མིང་ཚིག་གི་ཁྱད་པར་ལ་གསལ་ཁ་བཏོད་པ།

ལོ་རིམ་དྲུག་པའི་སློབ་གཉེར་བ། ཤེས་རབ་རྒྱལ་མཚན།

རིག་པའི་གནས་ལ་བློ་ཁ་ཕྱོགས་བཞིན་ཕྱོགས་བཞིན།།
སྐད་ཡིག་འདི་ལ་དུང་བ་ཟབ་ཏུ་ཟབ་ཏུ།།
ཆོས་རྒྱལ་ལོ་པཎ་མཛད་རྗེས་བསམས་ཤིང་བསམས་ན།།
གུས་འདུད་ཞུ་ལ་སྤྲོ་བ་སྙིང་ནས་བརྟས་སོང་།།

འདིར་བྲིས་པའི་ནང་དོན་གཙོ་བོ་ནི་མིང་ཚིག་གི་ཁྱད་པར་བྲིས་ཡོད། དེ་དང་མཉམ་དུ་ནང་དོན་དེ་དང་འབྲེལ་ཆེ་བ་ཚོགས་གསུམ་གྱི་གདགས་གཞི་ངོས་འཛིན་དང་། ཚོགས་གསུམ་གྱི་ཚོགས་ཞེས་པའི་མིང་མཐར་པ་ཡོད་མེད་ཀྱི་ཁྱད་པར། མིང་ཚིག་གི་གོ་དོན་འཇོག་ཚུལ་ལ་གནའ་དེང་གི་བརྡ་སྤྲོད་སྨྲ་བ་འགའ་ཡི་བཞེད་ཚུལ། དེང་རབས་ཀྱི་བརྡ་སྤྲོད་སྨྲ་བ་འགའ་ཡི་བཞེད་པ་འཐད་ཕྱོགས་སུ་བཟུང་ནས་མིང་ཚིག་གི་ཁྱད་པར་ལ་ཁྱད་ཆོས་ལྔ་ཡི་ལམ་ནས་གསལ་ཁ་བཏོད་ཡོད་པ་བཅས་སོ།།

ཚོགས་གསུམ་གྱི་གདགས་གཞི་ངོས་འཛིན།

མིང་ཚིག་གཉིས་ནི་ཚོགས་གསུམ་གྱི་ནང་གསེས་མིང་གི་ཚོགས་དང་ཚིག་གི་ཚོགས་ཡིན་ལ། དེ་གཉིས་ཀྱི་ཁྱད་པར་གླེང་བ་ལ་ཚོགས་གསུམ་གྱི་གདགས་གཞི་ངོས་འཛིན་ཤེས་དགོས་པ་གལ་ཆེན་དུ་མཐོང་ནས། དང་པོ་ཚོགས་གསུམ་གྱི་གདགས་གཞི་ངོས་གཟུང་བར་བྱ་སྟེ། བཀོལ་ཐབས་ཀྱི་བརྡ་ཆད་འགའ་ཤས་ཡི་གེའི་དག་ཆ་གཅིག་པ་ཡིན་ཡང་། སྐབས་ཐོག་གི་གཞུང་ལུགས་སོ་སོར་འཇུག་ཡུལ་དམིགས་བསལ་བ་རེ་དང་། གདགས་ᨵཞི་དངོས་པོ་གཅིག་ལ་ཡང་གཞུང་ལུགས་མི་འདྲ་བ་རེ་རེའི་ནང་དུ་བཀོལ་ཐབས་ཀྱི་བརྡ་ཆད་ཐུན་མིན་རེ་ཡོང་གི་ཡོད་པ་ལས། འདིར་ཚོགས་གསུམ་ཞེས་པ་ནི་བོད་ཀྱི་བརྡ་སྤྲོད་གཞུང་གི་བརྡ་ཆད་ཅིག་ཡིན་པ་ཐུགས་ལ་ངེས་དགོས་པ་རྩ་བའི་ཆ་རྐྱེན་ཞིག་ཡིན། སྐབས་རེ་ཚོགས་གསུམ་ཞེས་པ་མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་གསུམ་གྱི་སྤྱི་མིང་དུ་འདོགས་ཏེ། ཆོས་ཀྱི་རྣམ་གྲངས་ལས།[1]  ཚོགས་གསུམ་ནི། མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་སོ། །ཞེས་སོ། །སྐབས་རེ་མིང་གི་ཚོགས་དང་། ཕྲད་དང་རྣམ་དབྱེའི་ཚོགས་དང་། བྱ་བའི་ཚིག་གི་ཚོགས་གསུམ་གྱི་སྤྱི་མིང་དུ་བཏགས་པ་ཡོད་དེ། ཉན་ཤུལ་མཁྱེན་རབ་འོད་གསལ་གྱི་རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་ལས།[2] དེ་ལས་དང་པོ་མིང་གི་ཚོགས་ཞེས་པ་ནི། ཞེས་དང་། ད་ནི་གཉིས་པ་ཕྲད་དང་རྣམ་དབྱེའི་ཚོགས་ནི། ཞེས་དང་། ད་ནི་འདིར་བསྟན་བྱའི་གཙོ་བོ་བྱ་བའི་ཚིག་གི་ཚོགས་ཏེ་ཞེས་སོ།།

