ནས་རྣམ་གྲངས་པའི་དོན་དམ་པ་དང་། ཞེས་རྒྱ་ཆེར་གསུངས་སོ། །དེ་ཡི་ཕྱིར་རང་རྒྱུད་པས་རྣམ་གྲངས་པའི་དོན་དམ་འདི་ལ་བརྟེན་ནས་སྤྲོས་བྲལ་དབུ་མ་ཆེན་པོ་གཏན་ལ་འབེབས་པར་གོ་ན་གནད་འཛིན་སླའོ། །འདི་ནི་རང་རྒྱུད་པས་གཏན་ལ་འབེབས་ཚུལ་ཡིན་ནོ།།
གཉིས་པ་དབུ་མ་ཐལ་འགྱུར་བས་གཏན་ལ་འབེབས་ཚུལ་ནི། ད་ནི་དབུ་མ་ཐལ་འགྱུར་བ་དག་གིས་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་དེ་ཇི་ལྟར་གཏན་ལ་འབེབས་ཤེ་ན། བཤད་པ། འདི་པས་རང་རྒྱུད་པ་དང་མི་འདྲ་བར་དང་པོ་ནས་རྣམ་གྲངས་མིན་པའི་དོན་དམ་བདེན་པ་གཏན་ལ་ཕབ་ཅིང་གཏན་ཚིགས་ཐལ་འགྱུར་དུ་བཀོད་ནས་རྒོལ་བའི་ལོག་རྟོག་ཟློག་པ་ཡིན་ཏེ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། དེས་ན་ཟླ་བའི་ཞབས་ཀྱིས་དང་པོ་ནས་རྣམ་གྲངས་མ་ཡིན་པའི་དོན་དམ་རྩལ་དུ་བཏོན་ནས་གཏན་ལ་དབབ་པས་རྐྱེན་ཉིད་འདི་པ་ཙམ་གྱི་སྣང་བ་འགོག་ཏུ་མེད་པ་འདི་ཙམ་ཞིག་བརྟག་གཞིའམ། དོན་དམ་རྟོགས་པའི་ཐབས་སམ་སྒོ་ཡིན་པས་དེ་ཙམ་རྩོད་གཞིར་བཟུང་སྟེ་སྤྲོས་བྲལ་ཆེན་པོར་གཏན་ལ་ཕབ་ནས། ཞེས་གསུངས་ཤིང་ཐལ་འགྱུར་བའི་ལུགས་ལ་རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་རྟོགས་པ་ལ་ངེས་པར་དུ་རྣམ་གྲངས་པའི་དོན་དམ་ལ་བརྟེན་ནས་རྟོགས་མི་དགོས་ཏེ། གདུལ་བྱ་རྣམས་དབང་པོ་རྣོན་པོ་ཡིན་ཞིང་རྟེན་འབྲེལ་གྱི་སྣང་བའམ་འཇིག་རྟེན་ཐ་སྙད་བདེན་པ་ཟེར་ཡང་ཆོག དེ་ཙམ་ལ་བརྟག་གཞིར་བཟུང་ནས་ཐད་ཀར་དོན་དམ་བདེན་པ་རྟོགས་པའི་ལུགས་སུ་མཛད་དོ། །རྒྱ་གར་དུའང་ཟླ་གྲགས་ལས་ལེགས་ལྡན་འབྱེད་ཀྱི་སློབ་མ་གྲངས་ལས་འདས་ཤིང་ལས་དང་པོ་པ་ལ་རང་རྒྱུད་པའི་འདོད་ཚུལ་འདི་ཤིན་ཏུ་བདེ་ཞིང་འོས་པ་ཉིད་དོ། །འོན་ཀྱང་བོད་འདིར་ང་ཡང་ཐལ་འགྱུར་བ། ཁྱོད་ཀྱང་ཐལ་འགྱུར་བ་ཞེས་ཚིག་ཙམ་ལ་ཞེན་ནས་དོན་ལ་རང་རྒྱུད་པའི་ལུགས་ཀྱང་ཇི་བཞིན་དུ་མཁྱེན་པ་དཀོན་པར་སྣང་ངོ་།།
ཐལ་འགྱུར་བས་དོན་དམ་པར་མེད། ཐ་སྙད་དུ་དངོས་པོ་རྣམས་རང་མཚན་གྱིས་གྲུབ་པར་འདོད་པའི་བདེན་གཉིས་སོ་སོར་ཞེན་པའི་ཆ་དེ་དང་པོ་ནས་འགོག་པར་མཛད་པས། དེ་ཡི་དབང་གིས་དོན་དམ་པར་རམ་བདེན་གྲུབ་སོགས་ཀྱི་ཁྱད་པར་སྦྱོར་མི་དགོས་པར་ཐད་ཀར་ཁས་ལེན་ཀུན་བྲལ་དབུ་མ་ཆེན་པོར་གཏན་ལ་འབེབས་པ་ཡིན་ཏེ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། དེ་ལྟར་འདི་པའི་ལུགས་ལ་མཐའ་བཞི་པོར་བདེན་གྲུབ་དང་དོན་དམ་སོགས་ཀྱི་བདེན་གཉིས་སོ་སོའི་ཁྱད་པར་སྦྱོར་མི་དགོས་པར་མཐའ་བཞིའི་ཞེན་ཡུལ་ཁེགས་པས་ཡུལ་ཅན་བློའི་དམིགས་པ་དང་། ཁས་ལེན་ཐམས་ཅད་དང་བྲལ་བའི་སྟོང་པ་ཆེན་པོ་མཐར་ཐུག་པའི་གནས་ལུགས་འཕགས་པའི་མཉམ་གཞག་ཡེ་ཤེས་དང་རྗེས་སུ་མཐུན་པར་ལ་ཟློ་བ་ཡིན་ཀྱང་། ཞེས་གསུངས་སོ།།
