སློབ་དཔོན་བསོད་ནམས་ཚེ་རིང་།
འཆར་ཡན་སྣ་ཚོགས་དེད་པའི་གསོན་ཡུལ་འདི་ནས།།
གཏན་ཚིགས་རྣོན་པོ་ཞིག་ཀྱང་འབུས་ཁུལ་བྱས་ན།།
དགའ་སྡུག་སྤྲིན་ནག་བང་རིམ་ཇི་ཙམ་བརྩེགས་ཀྱང་།།
རང་སེམས་རྣལ་མ་འཁོར་ས་ཐུབ་པ་ཁྱེད་ཡིན།།
ལས་འབྲས་ལང་ཚོ་སྨིན་པ་གངས་རིའི་ལྗོངས་སུ།།
རིགས་ཀྱི་མྱུ་གུ་གསར་དུ་འབུས་པའི་དུས་ནས།།
བརྩེ་བའི་སྤྱན་ཟུང་འདི་ཡང་འཁོར་ཕྱོགས་ཤིག་གིས།།
བདག་དང་བདག་འདྲའི་གདུང་བ་སེལ་བར་བྱས་ཡོད།།
དྲག་ཞན་འགྲན་རྩོད་བྱེད་སའི་མི་ཡུལ་འདི་རུ།།
བདེན་པའི་ལམ་ལ་ཞུགས་པའི་བྱམས་བརྩེའི་བདག་པོ།།
ཆུ་བུར་མིག་གི་དགའ་སྟོན་རེ་རེ་མཇལ་ཚེ།།
དམན་པ་ང་ཡང་ཞི་བས་ལྷོད་པོར་བྱེད་པ།།
མི་སེམས་རླུང་གིས་བསྒུལ་བའི་རེ་དོགས་གསེབ་ནས།།
རྟོག་བཏགས་ཆོ་འཕྲུལ་སྣ་ཚོགས་ཡོ་ལང་བྱས་ཀྱང་།།
ཐུགས་ཁམས་བརྩེ་བས་འཁྱིལ་བའི་དགེ་སློང་ཞིག་གིས།།
རྟེན་འབྱུང་གཏམ་གྱི་སྒོ་མོ་གོ་ལར་འབྱེད་པ།།
སྐྱོ་གདུང་འཚོ་བས་གཡོགས་པའི་ང་དགུའི་དུས་ནས།།
བཞུགས་གནས་ནོར་བུ་གླིང་ཁ་དོར་དགོས་བྱུང་ཡང་།།
ཞི་བདེ་མེ་ཏོག་བསྣམས་པའི་སྐྱེས་མཆོག་ཁྱེད་ཀྱིས།།
དམར་པོ་རི་ཡི་འོད་མདངས་ཡལ་དུ་བཅུག་མེད།།
འདི་ནས་ཡར་ལ་བརྩིས་པའི་ལོ་ཟླ་མང་པོར།།
ང་ཚོའི་ལས་དབང་དོན་ལ་འོ་བརྒྱལ་མྱངས་པ།།
སུ་དང་གང་གིས་ཤེས་ཚོད་རན་པ་ཡིན་པས།།
རྡ་སའི་བཞུགས་སྒར་དེ་ལ་སྐུ་ངལ་གསོ་རོགས།།
གཏན་གྱི་བདེ་བས་ཁྱབ་པའི་ཞལ་ཁྱིམ་དེ་རུ།།
བྱམས་བརྩེའི་འོད་མདངས་འཛུམ་པ་མཇལ་ཐེངས་རེ་ལ།།
ས་སྒང་འདི་རུ་མི་ཚོགས་ཁྲི་མ་འབུམ་གྱི།།
གུ་ཡངས་ལང་ཚོ་གསར་པའི་སྒོ་མོ་ཕྱེ་སོང་།།
ཁྲིམས་རྔའི་དབྱངས་ལ་སྐར་ལྔའི་དར་ལྕོག་དམར་པོ།།
ཐབས་ཤེས་འཁྲུལ་འཁོར་རྣོན་པོས་དུམ་བུར་གཏུབས་ནས།།
གཞིས་བྱེས་ལྷན་དུ་འཛོམ་པའི་སྐལ་བཟང་དེ་ཡང་།།
གངས་རིའི་ལས་སྐལ་ཡིན་པས་ཁྱེད་ལ་བཅོལ་ཡོད།།
ཟང་ཟིང་ལས་ལ་འཕྲེང་བའི་བདག་དང་བདག་འདྲ།།
འཇིག་གནས་སྲིད་པའི་ཁྱིམ་གནས་མ་སྤངས་བར་དུ།།
ཁྱེད་ཀྱི་བརྩེ་བས་བསྐྱངས་པའི་དྲོད་ཁོལ་འོག་ནས།།
ཚེ་རབས་ཀུན་ཏུ་འབྲལ་མེད་ཐུགས་རྗེས་ཟུང་ཞིག །