ཚོགས་གསུམ་གྱི་ཚོགས་ཞེས་པའི་མིང་མཐར་པ་ཡོད་མེད་ཀྱི་ཁྱད་པར།

མིང་ཚིག་གཉིས་ཀྱི་ཁྱད་པར་གླེང་བ་ལ། མིང་དང་། ཚིག་དང་། བྱ་ཚིག་གསུམ་གྱི་ཚོགས་དང་ཚོགས་པ་ཞེས་པའི་མིང་མཐར་པ་ཡོད་མེད་ཀྱི་ཁྱད་པར་ཤེས་ན་མིང་ཚིག་གཉིས་ཀྱི་ཁྱད་པར་ལ་གསལ་ཁ་དོད་པར་ཕན་ཐོགས་ཆེ་བས་གླེང་བར་བྱ། མིང་གི་ཚོགས་དང་མིང་གི་ཚོགས་པ། ཚིག་གི་ཚོགས་དང་ཚིག་གི་ཚོགས་པ། བྱ་ཚིག་གི་ཚོགས་དང་བྱ་ཚིག་གི་ཚོགས་པ་སྟེ། ཚོགས་ཞེས་པའི་མིང་མཐར་པ་སྦྱར་ཡོད་མེད་ལ་དབྱེ་ཞིབ་བྱས་ན་རང་ངོས་ནས་གོ་རྒྱུ་ཐུན་མིན་རེ་ཡོད་དེ། མིང་གི་ཚོགས་ཞེས་པ་ནི་མིང་གི་རྒྱུ་དང་། ངོ་བོ་དང་། བྱེད་ལས་དང་། དབྱེ་བའི་རྣམ་གྲངས་སོགས་ལ་འཇུག་པས། མིང་གི་རྣམ་གཞག་ཅེས་པའི་དོན་ཡིན་ཏེ། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིᨵ་འཕྲུལ་སྣང་མཛོད་ལས།[3] འདིར་བསྟན་གྱི་མིང་གི་ཚོགས་པ་དང་། སྨྲ་སྒོ་མཚོན་ཆ་དང་། ཚོགས་གསུམ་གསལ་བ་སོགས་ལས་བསྟན་པའི་མིང་གི་ཚོགས་གཉིས་གཅིག་ཏུ་གཟུང་བར་མི་བྱ་སྟེ། མིང་གི་ཚོགས་ཞེས་པ་ནི་མིང་གི་རྒྱུ་དང་། ངོ་བོ་དང་། ལྡང་ཚད་དང་། ངེས་པའི་ཚིག་དང་། དབྱེ་བའི་རྣམ་གྲངས་བཅས་ཀྱི་སྤྱི་ལ་བྱ་བས་མིང་གི་རྣམ་ᨵཞག་དང་དོན་གཅིག་ཏུ་སྣང་ལ། ཞེས་སོ། །མིང་གི་ཚོགས་པ་ནི་བཤད་སྒྲུབ་ལས་གསུམ་དང་། ཐོས་བསམ་སྒོམ་གསུམ་ལྟ་བུ་མིང་དུ་མ་འདུས་པའི་ཚོགས་པ་ལ་གོ་སྟེ། དེ་ཉིད་ལས།[4] མིང་གི་ཚོགས་པ་ནི་མིང་རྐྱང་འདུས་ལས་ལྷག་པའི་བརྗོད་བྱའི་དོན་ལ་གཞོལ་བའི་སྒྲའི་སྦྱོར་བ་ཞིག་ལ་བྱ་ཞིང་། དེའི་བསྡུས་མིང་ལ་མིང་ཚོགས་ཞེས་ཀྱང་རུང་མོད། མིང་གི་ཚོགས་ཞེས་བསྡུས་སུ་མེད་པས། མིང་གི་ཚོགས་པ་དང་མིང་གི་ཚོགས་ཞེས་པའི་ཐ་སྙད་ལས་ཀྱང་དོན་ཐ་དད་དུ་རྟོགས་པར་བྱའོ། །ཞེས་སོ།།

ཚིག་གི་ཚོགས་དང་ཚིག་གི་ཚོགས་པའང་དེ་བཞིན་ཏེ། ཚིག་གི་ཚོགས་ཞེས་པ་ཚིག་གི་རྣམ་གཞག་ལ་གོ་བ་དང་། ཚིག་གི་ཚོགས་པ་ཞེས་པ་ནི་ཚིག་དུ་མ་འདུས་པའི་ཚོགས་པ་ངག་གི་བརྗོད་པ་ཞིག་ལ་གོ་སྟེ། དེ་ཉིད་ལས།[5] བརྗོད་པ་ཞེས་པ་ནི་ཚིག་དུ་མ་འདུས་པའི་བརྗོད་འབྲེལ་གྱི་ངག་གི་ཚོགས་པའི་མིང་སྟེ། ཚིག་ཚོགས་དང་དོན་གཅིག་གོ །ཞེས་སོ། །ཚིག་ཚོགས་ཞེས་པ་ཚིག་གི་ཚོགས་པའི་བསྡུས་མིང་སྟེ། གོང་དུ་མིང་གི་ཚོགས་དང་ཚོགས་པ་གླེང་སྐབས་མིང་ཚོགས་ནི་མིང་གི་ཚོགས་པའི་བསྡུས་མིང་ལ་མིང་ཚོགས་ཞེས་བསྡུས་མིང་བཏགས་ན་རུང་བར་གསུངས་པ་བཞིན། ཚིག་གི་ཚོགས་པའི་བསྡུས་མིང་ལའང་ཚིག་ཚོགས་ཞེས་བཏགས་པ་འཐད་དོ།།

དེ་བཞིན་བྱ་ཚིག་གི་ཚོགས་དང་བྱ་ཚིག་གི་ཚོགས་པའང་། བྱ་ཚིག་གི་ཚོགས་ཞེས་པ་བྱ་ཚིག་གི་ངོ་བོ་དང་། དབྱེ་བ་སོགས་བྱ་ཚིག་གི་རྣམ་གཞག་ལ་གོ་བ་དང་། བྱ་ཚིག་གི་ཚོགས་པ་ཞེས་པ་བྱ་ཚིག་དུ་མ་ཚོགས་པའི་ཚོགས་པ་ལ་གོ་ན་རུང་བར་སྙམ་སྟེ། གོང་དུ་མིང་གི་ཚོགས་དང་ཚོགས་པ། ཚིག་གི་ཚོགས་དང་ཚོགས་པའི་དབྱེ་ཞིབ་འབྱེད་སྟངས་དང་རིགས་པའི་འགྲོས་མཚུངས་པས་སོ། །དཔེར་ན་མདོ་སྔགས་རིག་གནས་དང་བཅས་པའི་བསླབ་པ་མཐཪ་སོན་ཏེ་ངེས་གསང་ལེགས་བཤད་མཛོད་འཆང་གི་ཕྱག་ཁྱེར་བླངས། ལྟ་བུའོ།།