དེའི་ཕྱིར་ཐལ་འགྱུར་བའི་ལུགས་ལ་བདེན་གཉིས་སོ་སོར་ཞེན་པའི་ཆ་དེ་དང་པོ་ནས་འགོག་པར་མཛད་དེ། དབུ་མ་རྒྱན་འགྲེལ་ལས། དེ་ལྟར་བདེན་གཉིས་སོ་སོར་ཞེན་པའི་ཆ་དེ་ཐལ་འགྱུར་བའི་དགག་བྱ་ཐུན་མོང་མིན་པ་ཡིན་ཏེ། ཞེས་དང་། རབ་གསལ་བརྒལ་ལན་ལས། དོན་དམ་གཏན་ལ་འབེབས་བྱེད་མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་པ་གསུངས་པར་ངེས་ཀྱང་རང་རྒྱུད་པ་ལྟར་དོན་དམ་པར་སྐྱེ་བ་བཀག་ནས་ཐ་སྙད་དུ་སྐྱེ་བ་ཡོད་པར་འདོད་ན་ཐལ་རང་གི་ཁྱད་པར་ཕྱེ་བ་མེད་པར་འགྱུར་རོ། །ཞེས་དང་། དབུ་མ་ལ་འཇུག་པ་ལས་ཀྱང་། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པ། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་ན། །ཁྱོད་ཀྱི་སྐྱེ་བ་གང་གི་ཡིན་པར་འགྱུར། །ཞེས་པ་ལ་སོགས་པའི་འགྲེལ་པ་དག་དང་གཞན་ཡང་དབུ་མ་ལ་འཇུག་པ་རྩ་འགྲེལ་དཔྱིས་ཕྱིན་པ་གཟིགས་ཡོད་ན་དེ་དག་ལོས་མཁྱེན་དཔལ་ལྡན་ཟླ་བས་རྒྱ་ཆེར་བསྒྲུབས་པའི་ཕྱིར་རོ། །ད་ནི་ཐལ་རང་གི་ཁྱད་པར་དེ་གཙོ་བོ་ཆོས་ཀྱི་དབྱིངས་ལ་རིམ་དང་ཅིག་ཅར་གྱིས་གཏན་ལ་འབེབས་ཚུལ་གྱི་གནད་འདི་ཤེས་ན་འགག་ཡོད་ཚད་གྲོལ་བར་འགྱུར་རོ། །མང་དུ་མ་སྤྲོས་སོ།།
གསུམ་པ་ཐལ་རང་གི་གནད་དེ་དག་ལ་མཐའ་དཔྱོད་ཅུང་ཙམ་བྱས་ན། སྤྱིར་གོང་དུ་མི་ཕམ་པའི་གསུང་བཏུས་པ་རྣམས་ལ་གོམས་འདྲིས་ལེགས་པར་སོང་ན་དབུ་མའི་གནད་གསང་གི་མདུད་པ་ཡོད་དོ་ཅོག་རང་གྲོལ་དུ་འགྲོ་བ་ཞིག་འོང་ཡང་། ཚུར་མཐོང་ཚད་མ་ཙམ་ལ་གོམས་འདྲིས་ཆེར་སོང་བ་རྣམས་ལ་མཐའ་དཔྱོད་ཅིག་མ་བྱས་ན་དེང་སང་ཆོས་རའི་ནང་དུ་གོ་བ་རྣལ་མ་རྒྱང་དུ་འཕངས་ནས་རང་བློས་བསྐྲུན་པའི་རྣམ་རྟོག་ལུང་པ་གང་འགེང་བ་མཐོང་བྱུང་བས་ཅུང་ཙམ་སྤྲོས་ན།
ཐལ་རང་དགོངས་པ་གཅིག་ཏུ་གྲུབ་ཚུལ། རང་རྒྱུད་པས་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་སྐབས་གཏན་ཚིགས་ཐལ་རང་གཉིས་གང་འགོད་དང་། ཟླ་བའི་ཞབས་ཀྱིས་ཐལ་ཆེན་གསུམ་ལ་སོགས་པའི་སྐྱོན་འཕངས་ཚུལ་བཅས་གསུམ་མོ།།
དང་པོ་ཐལ་རང་དགོངས་པ་གཅིག་ཏུ་སྒྲུབ་ཚུལ་ནི། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། དེ་ལྟར་ན་འདི་དང་ཐལ་འགྱུར་གཉིས་ཆེས་མི་འདྲའོ་སྙམ་དུ་རྟོག་པར་མི་བྱ་སྟེ། ཐ་སྙད་ཞལ་གྱིས་བཞེས་ཚུལ་ཙམ་མི་འདྲ་ཡང་། ཤིང་རྟ་ཆེན་པོའི་དགོངས་པ་མཐར་ཐུག་གནད་གཅིག་ཏུ་དབྱེར་མེད་པར་རིགས་པས་བསྒྲུབས་པས་སོ། །ཞེས་ཐ་སྙད་ཞལ་གྱིས་བཞེས་ཚུལ་མི་འདྲ་ཞེས་པ་དེ་ཅི་ཞིག་ཡིན་སྙམ་ན། ཐལ་འགྱུར་བས་ཐ་སྙད་ཀྱི་ཡིན་ལུགས་ལ་དཔྱད་པ་མི་བྱེད་དེ། སྣང་ཚོད་གྲགས་ཚོད་ཀྱི་སྒོ་ནས་ཁས་ལེན་པ་ཡིན་ནོ། །རང་རྒྱུད་པས་དེ་ལྟར་མ་ཡིན་པར་དཔྱད་པའི་ཐ་སྙད་ཀྱི་རྣམ་གཞག་བྱེད་དེ། ཐ་སྙད་ཀྱི་དེ་ཁོ་ན་ཉིད་ཡུལ་གཞལ་བྱ་མཚན་ཉིད་པ་དོན་བྱེད་ནུས་ཀྱི་དངོས་པོ་ཁོ་ན་ཡིན་ཞེས་ཐ་སྙད་ཀྱི་གནས་ལུགས་ཤིག་འཇོག་པར་མ་ཚད། དེ་དོན་དམ་དཔྱོད་པས་དཔྱད་ཀྱང་། དོན་དམ་པར་སྤྲོས་པ་ཉེ་བར་ཞི་ཡང་། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་ཡིན་ནོ། །དེ་ཙམ་གྱི་ཁྱད་པར་ལས་གཞན་དབུ་མ་ཐལ་རང་གཉིས་ཀས་མཉམ་རྗེས་ཀྱི་དབུ་མ་རྩལ་འདོན་མཛད་ཚུལ་ཙམ་ལས་ཁྱད་པར་ཅི་ཡང་མེད་དོ། །དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། མདོར་ན་ཐལ་རང་གི་སྲོལ་འདི་དག་རྗེས་ཐོབ་བདེན་གཉིས་སོ་སོར་སྣང་བའི་སྐབས་དང་། མཉམ་བཞག་བདེན་གཉིས་རོ་མཉམ་པའི་གནས་སྐབས་ལ་རྩལ་འདོན་མཛད་པ་ཙམ་དུ་གོ་བ་ནི་ཤིན་ཏུ་འགང་ཆེ་ཞིང་དོན་ཆེ་བ་ཡིན་ནོ། །ཞེས་གསུངས་པ་དང་། དབུ་མ་ཐལ་རང་གཉིས་ཀ་དབུ་མའི་ལྟ་བ་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་ཕབ་པས་དགོངས་པ་གཅིག་ཡིན་པ་དང་དབུ་མའི་ལྟ་བ་གཅིག་ལས་གཉིས་མེད་པར་ཤེས་པར་བྱའོ། །དེ་ཡང་རབ་གསལ་བརྒལ་ལན་ལས། དེ་ལྟ་བུའི་ཚུལ་གྱིས་དམིགས་པའི་སྤྱོད་ཡུལ་ཐམས་ཅད་དམིགས་སུ་མེད་པར་བསྟན་པའི་སྒོ་ནས་མཐར་གྱིས་སྤྲོས་པ་མེད་པའི་དོན་གཏན་ལ་ཕབ་པ་ལ་ཐལ་རང་གཉིས་ཀ་མཚུངས་ཏེ། བདག་ཅག་གི་འདི་གཉིས་ཀ་དབུ་མ་པ་ཡིན་པར་འདོད་པའི་ཕྱིར་རོ། །ཞེས་པ་ལ་སོགས་པའི་སྒོ་ནས་ཐལ་རང་དགོངས་པ་གཅིག་པ་ཡིན་ཚུལ་དེ་ཡང་དབུ་མའི་ལྟ་བ་གཏན་ལ་འབེབས་ཚུལ་གྱི་སྒོ་ནས་བསམས་ན་གོ་བདེ་ཞིང་གནད་ཆེ་བ་མི་ཕམ་པའི་མན་ངག་གི་གནད་དམ་པ་རྣམས་ལ་རང་རྐང་ཚུགས་པ་ཡིན་པས་ཞིབ་མོས་དཔྱད་པར་ཞུ། གཞན་ཡང་དམ་ཆོས་དོགས་སེལ་ལས། ཐལ་རང་དགོངས་པ་འགལ་བ་ཡིན་ན། ཐལ་འགྱུར་བས་རང་མཚན་གྱི་གྲུབ་པ་ཐ་སྙད་དུ་མི་བཞེད་པ་སོགས་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་མིན་པར་སྨྲ་དགོས་ན་ཡང་། དེ་འདྲ་རང་རྒྱུད་པ་སུས་ཀྱང་མ་སྨྲས་ལ། ཞེས་སོགས་ཀྱིས་དབུ་མ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་ལ་རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་རྩལ་འདོན་མཛད་ཚུལ་ཙམ་ཞིག་ལ་ཁྱད་ཡོད་དོ།།
གཉིས་པ་རང་རྒྱུད་པས་དབུ་མའི་ལྟ་བ་རྣམ་གྲངས་མིན་པའི་དོན་དམ་བདེན་པ་གཏན་ལ་ཇི་ལྟར་འབེབས་ཚུལ་མདོ་ཙམ་བརྗོད་ན། དེ་ལ་རང་ལུགས་འཛིན་པ་རྣམས་ཀྱི་འདོད་ཚུལ་དང་རང་རང་སོ་སོའི་རྣམ་རྟོག་སྤུངས་པ་མང་དུ་ཡོད་པ་ནི། འགའ་ཞིག་གིས་གཏན་ཚིགས་རང་རྒྱུད་ཀྱིས་གཏན་ལ་འབེབས་ཟེར་བ་དང་། ཚིག་གསལ་དུ་ཟླ་བས་ལེགས་ལྡན་འབྱེད་ལ་སྐྱོན་བརྗོད་པའང་རྒྱུ་མཚན་དེ་ཡི་ཕྱིར་ཡིན་པར་འདོད། ཡང་ཁ་ཅིག་གིས་རང་རྒྱུད་པས་རྣམ་གྲངས་མིན་པའི་དོན་དམ་གཏན་ཚིགས་ཐལ་རང་གང་གིས་ཀྱང་གཏན་ལ་འབེབས་མི་ནུས་པ་དང་ཐལ་རང་དགོངས་པ་གཅིག་ཡིན་ཚུལ་ནི་མཐར་རྣམ་གྲངས་མིན་པའི་དོན་དམ་རྟོགས་པའི་རྒྱུ་མཚན་གྱིས་ཡིན་ཞེས་ཡིག་ཚོགས་མང་པོར་སྤེལ་བ་མཐོང་བྱུང་བས་དེ་དག་ནི་རང་གི་རྣམ་རྟོག་བཀོད་པ་ཙམ་དུ་ཟད་པར་མཐོང་། དེ་ལ་དང་པོ་གཏན་ཚིགས་རང་རྒྱུད་ཀྱིས་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་ཟེར་ན་གྱི་ན་སྟེ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། གལ་ཏེ་རང་རྒྱུད་དུ་འགོད་ན་རྟགས་ལ་ཚུལ་གསུམ་ཚང་བས་ཚད་མས་གྲུབ་པ་ཞིག་དགོས་པ་ལ། ཞེས་གསུངས་པ་ལྟར་རང་རྒྱུད་དུ་སྦྱར་ན་ཚུལ་གསུམ་ཚང་དགོས། ཚུལ་གསུམ་ཚང་ན་རྒོལ་སྔ་ཕྱི་གཉིས་ཀ་ལ་ཆོས་ཅན་མཐུན་སྣང་དུ་གྲུབ་དགོས། དེ་འདྲ་ཡིན་ན་ཁས་ལེན་དང་བཅས་པའི་ཕྱིར་ཤིན་ཏུ་སྤྲོས་པ་དང་བྲལ་བའི་དབུ་མ་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་མི་ནུས་ཏེ་འཛིན་པ་དང་བཅས་པའི་ཕྱིར་རོ། །ཕྱོགས་གཉིས་པ་རང་རྒྱུད་པས་གཏན་ཚིགས་ཐལ་རང་གང་གིས་ཀྱང་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་མི་ནུས་ཟེར་བའང་ཐ་ཤལ་ཏེ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། དེ་དང་དོན་དམ་དཔྱོད་པའི་རིགས་པས་དཔྱད་ན་མི་བཟློག་པའི་ཐ་སྙད་ཀྱི་སྐྱེ་བ་དང་། དེའི་སྟེང་གི་སྐྱེ་མེད་གཉིས་གང་ཡང་མི་རྙེད་པར་མགོ་མཉམ་པའི་ཕྱིར་རྣམ་གྲངས་མིན་པའི་དོན་དམ་གྱི་སྐབས་འདིར་ཐལ་རང་དགོངས་པ་གཅིག་ཏུ་འགྱུར་བ་ཡིན་ནོ། །ཞེས་དང་། དབུ་མ་རྒྱན་ལས། སྐྱེ་ལ་སོགས་པ་མེད་པའི་ཕྱིར། །སྐྱེ་བ་མེད་ལ་སོགས་མི་སྲིད། །ཅེས་སྐྱེ་བ་མེད་པའི་གཏན་ཚིགས་སམ་སྒྲུབ་བྱེད་དུ་སྐྱེ་བ་མེད་པ་བཀོད་པ་འདི་དབུ་མའི་གཏན་ཚིགས་མིན་ནམ་ཡང་ན་ཅི་ཡིན་བསམ་གཞིག་བགྱི་བར་མཛོད། གཞན་ཡང་དབུ་མ་པ་ཡིན་བཞིན་དུ་རང་གི་ལྟ་བ་དེ་གདུལ་བྱའི་དོན་དུ་གཏན་ཚིགས་ཀྱིས་གཏན་ལ་འབེབས་མི་ནུས་ཟེར་ན་བཞད་གད་ཀྱི་གནས་སུ་མི་འགྱུར་རམ། ཡང་ན་དབུ་མ་ཐལ་འགྱུར་བས་ཀྱང་གཏན་ལ་འབེབས་མི་ནུས་ཞེས་ཟེར་བར་གྱིས། མ་གཏོགས་རང་རྒྱུད་པས་རང་ཉིད་ཀྱི་ལྟ་བ་དེ་ཁས་ལེན་ཀུན་བྲལ་གྱི་སྒོ་ནས་གཏན་ལ་འབེབས་དགོས་པ་ཤེས་བཞིན་དུ་གཏན་ཚིགས་རང་རྒྱུད་དུ་སྦྱོར་བ་ཡིན་ནམ། དེ་འདྲ་ཐབས་སྡུག་གི་ཚིག་རྣམས་མི་སྨྲ་བར་ཞུ། རང་རྒྱུད་པའི་སློབ་དཔོན་རྣམས་ཀྱིས་རྩ་ཤེས་ཀྱི་དགོངས་པ་རྣལ་མ་དེ་མ་རྟོགས་ཞེས་སྨྲ་དགོས་ན་ཐལ་འགྱུར་བའི་སློབ་དཔོན་དག་གིས་གོ་བ་རྣལ་མ་རྟོགས་པའི་སྒྲུབ་བྱེད་ཅིག་ཀྱང་རྙེད་དཀའོ།།
ཁོ་བོ་ནི་དང་པོ་ཡི་གེ་དེ་དག་མཐོང་དུས་བསམ་བློ་གཏོང་དགོས་པ་མང་དུ་བྱུང་ཡང་། མཐར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་མཇལ་བས་དེ་དག་གི་ཐེ་ཚོམ་རྣམས་བསལ་སོང་སྙམ་པ་ཞིག་བྱུང་ཡང་བརྟག་པར་ཞུ། དེ་ཡང་ཀུན་མཁྱེན་ཆེན་པོས་གྲུབ་མཐའ་མཛོད་ལས། ཆོས་ཐམས་ཅད་རང་བཞིན་གྱིས་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་ཆེན་པོ་གཉིས་ཏེ། རང་རྒྱུད་པའི་རྣམ་གཞག་དང་། ཐལ་འགྱུར་བའི་རྣམ་གཞག་གོ །དང་པོ་ལའང་གཉིས་ཏེ། དོན་དམ་པའི་བདེན་པ་རིག་ཤེས་ཀྱི་ཡུལ་དུ་ཁས་ལེན་པའི་རྣམ་གཞག་དང་། ཁས་མི་ལེན་པའི་ཁྱད་པར་ངེས་པར་བྱ་བའོ། །ཞེས་གསུངས་པ་འདིས་རིག་ཤེས་ཀྱི་ངོར་ཁས་མི་ལེན་པའི་སྐབས་འདི་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་སྐབས་མ་ཡིན་ན་ཅི། དེ་གསལ་བར་བྱེད་པ་ལ་གྲུབ་མཐའ་མཛོད་ལས། བདེན་པ་གཉིས་ཀྱི་དབྱེ་བ་དང་མཚན་ཉིད་རྣམ་པར་གཞག་པ་ནི་རྣམ་གྲངས་ཀྱི་དོན་དམ་པར་བལྟ་སྟེ། དེའི་ངོར་རྣམ་པར་གཞག་པར་ཟད་ཀྱི། རྣམ་གྲངས་མིན་པའི་དོན་དམ་པའི་ངོར་ནི་ཤེས་བརྗོད་སྤྲོས་པའི་ཡུལ་ལས་འདས་པའི་ཕྱིར། བདེན་པའི་དབྱེ་བ་དང་མཚན་ཉིད་ངེས་པར་བྱེད་པའི་ཚད་མ་ག་ལ་སྲིད། བདེན་པ་སོ་སོའི་རྣམ་གཞག་དང་། གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་ནི་ཡོད་པ་དང་མེད་པ་ལ་སོགས་པ་ལོག་པར་སྒྲོ་འདོགས་ལས་གྲོལ་བར་བྱ་བའི་ཕྱིར་སྤྲོས་པ་གཅོད་པར་ཟད་དོ། །ཞེས་གསུངས་པ་བཞིན་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་འདི་དག་གིས་ཡོད་མེད་ཀྱི་སྤྲོས་པ་ཀུན་གཅོད་པར་གསུངས་ན་འདི་རྣམ་གྲངས་པའི་དོན་དམ་གཏན་ལ་འབེབས་སྐབས་ཡིན་ནམ། རང་རྒྱུད་ཀྱི་གཏན་ཚིགས་ཀྱིས་སྤྲོས་ཀུན་གཅོད་ནུས་སམ་ཞེས་བསམས་ན་མི་ནུས་ཏེ་ཁས་ལེན་དང་བཅས་པའི་ཕྱིར་རོ། །དེའི་ཕྱིར་གཏན་ཚིགས་ཐལ་འགྱུར་ལས་འགྲོ་ས་གཞན་མེད་དོ།།