མིང་གི་ཚོགས་ཀྱི་གོ་དོན་ལ་བརྡ་སྤྲོད་སྨྲ་བ་འགའ་ཡི་བཞེད་ཚུལ་གླེང་བ།

མིང་གི་གོ་དོན་འཇོག་ཚུལ་ལ། ལོ་ཙཱ་བ་ལྕེ་ཁྱི་འབྲུག་གིས་མཛད་པའི་གནས་བརྒྱད་ཆེན་པོ་ལས། མིང་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཀྱི་ཚིག་བླ་དྭགས་ཏེ་ཡི་གེ་འདུས་པའི་བདག་ཉིད་དོ། །ཞེས་མིང་གི་གོ་དོན་ངོ་བོ་དང་། འགྲུབ་བྱེད་ཀྱི་རྒྱུའི་ཆ་ནས་བཞག་པ་དང་། དེ་བཞིན་པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀིརྟིས་ཀྱང་མིང་གི་གོ་དོན་འགྲུབ་བྱེད་རྒྱུའི་ཆ་ནས་བཞག་ཡོད་དེ། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ལས།[6] ཇི་ལྟར་རྡུལ་ལས་གོང་བུ་བཞིན། །ཡི་གེ་འདུས་པར་གྱུར་པ་ན། །མིང་ནི་རབ་ཏུ་འགྲུབ་པར་འགྱུར། །ཞེས་སོ། །དེའི་དོན་དང་མཐུན་པར། ཀུན་མཁྱེན་རོང་ཟོམ་ཆོས་བཟང་གིས་མཛད་པའི་སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ་ལས།[7] དེ་ལ་འདིས་ནི་མིང་གི་ཚོགས་ཀྱི་རྒྱུ་བསྟན་ཏོ། །དེ་བཞིན་དུ་རང་གི་ངོ་བོ་དང་། ལྡང་ཚད་དང་། ངེས་པའི་ཚིག་དང་། དབྱེ་བ་རྣམས་ཀྱིས་འདི་ཡང་བསྟན་པར་ཤེས་པར་བྱའོ། །དེ་ལ་རྒྱུ་ནི་དཔེར་ན་རྡུལ་ཕྲ་རབ་འདུས་པ་ལས་གོང་བུ་གྲུབ་པ་ན་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་བཞིན་ཡི་གེ་འདུས་པ་ལས་མིང་འགྲུབ་སྟེ། ཡི་གེ་ཉིད་ཀྱང་མིང་མ་ཡིན། ཡི་གེ་ལས་གུད་ན་ཡང་མིང་མེད་དེ། ཡི་གེ་འདུས་པའི་གནས་སྐབས་ལ་མིང་ཞེས་བྱའོ། །མིང་འདུས་པ་ལས་ཚིག་ཀྱང་དེ་བཞིན་ནོ། །ཞེས་རྡུལ་ལས་གོང་བུ་འགྲུབ་སྟངས་དང་མཚུངས་ཆོས་སུ་སྦྱར་ནས་མིང་ནི་ཡི་གེ་འདུས་པ་ལས་འགྲུབ་ཚུལ་ཞིབ་ཕྲའི་སྒོ་ནས་བཤད་ཅིང་། ཞོར་དུ་ཚིག་ཀྱང་མིང་འདུས་པ་ལས་འགྲུབ་ཚུལ་བཤད་དོ།།

སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བས། ལོ་ཙཱ་བ་ལྕེ་ཁྱི་འབྲུག་དང་། པཎྜི་ཏ་སྨྲི་ཏི་ཛྙཱ་ན་ཀིརྟིའི་གོ་དོན་འཇོག་ཚུལ་ལས་ཅུང་ཟད་ཐ་དད་པ་ཞིག་བཞག་ཡོད་དེ། སུམ་རྟགས་འགྲེལ་པ་མུ་ཏིག་ཕྲེང་མཛེས་ལས། དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ནི་མིང་ཡིན། ཞེས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་མིང་གི་གོ་དོན་དུ་བཞག་པ་འདི་གོང་དུ་བཞག་པའི་གོ་དོན་དེ་གཉིས་ལས་ཅུང་ཙམ་གསལ་ཁ་དོད། ནམ་རྒྱུན་ཡོངས་གྲགས་སུ་ཕལ་ཆེ་བས་གོ་དོན་འཇོག་ཚུལ་དེ་གསུམ་དང་མཐུན་པར་ཡི་གེ་དུ་མ་འདུས་པ་མིང་གི་གོ་དོན་དུ་འཇོག་པ་གཅིག་དང་། དོན་གྱི་ངོ་བོ་ཙམ་སྟོན་པ་མིང་གི་གོ་དོན་དུ་འཇོག་པ་འདི་གཉིས་ཁྱབ་ཆེ་བར་སྣང་ཡང་། གོང་དུ་གནས་བརྒྱད་ཆེན་པོ་དང་། སྨྲ་སྒོ་མཚོན་ཆ། མུ་ཏིག་ཕྲེང་མཛེས་ནས་བསྟན་པའི་མིང་གི་གོ་དོན་འཇོག་ཚུལ་དེ་གསུམ་ཀ་ལས་ཅུང་ཙམ་གསལ་ཁ་དོད་པ་ཞིག ས་པཎ་གྱི་མཁས་འཇུག་ལས།[8] ཡི་གེ་འདུས་པའི་བདག་ཉིད་ཅན། །དོན་གྱི་ངོ་བོ་བརྡ་སྤྲོད་པ། །མིང་ཡིན་་་་་་་་། །ཞེས་ཙམ་སྒྲ་ཕུད་དེ་མིང་གི་འགྲུབ་རྒྱུ་དང་བྱེད་ལས་གཉིས་ཀ་བསྡོམས་ནས་མིང་གི་གོ་དོན་ལ་གསལ་ཁ་བཏོད་ཡོད།

དེ་ལ་ལྕགས་ཐར་རྒྱལ་གྱིས་གླེང་བ་ལྟར་ན། གོང་འཁོད་ཀྱི་གོ་དོན་དེ་དག་ཐམས་ཅད་མིང་ཚིག་བར་གྱི་ཁྱད་པར་གསལ་པོ་འབྱེད་ནུས་ཀྱི་གོ་དོན་མིན་པར་བཞེད་དེ། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་ལས།[9] ཡི་གེ་དུ་མ་འདུས་པ་མིང་དུ་འདོད་པ་དེ་ཡང་མི་རུང་སྟེ། ཚད་མ་རིགས་གཏེར་གྱི་འགྲེལ་བའི་རྣམ་བཤད་རིགས་ལམ་གསལ་བའི་ཉི་མ་ལས། རྣམ་པར་དབྱེ་བའམ་བརྗོད་འདོད་ཀྱི་དོན་གྱི་ངོ་བོ་ལ་བརྡ་མི་སྤྲོད་ན་ཡི་གེ་འདུས་པ་ཙམ་གྱིས་མིང་དུ་མི་འགྱུར་ཏེ། དོན་མི་སྟོན་པའི་ཡི་གེ་འདུས་པའང་མིང་དུ་ཐལ་བས་སོ། །རྗེས་འཇུག་གི་ཡི་གེ་གང་རུང་ཞིག་མ་ཞུགས་ན་སྔོན་མིང་བརྩེགས་འདོགས་སོགས་ཇི་ལྟར་ཚོགས་ཀྱང་དོན་ཅི་ཡང་སྟོན་པར་མི་འགྱུར་བ་ནི་བོད་ཀྱི་སྐད་ཡིག་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ཏུ་འཁུམས་པས། ཡི་གེ་དུ་མ་འདུས་པ་མིང་གི་མཚན་ཉིད་དུ་བྱེད་པ་དེ་ཡང་ལེགས་པར་མ་མཐོང་ངོ་། །ཞེས་ཡི་གེ་དུ་མ་འདུས་པ་མིང་གི་གོ་དོན་དུ་བཞག་པ་དེ་གོ་དོན་ཡང་དག་མིན་པར་བཤད་པ་དང་། དོན་གྱི་ངོ་བོ་ཙམ་སྟོན་པ་ཞེས་ཙམ་སྒྲ་བསྣན་པ་དེ་ཡང་མིང་གི་གོ་དོན་ཡང་དག་མིན་པར་བཞེད་དེ། དེ་ཉིད་ལས།[10] མིང་གི་མཚན་ཉིད་ལ། དོན་གྱི་ངོ་བོ་ཙམ་སྟོན་པ་ཞེས་ཙམ་སྒྲ་བསྣན་པའི་ལུགས་དེ་དང་ཙམ་སྒྲའི་བྱེད་པས་དོན་གྱི་ཁྱད་པར་སྟོན་པ་གཅོད་པར་བཞེད་པ་ལྟར་ན། རིའི་རྩེ་མོ་དང་། འདུས་བྱས་མི་རྟག་པ་ལྟ་བུ་ཁྱད་པར་དང་འབྲེལ་བའི་མིང་རྣམས་མི་འདུ་བའི་སྐྱོན་འབྱུང་བ་དང་། མིང་ཞེས་པ་དངོས་པོ་དག་གི་མིང་རྐྱང་པ་ལ་བྱས་ན་ཁྱབ་ཆུང་ཞིང་། མིང་ཐམས་ཅད་མི་འདུའོ། །ཞེས་དོན་གྱི་ངོ་བོ་ཙམ་སྟོན་པ་མིང་གི་གོ་དོན་དུ་བཞག་པ་ནི། ས། ཆུ། མེ། རླུང་ལྟ་བུ་མིང་རྐྱང་ཙམ་གྱི་གོ་དོན་ཡིན་པ་ལས་མིང་ཐམས་ཅད་ལ་ཁྱབ་པའི་གོ་དོན་མིན་པར་བཞེད་དོ།།

གོང་འཁོད་ལྟར། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་དུ། རིའི་རྩེ་མོ་དང་། འདུས་བྱས་མི་རྟག་པ་ལྟ་བུ་མིང་གི་དཔེར་བརྗོད་དུ་བཀོད་འདུག་ཀྱང་། ཉན་ཤུལ་མཁྱེན་རབ་འོད་གསལ་གྱིས་དེ་དང་ཆ་འདྲ་བའི་མིང་རྣམས་ཚིག་ཡིན་པར་གསུངས་ཏེ། རྟགས་ཀྱི་འཇུག་པའི་དཀའ་འགྲེལ་གནད་ཀྱི་སྒྲོན་མེ་ལས།[11] ཡང་། ས་ཡི་གོ་ལ་དང་། ཆུ་ཡི་རྦ་རླབས། ཉི་མའི་འོད་ཟེར་སོགས་ཀྱི་ཚིག་རྣམས་དང་། གོང་གི་ས་མཁྲེགས་པོ། ཆུ་ཆེན་པོ། ཉི་མ་དམར་པོ་རྣམས་གཅིག་གམ་སྙམ་ན་མི་གཅིག་སྟེ། དང་པོ་རྣམས་ལ་དྲུག་སྒྲ་ཡོད་པ་དང་། གཉིས་པ་རྣམས་ལ་དྲུག་སྒྲ་མི་འཇུག་པ་ཡིན། དེའི་རྒྱུ་མཚན་ནི། ས་དང་གོ་ལ། ཆུ་དང་རྦ་རླབས། ཉི་མ་དང་འོད་ཟེར་སོགས་ནི་ཆོས་ཅན་བརྗོད་པའི་མིང་གཉིས་ལ་རྣམ་དབྱེ་དྲུག་པའི་རྐྱེན་སྦྱར་ཏེ་ཚིག་ཏུ་གྲུབ་པ་ཡིན་ལ། ཞེས་གསུངས་པ་ལྟར་ན། གོང་དུ་བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་དུ། རིའི་རྩེ་མོ་དང་། འདུས་བྱས་མི་རྟག་པ་ལྟ་བུ་མིང་གི་དཔེར་བརྗོད་དུ་བཀོད་པ་དེ་ཡང་མིང་མིན་པར་ཚིག་ཡིན་དགོས་པར་སྣང་སྟེ། རིའི་རྩེ་མོ་དང་། འདུས་བྱས་མི་རྟག་པ། ཉི་མའི་འོད་ཟེར། ཆུ་ཡི་རྦ་རླབས་ཏེ་འདི་གསུམ་མིང་ཡིན་ན་ཡིན་མཉམ་དང་མིན་ན་མིན་མཉམ་ཡིན་དགོས་པ་ལས་ཁྱད་པར་མེད་པའི་ཕྱིར་རོ།།

ཚིག་གི་ཚོགས་ལ་བརྡ་སྤྲོད་སྨྲ་བ་འགའ་ཡི་བཞེད་ཚུལ་གླེང་བ།

ཚིག་ཅེས་པའི་དོན་ནི་འཇུག་ཡུལ་གཞི་གཅིག་ཁོ་ན་ལ་འཇུག་པ་མིན་པར། སྒྲ་ཡངས་འཇུག་དང་། དོག་འཇུག་གི་དབང་གིས་འཇུག་ཚུལ་མི་འདྲ་བ་ཡོད་པས། སྒྲ་ཡངས་པའི་དབང་དུ་བྱས་ན་མིང་གི་ཁོངས་སུ་གཏོགས་མ་གཏོགས་གཉིས་ཀའི་ཚིག་ལ་འཇུག་པ་དང་། སྒྲ་དོག་པའི་དབང་དུ་མིང་ཚིག་ཡི་གེ་གསུམ་གྱི་ཟླས་ཕྱེ་བའི་ཚིག་ལ་འཇུག་པ་གཉིས་ཏེ། དོར་ཞི་གདོང་དྲུག་སྙེམས་བློས་མཛད་པའི་བྱ་ཚིག་གི་རྣམ་གཞག་རིག་པའི་གྲུ་གཟིངས་ལས།[12] སྤྱིར་ཚིག་ཅེས་པའི་དོན་ལ། མིང་ཚིག་ཡི་གེ་གསུམ་གྱིས་ཕྱེ་བའི་ཚིག་དང་། མིང་གི་ཁོངས་གཏོགས་རྗོད་བྱེད་ཀྱི་སྒྲ་ཙམ་ལ་བཏགས་པ་གཉིས་ལས་འདི་ནི་ཕྱི་མའོ། །ཞེས་སོ།།

འདིར་གླེང་བར་བྱ་བའི་ཚིག་གི་ཚོགས་ནི་མིང་ཚིག་ཡི་གེ་གསུམ་གྱི་ཟླས་ཕྱེ་བའི་ཚིག་ཡིན། ཚིག་གི་གོ་དོན་འཇོག་ཚུལ་ལ། གནས་བརྒྱད་ཆེན་པོ་ལས།[13] ཚིག་ནི་ཆོས་རྣམས་ཀྱི་ཁྱད་པར་གྱི་ཚིག་བླ་དྭགས་ཡིན་ཏེ་མིང་འདུས་པའི་བདག་ཉིད་ཅན་ཡིན་ནོ། །ཞེས་ཚིག་གི་ངོ་བོ་དང་། འགྲུབ་རྒྱུའི་ཆ་ནས་བཞག་པ་དང་། སྨྲ་བའི་སྒོ་མཚོན་ཆ་ལྟ་བུ་ལས།[14] གལ་ཏེ་མིང་གཉིས་འདུས་པའམ། །འོན་ཏེ་མང་པོ་འདུས་ཀྱང་རུང་། །དེའི་ཁྱད་པར་རྗོད་བྱེད་ན། །ཚིག་ཅེས་རབ་ཏུ་བརྗོད་པ་སྟེ། །ཕྲད་རྣམས་དག་དང་བཅས་པ་ཡིན། །ཞེས་དང་། དེའི་དོན་དང་མཐུན་པར། སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ་ལས།[15] དེ་ལ་ཚིག་ཅེས་བྱ་བ་ནི་མིང་འདུས་པ་ལ་བྱ་སྟེ། ཇི་ལྟར་དོན་གྱི་ཁྱད་པར་སྟོན་ན་མིང་གཉིས་སམ། མང་པོ་འདུས་ཀྱང་རུང་སྟེ་ཚིག་ཅེས་བྱའོ། །འདི་ལྟར་ཀ་བ་རིང་པོ་ཞེས་བརྗོད་ན་ཀ་བའི་ཁྱད་པར་རྗོད་པར་བྱེད་དོ། །དེ་བཞིན་དུ་ཀ་བ་རིང་པོ་འདི་ནི་དཀར་པོའོ་ཞེས་བྱ་བ་ལ་སོགས་པའང་ཚིག་ཅེས་བྱའོ། །ཚིག་རྣམས་འབྲེལ་བར་བྱེད་པ་ནི་ཚིག་ཕྲད་དོ། །ཞེས་དཔེར་བརྗོད་དང་སྦྲགས་ནས་ཚིག་གི་གོ་དོན་གསུངས་སོ།།

མིང་ཚིག་གི་ཁྱད་པར་ལ་གསལ་ཁ་བཏོད་པ།

གོང་དུ་མིང་ཚིག་གི་གོ་དོན་འཇོག་ཚུལ་ཐད་ལ་གནའ་དེང་གི་བརྡ་སྤྲོད་སྨྲ་བ་འགའ་ཡི་བཞེད་ཚུལ་རགས་ཙམ་གླེངས་ཟིན་ཅིང་། འདི་ནས་དེང་རབས་ཀྱི་བརྡ་སྤྲོད་སྨྲ་བ་འགའ་ཡི་བཞེད་པ་འཐད་ཕྱོགས་སུ་གཙོ་བོར་བཟུང་ནས། མིང་ཚིག་གཉིས་ཀྱི་ཁྱད་པར་མ་འདྲེས་པར་གསལ་པོར་གོ་ཐུབ་པའི་ཆེད་གསལ་ཁ་གཏོད་པར་བྱ་སྟེ། གནའ་རབས་ཀྱི་བརྡ་སྤྲོད་སྨྲ་བ་རྣམ་པའི་བཞེད་པ་དང་། ཡོངས་གྲགས་ལ་སྒྲ་ཚད་ཀྱི་གཞུང་སོགས་སུ་ཁྱབ་ཆེ་བའི་དོན་གྱི་ངོ་བོ་སྟོན་པ་མིང་དང་། དོན་གྱི་ཁྱད་པར་སྟོན་པ་ཚིག་ཅེས་པ་དེས། མིང་དང་ཚིག་གི་ཁྱད་པར་གསལ་པོར་འབྱེད་ཐུབ་ཀྱི་མེད་སྟབས། བདག་འདྲ་བའི་རིག་གནས་སློབ་པའི་གོམ་པ་དང་པོ་ལྟ་བུ་ལ་མཚོན་ན་མིང་ཚིག་གཉིས་ཀྱི་ཁྱད་པར་གསལ་པོར་གོ་ཐུབ་པའི་གོ་དོན་ཞིག་ཅིས་ཀྱང་དགོས་གལ་ཆེའོ།།