ད་ནི་ཀུན་མཁྱེན་ཆེན་པོའི་ལུང་འདི་མཐོང་བའི་ཚེ་འདི་ནས་བཟུང་དབུ་མ་རང་རྒྱུད་པས་ཀྱང་རྣམ་གྲངས་མིན་པའི་དོན་དམ་གཏན་ལ་འབེབས་བྱེད་ཀྱི་གཏན་ཚིགས་ཐལ་འགྱུར་དུ་ངེས་པས་ཐེ་ཚོམ་གྱི་སྨག་ཀུན་དྭངས་པར་གྱིས་ཤིག་གུ གཞན་ཡང་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། བདེན་གཉིས་སོ་སོའི་ཚད་མས་ཇི་ལྟར་གཞལ་བ་ལྟར་སོ་སོར་ཁས་ལེན་པ་ལ་རང་ཉིད་གནས་ནས། གཞན་ལ་ཚད་མས་གྲུབ་པའི་གཏན་ཚིགས་རང་རྒྱུད་དུ་གཙོ་ཆེར་སྦྱོར་བའི་སྒོ་ནས་རྒོལ་བའི་སྤོབས་པ་འཇོམས་པ་ལ་རང་རྒྱུད་པ་ཞེས་བྱ་ཞིང་། ཞེས་གསུངས་ན་གཙོ་ཆེར་ཞེས་པའི་སྒྲ་དེ་ཡི་བཅད་བྱ་ལ་བསམས་ན་རང་རྒྱུད་པས་ཀྱང་གཏན་ཚིགས་ཐལ་འགྱུར་འགོད་པའི་སྐབས་ཤིག་ཡོད་པར་འདུག་ཅིང་དེ་རྣམ་གྲངས་མིན་པའི་དོན་དམ་གྱི་སྐབས་སུ་སྦྱར་ན་མི་བདེའམ། འདི་དག་རྒྱུན་དུ་དོགས་པའི་གནད་ཡིན་པས་མང་ཙམ་སྨྲས་པའོ། །ད་ནི་འདི་ཙམ་ཞིག་གིས་ཆོག་པར་བྱས་སོ།།
གསུམ་པ་ཐལ་རང་དགོངས་པ་འགལ་མེད་ཡིན་ན་ཐལ་རང་གཉིས་ཀྱི་རྩོད་པ་དང་ཟླ་བའི་ཞབས་ཀྱི་ཐལ་ཆེན་གསུམ་ལ་སོགས་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་རོ་སྙམ་ན། དེ་ལྟར་མ་ཡིན་ཏེ། ཐལ་རང་གི་རྩོད་གཞི་དེ་དག་སྤྱིར་དབུ་མ་རང་རྒྱུད་པས་ཐ་སྙད་ཞལ་གྱིས་བཞེས་ཚུལ་ལ་རྩོད་པ་དང་། བྱེ་བྲག་རྩ་ཤེས་ཀྱི་དགོངས་པ་ལོན་མ་ལོན་ལ་རྩོད་པ་གཉིས་སུ་ཕྱེ་ནས་བཤད་ན་གོ་བདེ་བར་སྣང་སྟེ།
དེ་ལ་དང་པོ་དབུ་མ་རང་རྒྱུད་པས་གདུལ་བྱའི་དབང་གིས་འཕགས་པའི་རྗེས་ཐོབ་ཀྱི་དབུ་མ་རྣམ་གྲངས་པའི་དོན་དམ་བདེན་པ་གཏན་ལ་ཕབ་པ་འདི་དབུ་མ་ཐལ་རང་གང་གི་ལུགས་ལའང་མི་འཐད་པ་མེད་ལ། རྗེས་ཐོབ་ཀྱི་དབུ་མ་དེ་ཉིད་ཐལ་འགྱུར་བས་ཀྱང་ཁས་ལེན་དགོས་ཏེ། རྗེས་ཐོབ་ཏུ་དེ་དག་གིས་ཀྱང་དངོས་པོ་རྣམས་ཐ་སྙད་དུ་ཡོད། དོན་དམ་པར་མེད་ཅེས་ཁས་ལེན་དགོས་པས་སོ། །འོན་ཀྱང་རང་རྒྱུད་པས་ཐ་སྙད་ཞལ་གྱིས་བཞེས་ཚུལ་དེ་ལ་གནོད་པ་ཅི་ཡང་མེད་པར་འདོད་པ་དེ་ལ་ཐལ་འགྱུར་བས་མི་འཐད་པར་བསྟན་པ་ཡིན་ཏེ། རབ་གསལ་བརྒལ་ལན་ལས། ཐལ་རང་གི་རྩོད་གཞི་དེ་ཡིན་ལ། རང་རྒྱུད་པས་མཐར་ཐུག་སྤྲོས་བྲལ་ཁས་བླངས་ཀྱང་། གནས་སྐབས་ཀྱི་བདེན་གཉིས་ཕྱེས་ནས་བཤད་པའི་ཁས་ལེན་དེ་ལ་གནོད་པ་ཅི་ཡང་མེད་པར་འདོད་པའི་ཕྱིར་ནའོ། །ཞེས་གསུངས་པས་སོ།།