དེར་བརྟེན་དོན་གྱི་ངོ་བོ་སྟོན་པ་དང་དོན་གྱི་ཁྱད་པར་སྟོན་པ་མིང་ཚིག་གཉིས་ཀ་ལ་ཡོད་ཀྱང་། མིང་ཚིག་གཉིས་སོ་སོའི་བསྟན་བྱའི་དོན་དེ་རྫོགས་པར་སྟོན་ནུས་མི་ནུས་ཀྱི་ཆ་ནས་ཁྱད་པར་གཙོ་བོ་འཇོག་དགོས་ཏེ། དོར་ཞི་གདོང་དྲུག་སྙེམས་བློས་མཛད་པའི་བྱ་ཚིག་གི་རྣམ་གཞག་རིག་པའི་གྲུ་གཟིངས་ལས།[16] སྒྲ་ཚད་ཀྱི་གཞུང་སོགས་སུ། དོན་གྱི་ངོ་བོ་སྟོན་པ་མིང་། དེ་ཡི་ཁྱད་པར་སྟོན་པ་ཚིག་ཅེས་པའི་ཚིག་གི་མཚན་གཞིར། བུམ་པ་མི་རྟག་པའོ་ཞེས་དང་། བུམ་པའི་མི་རྟག་པ་ཞེས་པར་རིགས་གཉིས་ཡོད་ཀྱང་། སྔ་མ་ནི་བརྡ་སྤྲོད་སྤྱིའི་ལུགས་ལ་ཚིག་མཚན་ཉིད་པ་ཡིན་ཡང་། ཕྱི་མ་ནི་བརྗོད་བྱའི་དོན་མ་རྫོགས་པས་མིང་གི་ཁོངས་སུ་གཏོགས་པ་ཡིན། ཞེས་པས་བུམ་པ་མི་རྟག་པ་ལྟ་བུ་བསྟན་བྱའི་དོན་རྫོགས་པར་སྟོན་མི་ནུས་པས་མིང་དང་། བུམ་པ་མི་རྟག་པའོ་ལྟ་བུ་བསྟན་བྱའི་དོན་རྫོགས་པར་སྟོན་ནུས་པས་ཚིག་ཡིན་ནོ།།

དེ་བཞིན་བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད་ལས།[17] ཚིག་ཅེས་པ། མིང་དུ་མ་འདུས་པ་ལ་ཚིག་ཕྲད་སྦྱར་མིན་གང་ཡང་རུང་བ་དང་། གསལ་བྱེད་ཀྱི་སྒྲ་དང་ལྡན་པ་དང་། པ་བ་སོགས་ཀྱི་མིང་མཐའ་མེད་པ་དང་། བསྟན་བྱ་དོན་གྱི་ཁྱད་པར་རྫོགས་པར་སྟོན་པ་དང་། གདངས་ཀྱི་འདེགས་འཇོག་གསལ་བ་བཅས་ཁྱད་ཆོས་ལྔ་དང་ལྡན་པའི་རྗོད་བྱེད་ཀྱི་སྒྲ་ཞིག་ལ་དེ་སྐད་ཅེས་བྱའོ། །ཞེས་པ་ལྟར། དྲངས་མ་ཐག་པའི་ཁྱད་ཆོས་སམ་ཟུར་ལྔ་པོ་དེ་དག་མིང་ཚིག་གི་ཁྱད་པར་འབྱེད་པའི་ཁྱད་ཆོས་གལ་ཆེན་རེ་ཡིན་པས་འདིའི་གཤམ་ནས་གཟབ་ནན་གྱིས་བཀླགས་ཏེ་ངེས་པར་འཚལ།

ཁྱད་ཆོས་དང་པོ། མིང་དུ་མ་འདུས་པ་ལ་ཚིག་ཕྲད་སྦྱར་མིན་གང་ཡང་རུང་བ། འགྲུབ་བྱེད་ཀྱི་རྒྱུ་མིང་དུ་མ་འདུས་དགོས་ཤིང་། དེ་ལ་ཚིག་ཕྲད་སྦྱར་མ་སྦྱར་ཅི་རིགས་ཡོད་དེ། དཔེར་ན་འཛིན་ཁང་ལ་འགྲོ་ལྟ་བུ་ལ་མཚོན་ན་རྣམ་དབྱེ་གཉིས་པའི་ཕྲད་ལ་སྒྲ་སྦྱར་ནས་དོན་སྟོན་པ་དང་། ཡལ་ག་ལོ་འདབ་རྒྱས་ལྟ་བུ་ལ་མཚོན་ན་ཕྲད་མ་སྦྱར་ཡང་སྐབས་དོན་རྫོགས་པར་སྟོན་པ་ལྟ་བུའོ། །དེས་ན་ཚིག་ཕལ་ཆེ་བ་ལ་ཚིག་ཕྲད་སྦྱར་ནས་དོན་སྟོན་པ་ཡོད་ཀྱང་། ཚིག་རེ་ཟུང་ཚིག་ཕྲད་མ་སྦྱར་ཀྱང་དོན་སྟོན་པ་ཡོད་པས་ཚིག་ཕྲད་སྦྱར་མིན་གང་ཡང་རུང་བ་ཞེས་སྨོས་པའོ།།

ཁྱད་ཆོས་གཉིས་པ། གསལ་བྱེད་ཀྱི་སྒྲ་དང་ལྡན་པ། ཚིག་ལ་སྐབས་དོན་དེའི་མཐར་ཕྲད་དང་། བྱ་ཚིག ཁྱད་ཆོས་བརྗོད་པའི་སྒྲ། དཔེ་དོན་གསལ་བྱེད་སོགས་གསལ་བྱེད་ཀྱི་སྒྲ་དང་ལྡན་དགོས་ཏེ། རིགས་ཀྱི་བུ་ལེགས་སོ་ལྟ་བུ་སླར་བསྡུའི་ཕྲད་སྦྱར་ནས་སྐབས་དོན་གསལ་བར་བྱེད་པ་དང་། ལུགས་གཉིས་ཀྱི་སྲོལ་བཟང་དར་ལྟ་བུ་བྱ་ཚིག་གིས་སྐབས་དོན་གསལ་བར་བྱེད་པ་དང་། དོན་དམ་པའི་གནས་ལུགས་ཟབ་ལྟ་བུ་ཁྱད་ཆོས་བརྗོད་པའི་སྒྲས་སྐབས་དོན་གསལ་བར་བྱེད་པ་དང་། གསུང་དབྱངས་སྙན་མོ་དྲི་ཟའི་རྒྱུད་མང་བཞིན་ལྟ་བུ་དཔེ་དོན་གསལ་བྱེད་ཀྱི་སྒྲས་སྐབས་དོན་གསལ་བར་བྱས་པ་ལྟ་བུས་མཚོན་ཚིག་ལ་གསལ་བྱེད་ཀྱི་སྒྲ་ལྡན་དགོས་ཤིང་། མིང་ལ་དེ་ལྟར་མི་དགོས་པའི་ཁྱད་པར་ཡོད་དོ།།

ཁྱད་ཆོས་གསུམ་པ། པ་བ་སོགས་ཀྱི་མིང་མཐའ་མེད་པ། པདྨའི་རང་མདངས་བཀླགས། མིང་ཚིག་གི་ཁྱད་པར་ལ་གསལ་ཁ་བཏོད། བཀའ་ཡང་དག་པའི་ཚད་མའི་གཞུང་ལ་དཔྱད་ལྟ་བུ་པ་བ་སོགས་ཀྱི་མིང་མཐའ་མེད་པས་ཚིག་ཏུ་གྲུབ་པ་ཡིན་ཏེ། མིང་དེ་དག་གི་མཐར་བཀླགས། བཏོད། དཔྱད་ལྟ་བུ་གསལ་བྱེད་ཀྱི་སྒྲ་སྦྱར་བས་བརྗོད་དོན་རྫོགས་པར་སྟོན་ནུས་པས་སོ། །དེ་ལྟར་མིན་པར་པདྨའི་རང་མདངས་བཀླགས་པ། མིང་ཚིག་གི་ཁྱད་པར་ལ་གསལ་ཁ་བཏོད་པ། བཀའ་ཡང་དག་པའི་ཚད་མའི་གཞུང་ལ་དཔྱད་པ་ལྟ་བུ་པ་བ་སོགས་ཀྱི་མིང་མཐའ་ཡོད་ན་མིང་དུ་གྲུབ་པ་ཡིན་ཏེ། སྐབས་བབ་ཀྱི་བརྗོད་དོན་རྫོགས་པར་སྟོན་མི་ནུས་པས་སོ།།

ཁྱད་ཆོས་བཞི་པ། བསྟན་བྱ་དོན་གྱི་ཁྱད་པར་རྫོགས་པར་སྟོན་པ། ཚིག་གིས་དོན་གྱི་ཁྱད་པར་བསྟན་པས་མི་ཚད་བསྟན་བྱའི་དོན་དེ་ཉིད་རྫོགས་པར་སྟོན་ནུས་པ་སྟེ། མེ་ཏོག་གི་དྲིའོ། །མེ་ཏོག་གི་དྲི་ཞིམ་ལྟ་བུ་ལ་མཚོན་ན། ཁྱད་གཞི་མེ་ཏོག་གི་ཁྱད་ཆོས་དྲི་དེ་ཉིད་མེ་ཏོག་གི་དྲི་ཡིན་པ་དང་། དྲི་དེ་ཉིད་ཞིམ་པོ་ཡིན་པ་བསྟན་བྱའི་དོན་རྫོགས་པར་སྟོན་པའོ། །མིང་ནི། མེ་ཏོག་གི་དྲི་ལྟ་བུ་ལ་མཚོན་ན་ཁྱད་གཞི་མེ་ཏོག་སྟེང་གི་ཁྱད་ཆོས་སམ་ཁྱད་པར་མེ་ཏོག་གི་དྲི་ཞེས་བསྟན་པ་ཙམ་ལས་བསྟན་བྱའི་དོན་དེ་རྫོགས་པར་མ་བསྟན་པས་མིང་དང་ཚིག་གཉིས་བསྟན་བྱའི་དོན་རྫོགས་པར་སྟོན་ནུས་མི་ནུས་ཀྱི་ཆ་ནས་ཁྱད་པར་ཆེའོ། །ཁྱད་པར་འདི་ནི་མིང་ཚིག་གི་ཁྱད་པར་འབྱེད་བྱེད་ནང་ནས་ཁྱད་པར་གསལ་ཤོས་སྟོན་ཐུབ་པའི་འབྱེད་ཆོས་གལ་ཆེན་ནང་གི་དོན་ཆེན་ཞིག་ཡིན་ནོ།།

ཁྱད་ཆོས་ལྔ་པ། གདངས་ཀྱི་འདེགས་འཇོག་གསལ་བ། ཁྱད་པར་འདི་ནི་གཙོ་བོ་ཀློག་ཚུལ་སྒྲ་གདངས་ཀྱི་ངོས་ནས་འཇོག་དགོས་པའི་ཁྱད་ཆོས་ཤིག་སྟེ། ཡི་གེ་རྣམས་ངག་ནས་ཀློག་པའི་ཚེ་གདངས་མཐོ་འདེགས་དམའ་འབེབས། བསྲིངས་བསྐུམ། མགྱོགས་བུལ་གྱི་ཆ་ནས་འཇོག་པ་སྟེ།

སྨྲ་བའི་སྒོ་མཚོན་ཆ་ལྟ་བུའི་འགྲེལ་པ་ལས།[18] ངེས་པའི་ཚིག་ནི་གསལ་ཞིང་འབྲུར་ཆགས་པའོ། །གསུངས་པ་ལྟར་ཚིག་གི་འདེགས་འཇོག་གསལ་ཞིང་། སྒྲ་དྲག་ཞན་བར་མ་སྣ་ཚོགས་ཀྱི་ཐོག་ནས་ཀྱང་གོ་བ་འདྲ་མིན་ལེན་ཆོག་པ་ཡོད། མིང་གི་སྒྲ་གདངས་ལ་དྲག་ཞན་བར་མར་འགྱུར་བ་མེད་པས། མིང་དང་ཚིག་གཉིས་གདངས་ཀྱི་རང་བཞིན་འགྱུར་མི་འགྱུར་གྱི་ཆ་ནས་ཀྱང་ཁྱད་པར་འབྱུང་ངོ་།།