འོ་ན་གནོད་པ་ཇི་ལྟ་བུ་ཞིག་ཡོད་སྙམ་ན། བརྒལ་ལན་ཉིན་སྣང་ལས། རང་རྒྱུད་པས་ཁས་ལེན་དང་བཅས་པ་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ནས་འཆད་ཚུལ་གྱི་དབང་གིས་རང་རྒྱུད་ཀྱི་གཏན་ཚིགས་ལ་གཙོ་བོར་མཛད་ཅིང་དཔྱད་ནས་ཐ་སྙད་ཚད་གྲུབ་བཞེད་པ་སོགས་ཡིན་ཏེ་རྒྱས་པར་གཞན་དུ་ཤེས་པར་བྱ་ལ། ཞེས་གསུངས་པ་ལྟར་རང་རྒྱུད་པས་དཔྱད་པའི་ཐ་སྙད་ཀྱི་རྣམ་གཞག་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་ལེན་པ་དང་དེ་ཡང་དོན་དམ་དཔྱོད་པས་དཔྱད་ཀྱང་མི་ཁེགས་པར་ཁས་ལེན་ཏེ། རབ་གསལ་བརྒལ་ལན་ལས། ཐ་སྙད་ཀྱི་སྐྱེ་བ་འདི་རང་རྒྱུད་པས་ཚད་གྲུབ་ཏུ་འདོད་ཅིང་དོན་དམ་དཔྱོད་པས་དཔྱད་ཀྱང་དེ་ལ་གནོད་པ་མེད་དེ། དོན་དམ་པར་སྐྱེ་བ་འགོག་པའོ་ཞེས་བཟུང་ནས་ཐ་སྙད་དུ་སྐྱེ་བ་མེད་ན་ཐ་སྙད་བདེན་པ་མེད་པར་འགྱུར་རོ་སྙམ་དུ་དགོངས་པའོ། །ཞེས་དང་། དེ་ཉིད་ལས། དོན་དམ་པར་མ་དཔྱད་པའི་ཐ་སྙད་ཀྱི་ངོར་སྐྱེ་འགག་ལྟར་སྣང་བ་ཙམ་ནི་སུས་ཀྱང་དོན་དམ་དཔྱོད་པའི་རིགས་པས་དགག་མི་ནུས་ཏེ། ཞེས་པ་ལ་སོགས་པ་འདི་དག་ཐལ་འགྱུར་བའི་ལུགས་ལ་མི་འཐད་དེ་རྗེས་ཐོབ་ཀྱི་སྐབས་སུའང་དོན་དམ་དཔྱོད་པས་དཔྱད་ན་མི་ཁེགས་པའི་ཆོས་ཤིག་ཁས་བླངས་ན་ཟླ་བའི་ཐལ་ཆེན་གསུམ་བཟློག་མེད་དུ་བབས་པ་ཡིན་ཏེ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། རིགས་པས་བདེན་གྲུབ་བཀག་པའི་བདེན་སྟོང་གི་ཤུལ་ན་མི་འགོག་རྒྱུའི་ཆོས་ཅན་དེ་ལ་རང་མཚན་མེད་པ་བཞག་ཏུ་མི་རུང་བས། རང་མཚན་གྱིས་གྲུབ་པའི་ཆོས་ཅན་དེ་མི་འགོག་ན། ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བ། དོན་དམ་པར་སྐྱེ་བ་མི་ཁེགས་པར་ཐལ་བ། འཕགས་པའི་མཉམ་གཞག་དངོས་པོའི་འཇིག་རྒྱུར་ཐལ་བ་གསུམ་གྱིས་གནོད་པས་ན་རང་མཚན་གྱིས་གྲུབ་པ་དང་། བདེན་སྟོང་དུ་བཞག་པའང་ཐ་སྙད་ཙམ་སྟེ་གནས་ལུགས་ལ་སྣང་སྟོང་དབྱེར་མེད་དུ་གྲུབ་བོ། །ཞེས་གསུངས་འདུག་པས་ད་ནི་འདི་ཙམ་གྱིས་ཐལ་རང་གི་རྩོད་གཞི་ཅི་ཞིག་ཡིན་མིན་ངེས་པར་མཛོད་ཅིག ད་དུང་གསལ་བར་བརྗོད་ན་མདོར་ན་རང་རྒྱུད་པས། ཐ་སྙད་ལ་དཔྱོད་པའི་སྐབས་འདིར་དངོས་པོ་རྣམས་རང་རང་གི་མཚན་ཉིད་ཀྱིས་གྲུབ་པའམ་གཞལ་བྱ་མཚན་ཉིད་པ་དོན་བྱེད་ནུས་ཀྱི་དངོས་པོ་ཙམ་དུ་གནས་པ་འདི་ཐ་སྙད་ཀྱི་དེ་ཁོ་ན་ཉིད་ཡིན་ཞིང་འདི་དོན་དམ་དཔྱོད་པས་ཀྱང་འགོག་མི་ནུས་ཞེས་པ་ཡིན་གྱི་དོན་དམ་པར་དཔྱོད་པའི་སྐབས་ཐ་སྙད་དུ་སྐྱེ་བ་ཡོད་ཅེས་པ་ནི་མ་ཡིན་ནོ། །ཐལ་འགྱུར་བས་ཐ་སྙད་དོན་ལ་རྣམ་པར་དཔྱད་མི་བྱ་ཞེས་གསུངས་པ་ལྟར་ཐ་སྙད་ཀྱི་ཡིན་ལུགས་ལ་ཐ་སྙད་དུ་དོན་དམ་དཔྱོད་པའི་ངོར་གྲུབ་མི་གྲུབ་དཔྱད་པ་མ་ཡིན་ཏེ་དཔྱད་ན་འགའ་ཡང་རྙེད་པར་མི་འགྱུར་རོ། །དེའི་ཕྱིར་ཐ་སྙད་བདེན་པ་འདི་རྐྱེན་ཉིད་འདི་པ་ཙམ་མམ་སྣང་ཚོད་གྲགས་ཚོད་དུ་ཁོ་ནར་ཁས་ལེན་པ་ཡིན་ནོ།།
གཉིས་པ་བྱེ་བྲག་རྩ་ཤེས་ཀྱི་དགོངས་པ་ལོན་མ་ལོན་ལ་རྩོད་པ་འདི་ནི་ཚིག་གསལ་གྱི་རྩོད་པ་དེ་ཡིན་ལ། དེ་ཡང་གོང་གི་གནད་རྣམས་ཤེས་ན་འདི་ཡང་གོ་སླ་བར་སྣང་ཏེ། རང་རྒྱུད་པས་རྩ་ཤེས་སུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་གཏན་ཚིགས་རང་རྒྱུད་དུ་གཙོ་ཆེར་སྦྱོར་བའི་སྒོ་ནས་རྣམ་གྲངས་པའི་དོན་དམ་རྩལ་འདོན་མཛད་ནས་རང་གི་རྒྱུད་ཀྱི་སྦྱོར་བའི་ངག་གཙོ་ཆེར་བཀོད་པའི་ལུགས་སུ་འགྲེལ་ཡང་ཐལ་འགྱུར་བས་གཏན་ཚིགས་ཐལ་འགྱུར་འབའ་ཞིག་གིས་མཉམ་གཞག་གི་དབུ་མ་ཉིད་རྩལ་འདོན་དུ་མཛད་པའི་ལུགས་སུ་འགྲེལ་བའོ། །འདི་ཡི་གནད་ཟིན་ན་ཚིག་གསལ་གྱི་རྩོད་པ་ཀུན་ཀྱི་གནད་ཤེས་ཤིང་ཟླ་བས་ལེགས་ལྡན་འབྱེད་ལ་རྟོག་གེ་བ་ཞེས་བོས་པའང་ཤིན་ཏུ་མི་རུང་བའི་ཚིག་སྨྲས་སོ་སྙམ་དུ་རྟོག་པར་མི་བྱ་སྟེ། སྐབས་འདིར་རྟོག་གེ་བ་ཞེས་པའང་ཁྱེད་ཀྱི་གོ་བ་ལྟར་ཚིག་ཙམ་ལ་འཆེལ་ནས་རྩོད་པ་འབའ་ཞིག་ལྷུར་ལེན་མཁན་ཞིག་ལ་གོ་བར་མི་བྱ་སྟེ་ཐ་སྙད་ཀྱི་ཡིན་ལུགས་རིགས་པས་རྒྱ་ཆེར་སྒྲུབ་པ་རྣམས་ལ་དེ་ལྟར་བརྗོད་ཅིང་། དེ་ཡི་རིགས་པ་ལ་རྟོག་གེའི་རིགས་པ་ཞེས་བརྗོད་པ་ཡིན་པས་ཐུགས་ཡངས་པོར་མཛོད་ཅིག
འོ་ན་རྩ་ཤེས་ཀྱི་དགོངས་པ་འགྲེལ་ཚུལ་གཉིས་ལས་གང་བདེན་པ་ཡིན་ཞེ་ན་ཁོ་བོ་ནི་དེ་གཉིས་ལས་འདི་འཐད་དང་། འདི་མི་འཐད་ཅེས་སྨྲ་བར་མི་སྤོབས་ཏེ། ཅི་སྟེ་དགོངས་པ་འགྲེལ་ཚུལ་གང་རུང་ཞིག་ཀླུ་སྒྲུབ་ཀྱི་དགོངས་པ་མིན་པར་སྨྲ་དགོས་ན་དེ་འདྲ་བའི་སྐུར་འདེབས་ཅི་ལ་བྱེད། ལུགས་གཉིས་ཀ་དབུ་མ་པ་ཡིན་པ་དང་དབུ་མའི་ལྟ་བ་གཏན་ལ་འབེབས་པའི་ཕྱིར་རོ། །རབ་གསལ་བརྒལ་ལན་ལས། བདག་ཅག་གིས་འདི་གཉིས་ཀ་དབུ་མ་པ་ཡིན་པར་འདོད་པའི་ཕྱིར་རོ། །ཞེས་དང་དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་ལས། ཚུལ་དེ་བཞིན་དུ་ཐལ་རང་གི་སློབ་དཔོན་རྣམས་ཀྱིས་མཉམ་རྗེས་ཀྱི་དབུ་མ་ལ་སོ་སོའི་རྩལ་འདོན་མཛད་ཚུལ་གྱིས་དེ་ལྟར་མིང་ཐོགས་པ་ཡིན་གྱི། རང་རྒྱུད་པ་རྣམས་ཀྱིས་མདོ་དང་བསྟན་བཅོས་ཀྱི་དོན་ཇི་བཞིན་མ་བཀྲལ་བ་ནི་མ་ཡིན་ནོ། །ཞེས་དང་། དེ་ཉིད་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མདོའི་དགོངས་པ་དེ་བཞིན་དུ་རྒྱུ་རྐྱེན་འབྲས་བུའི་ཆོས་ཐམས་ཅད་བདེན་མེད་དུ་བསྒྲུབས་ནས། མཐར་མཐའ་ཐམས་ཅད་དང་བྲལ་བ་སྤྲོས་བྲལ་ཆེན་པོར་རིགས་པས་བསྒྲུབས་ལ། ཞེས་པ་ལ་སོགས་པ་གསུངས་པས་སློབ་དཔོན་གྱི་དགོངས་པ་སུའི་ལུགས་ལྟར་ཡིན་སྨྲ་བ་ནི་ཤིན་ཏུ་ནས་ཀྱང་དཀའོ། །འོན་ཀྱང་མཐར་ཐུག་གི་དགོངས་པ་ནི་ཐལ་འགྱུར་བའི་ལུགས་ལྟར་ཡིན་པར་རང་རྒྱུད་པས་ཀྱང་དེ་ལྟར་འདོད་དགོས་པའི་ཕྱིར་རོ། །གནད་འཛིན་ཤེས་ན་མང་པོ་སྨྲ་མི་དགོས་ཀྱང་དེང་སང་རང་རེ་རྣམས་རྣམ་རྟོག་གིས་ཕུང་སྟེ་ཚིག་རེ་རེ་ནས་ཞིབ་ཆ་འཚོལ་དགོས་པ་འདིས་ཀྱང་དུས་ཚོད་དང་བསམ་བློ་གང་གི་ཐོག་ནས་ཀྱང་ངལ་བ་ཆེན་པོ་བྱུང་ངོ་། །གཞན་ལྟོ་ལྡིར་བས་བུམ་པ་གོ་བ་བཞིན་དུ་གོ་བ་ལེན་ནུས་ན་མཐའ་དཔྱོད་འདི་ཙམ་བྱེད་མ་དགོས་པར་མཐོང་ཡང་ཚིག་གི་འཐེན་ཁྱེར་ལྷུར་ལེན་པ་རྣམས་ཀྱི་ཆེད་དུ་ངལ་བའི་ཁུར་འདི་ཙམ་ཞིག་དང་དུ་བླངས་པ་ཡིན་ནོ། །ད་ནི་འདི་ཙམ་གྱིས་ཆོག་པར་བྱས་སོ།།


དབུ་མར་སྨྲ་བ་གནམ་ས་གང་མོད་ཀྱི། །ཀླུ་སྒྲུབ་དགོངས་དོན་ལོན་པ་རེ་འགའ་ཙམ།།
སྔ་འགྱུར་རྗེས་འཇུག་རློམ་པ་མང་མོད་ཀྱི། །ཀུན་མཁྱེན་བླ་མའི་དགོངས་པ་ས་མཐར་སྤྱུགས།།

ཆོས་སྤོང་ཚིག་གིས་མགོ་བོ་གས་ལ་ཉེ། །རང་ལྟ་མཁྲེགས་འཛིན་ཀླད་པ་རུལ་ལ་ཉེ།།
ཆགས་སྡང་གཉིས་ཀྱིས་རང་རྒྱུད་སྲེག་ལ་སྦྱོར། །ཨེ་མ་སྐྱེ་བོ་འདི་ཀུན་བརྩེ་བའི་ཡུལ།།
ཞེས་ངལ་གསོ་བའི་ཚིགས་སུ་བཅད་པའོ།།

གསུམ་པ་མཇུག་གི་དོན་ནི།

དེ་ལྟར་གོང་དུ་བྲིས་པའི་ཡི་གེ་རྣམས་ཁོ་བོས་དཔྱད་རྩོམ་ཞིག་བྲིས་སྙམ་དུ་མི་སེམས་ཏེ། རང་བློའི་ཤེས་རབ་ཀྱིས་བྲིས་པ་ཅི་ཡང་མེད་པས་སོ། །འོ་ན་ཅི་ཞིག་ཡིན་རྟོག་ན། ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ལེགས་བཤད་རྣམས་ཕྱོགས་གཅིག་ཏུ་བཀོད་པ་ཡིན་པས་དགོངས་དོན་ཇི་བཞིན་དུ་ཤེས་མེད་ན་བཟོད་པར་གསོལ། འབྲི་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ལེགས་བཤད་ཐུན་མོང་མིན་པ་འགའ་མཇལ་བས་ད་ནི་དམ་པ་འདི་ཉིད་ཀྱི་བསྟན་པ་ལ་རྩལ་འདོན་ཞིག་ཅིས་ཀྱང་བྱེད་དགོས་སྙམ་ནས་བྲིས་པ་དང་། ཀུན་མཁྱེན་མི་ཕམ་པའི་གཞུང་ལེགས་པར་གཟིགས་ན་ཀུན་མཁྱེན་རོང་ཀློང་རྣམ་གཉིས་ཀྱི་གཞུང་ལ་བདེ་བླག་ཏུ་འཇུག་ནུས་པའི་དགོས་པ་ཁྱད་པར་བ་ཡང་མཐོང་བྱུང་། དེའི་ཕྱིར་འདི་དག་གི་དོན་རྒྱས་པར་གཟིགས་འདོད་ན། འཇམ་མགོན་མི་ཕམ་པའི་བརྒལ་ལན་རྣམ་གསུམ། དབུ་མ་རྒྱན་འགྲེལ་འཇམ་དབྱངས་བླ་མ་དགྱེས་པའི་ཞལ་ལུང་། ཤེར་འགྲེལ་ནོར་བུ་ཀེ་ཏ་ཀ གཞུང་སྤྱིའི་དཀའ་གནད་ཟ་མ་ཏོག ངེས་ཤེས་སྒྲོན་མེ་བཅས་ལྔ་དང་། རྒྱལ་བ་ཀློང་ཆེན་པའི་གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་དང་ཡིད་བཞིན་རིན་པོ་ཆེའི་མཛོད། ཀུན་མཁྱེན་རོང་ཟོམ་པའི་ལྟ་བའི་བརྗེད་བྱང་དང་གྲུབ་མཐའི་བརྗེད་བྱང་བཅས་དེ་དག་ལ་ཞིབ་མོར་གཟིགས་ན་རང་ལུགས་ཀྱི་འདོད་པ་ཐུན་མོང་མིན་པ་རྣམས་ཤེས་པ་ལ་ཅིས་ཀྱང་ཕན་ངེས། ཁོ་བོས་ཀྱང་གཞུང་དེ་དག་ལ་འཇུག་པའི་སྒོ་ཙམ་དུ་དམིགས་ནས་བྲིས་པ་ཡང་ཡིན་ནོ། །དེ་དག་གཟུ་བོའི་བློས་དཔྱད་པར་ཞུ།
ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ལེགས་བཤད་རྣམས་ཕྱོགས་གཅིག་ཏུ་བཏུས་པ་འདིས་ཀྱང་བསྟན་པ་དང་འགྲོ་བའི་ཞབས་འདེགས་ཡོང་བའི་སྨོན་འདུན་དང་འདི་ལ་རྣམ་དཀར་དགེ་བའི་ཆ་ཅུང་ཟད་ཙམ་ཞིག་ཡོད་ནའང་རྣམ་གྲོལ་གཏན་གྱི་བདེ་བ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག

འདིར་སྨྲས་པ།
ཐོས་བསམ་བློ་ཡིས་སྒྲོ་འདོགས་ཆོད་པ་མིན། །བསྒོམས་བྱུང་བློ་ཡི་ཉམས་མྱོང་དེ་བས་མིན།།
མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ་དེའི། །མན་ངག་མཐོང་བས་དེ་དག་གཅིག་ཏུ་བསྡུས།།

འགའ་ཞིག་ཚིག་གི་སྤྲོས་པ་ལྷུར་ལེན་བྱེད། །ལ་ལ་ལྟར་སྣང་རིགས་པའི་འཕྲུལ་འཁོར་སྐོར།།
ཁྱོད་གསུང་གཅིག་གིས་གཞུང་ལུགས་འབུམ་གྱི་གནད། །འཁྲོལ་བར་མཐོང་བས་སྙིང་ནས་དད་པ་སྐྱེས།།

ཐུབ་པའི་དགོངས་དོན་ཚང་ལ་མ་ནོར་བ། །རྒྱལ་ཚབ་མགོན་དང་ཀླུ་ཡི་དབང་པོས་བཀྲལ།།
བསིལ་ལྡན་ལྗོངས་འདིར་དེ་ལུགས་མ་ནོར་བར། །གསལ་བར་མཛད་ཁྱོད་འོད་སྟོང་ལྡན་དང་མཚུངས།།

མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་པར། །སྐྱེ་དང་ཚེ་རབས་ཀུན་ཏུ་རྗེས་བཟུང་ནས།།
ཐེ་ཚོམ་བློ་ཡི་མུན་པ་སེལ་བ་ལ། །ཁྱོད་གཞུང་འབའ་ཞིག་ཐོས་བསམ་བྱེད་པར་ཤོག །
མངྒ་ལཾ།།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།