མཇུག་སྡོམ།

མིང་ཚིག་གི་ཁྱད་པར་ལ་ད་དུང་ཡང་དབྱེ་བ་ཞིབ་ཏུ་ཕྱེ་ན་ཆོག་མོད། གོང་གི་ཁྱད་ཆོས་ལྔ་པོ་དེ་དག་ནི་མིང་ཚིག་གི་ཁྱད་པར་འབྱེད་བྱེད་སྔ་ན་མེད་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་ཞིང་། དེའི་ནང་ནས་ཀྱང་མིང་ཚིག་གི་ཁྱད་པར་འབྱེད་བྱེད་ཁྱད་ཆོས་བཞི་པ་བསྟན་བྱ་དོན་གྱི་ཁྱད་པར་རྫོགས་པར་སྟོན་ནུས་དང་མི་ནུས་པ་སྟེ། ཁྱད་ཆོས་འདི་ནི་མིང་ཚིག་གི་ཁྱད་པར་ལ་གསལ་ཁ་གཏོད་པའི་ཁྱད་ཆོས་གཙོ་ཆེ་ཤོས་ཤིག་ཏུ་མཐོང་བས། ཡང་ནས་བསྐྱར་དུ་ནན་ཏན་གྱི་ཚུལ་དུ་བཤད་ནས་མཇུག་བསྡུས་པའོ།།

དཔང་རྟགས་ཁུངས་ལུང་ཡིག་ཆ་འདི་ཙམ་ཞིག་གིས། །དེ་མིན་འདི་ཡིན་ཐག་གཅོད་ནུས་པ་མེད་ཀྱང་།།
ལག་ཏུ་སོན་པའི་དཔེ་ཆ་ཁུངས་ལྡན་ནང་ནས། །རྒྱུ་མཚན་བཙལ་ཏེ་གསལ་ཁ་ཅུང་ཙམ་བཏོད་དོ།།

བརྡ་སྤྲོད་རིག་པའི་ཐང་གཤོངས་ཅི་བས་ཆེ་ལ། །གནའ་དེང་མཁས་པའི་བཞུད་ལམ་དེ་བས་མང་བ།།
གང་ནས་གང་དུ་འགྲོ་བར་མི་ཤེས་གསར་བུས། །གོམ་པ་གང་དོ་ཙམ་ཞིག་སྤོ་བར་ཐལ་སོང་།།

སུ་ལའང་མ་འགྲོགས་གཅིག་པུར་འཚོ་བ་མེད་པས།།
གཅིག་ལ་གཅིག་བརྟེན་ཕན་ཚུན་མཉམ་འགྲོགས་བྱེད་པར།།
གོ་བརྡ་སྤྲོད་བྱེད་སྐད་དང་ཡི་གེ་ཡིན་ན།།
གཅེས་སྤྲས་བྱེད་པ་རང་དོན་རང་གཅེས་ལོས་ཡིན།།


[1]  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་པར་མ། ཆོས་ཀྱི་རྣམ་གྲངས། དེབ་གཟུགས། ཤོག་གྲངས། ༡༦ པར་གསལ།

[2]  དགའ་ལྡན་བྱང་རྩེ་པར་མ། དེབ་གཟུགས། ཤོག་གྲངས། ༦/ ༨ / ༡༠ བཅས་སུ་གསལ།

[3]  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་པར་མ། ᩶ᨓ᪠་ᨵཟུགས། ཤོག་གྲངས། ༢༤༢ པར་གསལ།

[4]  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་པར་མ། དེབ་གཟུགས། ཤོག་གྲངས། ༢༤༢ པར་གསལ།

[5]  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་པར་མ། དེབ་གཟུགས། ཤོག་གྲངས། ༢༧༠ པར་གསལ།

[6]  སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་གི་པར་མ། བརྡ་སྤྲོད་སྨྲ་བའི་རྒྱན། དེབ་གཟུགས། ཤོག་གྲངས། ༥༦ པར་གསལ།

[7]  སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་གི་པར་མ། བརྡ་སྤྲོད་སྨྲ་བའི་རྒྱན། དེབ་གཟུགས། ཤོག་གྲངས། ༨༥ པར་གསལ།

[8]  སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་པར་མ། ས་པཎ་མཁས་འཇུག་རྩ་འགྲེལ། དེབ་གཟུགས། ཤོག་གྲངས། ༦ པར་གསལ།

[9]  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་པར་མ། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད། དེབ་གཟུགས། ཤོག་གྲངས། ༩༧ པར་གསལ།

[10]  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་པར་མ། དེབ་གཟུགས། ཤོག་གྲངས། ༩༡ པར་གསལ།

[11]  དགའ་ལྡན་བྱང་རྩེ་པར་མ། དེབ་གཟུགས། ཤོག་གྲངས། ༧ པར་གསལ།

[12]  བོད་ཀྱི་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༡ པོར་གསལ།

[13]  སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་གི་པར་མ། བརྡ་སྤྲོད་སྨྲ་བའི་རྒྱན། དེབ་གཟུགས། ཤོག་གྲངས། ༤ པར་གསལ།

[14]  སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་གི་པར་མ། བརྡ་སྤྲོད་སྨྲ་བའི་རྒྱན། དེབ་གཟུགས། ཤོག་གྲངས། ༥༨ པར་གསལ།

[15]  སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་གི་པར་མ། བརྡ་སྤྲོད་སྨྲ་བའི་རྒྱན། དེབ་གཟུགས། ཤོག་གྲངས། ༩༠ པར་གསལ།

[16]  བོད་ཀྱི་དཔེ་མཛོད་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༡ པོར་གསལ།

[17]  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གི་པར་མ། དེབ་གཟུགས། ཤོག་གྲངས། ༢༧༢ པར་གསལ།

[18]  སྔ་འགྱུར་རིག་མཛོད་རྩོམ་སྒྲིག་ཁང་གི་པར་མ། བརྡ་སྤྲོད་སྨྲ་བའི་རྒྱན། དེབ་གཟུགས། ཤོག་གྲངས། ༩༠ པར་གསལ།

Share on facebook
Facebook
Share on twitter
Twitter
Share on linkedin
LinkedIn
Share on whatsapp
WhatsApp
Share on telegram
Telegram

དཔྱད་མཆན་སྤེལ།